སྲིད་འཛིན་ཞི་ཅིན་ཕིན་གྱི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེ་ནི་གནའ་སྔ་མོ་ཞིག་ནས་མགོ་བཙུགས་པ་ཞིག་ཡིན་ཞིང་། ལས་གཞི་དེ་ལ་ལོ་རྒྱུས་རང་བཞིན་གྱི་ནོར་འཁྲུལ་ཆེན་པོ་ལྔ་འབྱུང་སྲིད།
ཁུ་རེམ་ར་སི་ལན་(Karim Raslan)གྱིས་བརྩམས།
པདྨ་རྒྱལ་གྱིས་བསྒྱུར།
ང་ཚོས་ལྷོ་ཤར་ཨེ་ཤ་ཡ་གཙོས་པའི་རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་གྱི་བྱུང་རིམ་ལོ་རྒྱུས་ལ་བསྐྱར་དུ་དོགས་དཔྱོད་བྱེད་དགོས་པ་ཞིག་ཆགས་ཡོད།
སྲིད་འཛིན་ཞི་ཅིན་ཕིན་གྱིས་གནའ་བོའི་དར་གོས་ཚོང་ལམ་འཛུགས་སྐྲུན་ཐད་མིང་རྟགས་བསྡུ་རུབ་བྱས་པའི་ལས་གཞི་དེ་གནའ་སྔ་མོ་ཞིག་ནས་མགོ་བཙུགས་ཟིན་པ་ཞིག་རེད། ཉེ་ལམ་རྒྱལ་ས་པེ་ཅིན་ནང་ཚོགས་པའི་ “རྒྱུད་གཅིག་ལམ་གཅིག” གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ (BRFIC) ཞེས་པ་དེ་ནི་འུད་སྒྲོག་དང་བརྗིད་ཉམས་ཀྱིས་བསྡུས་ཡོད་ཀྱང་། གལ་ཏེ་ཀློག་པ་པོ་ཁྱེད་རང་གིས་རྒྱ་ནག་གི་དར་གོས་ཚོང་ལམ་གྱི་བྱུང་རིམ་སྣང་མེད་དུ་བཞག་ན་ནི། ཐེངས་འདིའི་ཚོགས་ཆེན་གྱི་དགེ་སྐྱོན་གཙོ་བོ་དག་མཐོང་མི་ཐུབ།
ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་དཔལ་འབྱོར་དབང་ཤུགས་འོག་མི་སྡོད་ཐབས་མེད་ཆགས་ཡོད་ཀྱང་། དཀྱིལ་ཤར་ཡུལ་གྲུ་དག་ལས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ལོ་རྒྱུས་ཀྱི་ངེས་ཤེས་ཟབ་མོ་ཞིག་རྙེད་དུ་འཇུག་སྲིད། མཚོ་ལམ་གཙོ་བོར་བཟུང་བའི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ཚོང་ལམ་འཛུགས་སྐྲུན་ལས་གཞི་དེ་རྒྱ་ནག་གི་དཔལ་འབྱོར་དར་རྒྱས་བྱུང་བའི་མིན་རྒྱལ་རབས་ (Ming dynasty 1368–1644) དང་། ཐང་རྒྱལ་རབས་ (Tang dynasty 618–907) དང་། ཧན་རྒྱལ་རབས་ (Han dynasty 206 BC–220 AD)བཅས་ཀྱི་སྐབས་ནས་རྒྱ་ནག་གི་དཔལ་འབྱོར་ཉམ་རྒུད་དུ་ཕྱིན་པའི་མན་ཇུའི་ཆིན་རྒྱལ་རབས་ (Manchu Qing dynasty 1644–1912) བར་དར་རྒུད་བྱུང་བ་ཞིག་རེད།
དེ་ཡང་ལོ་རྒྱུས་སྨྲ་བ་ལེན་ཁིན་ཕེ་ནི་ (Lincoln Payne) ལགས་ཀྱིས་བརྩམས་པའི <<དཔལ་ཡོན་དང་རྒྱ་མཚོ་>> (The Sea and Civilization) ཞེས་པའི་འཛམ་གླིང་མཚོ་ཐོག་སྐྱེལ་འདྲེན་སྐོར་གྱི་ལོ་རྒྱུས་དཔེ་དེབ་ཤོག་ངོས་ ༧༤༤ ནང་། འཛམ་གླིང་གི་དཔལ་ཡོན་ཐད་མཚོ་ཐོག་སྐྱེལ་འདྲེན་ལས་དཀའ་ཁག་ཅི་བྱུང་སྐོར་ལ་དཔྱད་ཞིབ་བྱས་ཡོད།
དར་རྒུད་ཆེ་བའི་རྒྱ་ནག་གི་མཚོ་ལམ་གྲོས་ཆོད་ཐད་ལ་ཀློག་པ་པོ་ཚོས་གནད་དོན་ལྔ་བཏོན་པ་གཤམ་གསལ་ལྟར་རེད།
གནད་དོན་དང་པོ། རྒྱ་ནག་དང་ལྷོ་ཤར་ཨེ་ཤ་ཡའི་བར་གྱི་འབྲེལ་ལམ་འོས་མཚམས་མིན་པ་དང་། དུས་རབས་མང་པོའི་རིང་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་དེ་མཐུན་བསྒྲིལ་ནས་ཁ་བྲལ་དུ་གྱུར་བ་དང་། སྐབས་རེར་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་ཆད་དེ་ལོ་ངོ་ལྔ་དྲུག་འགོར་བའང་བྱུང་ཡོད། ལོ་རྒྱུས་ལྟར་ན། མང་རྒྱལ་རབས་སྐབས་མཚོ་འགྲུལ་གྲུ་གཟིངས་མང་པོ་ཞིག་ལ་ཕྱི་རྒྱལ་གྱི་ཚོང་ཟོག་བཀག་སྡོམ་བྱེད་མཁན་ཚོས་རྗེས་འདེད་བཏང་ཡོད་པ་དང་། སྐབས་དེའི་རྒྱ་ནག་གི་གྲུ་དཔོན་གཙོ་བོ་ཀྲུང་ཧི་ (Zheng He 1405-1433) ཡིན་འདུག དེར་བརྟེན། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་དཔལ་འབྱོར་ཁེ་ལས་ལ་བརྟེན་ཐུབ་ཀྱི་མེད།
གནད་དོན་གཉིས་པ། རྒྱལ་ནང་གི་བརྟན་བརླིང་ལ་ཉེན་ཁ་ཆེ་བའི་སྐབས་སུ་རྒྱ་ནག་གི་མགོ་ཁྲིད་ཚོ་ཁ་བཤད་དོན་ལ་མི་གནས་བར་མཚོ་ཐོག་གི་ཐོན་ཁུངས་མང་པོར་བདག་བཟུང་བྱས་ཏེ་མཚོ་ཁུལ་གྱི་སྤྱི་མཛོད་ཁག་ལས་རང་བྱུང་ཐོན་རྫས་མང་པོ་དབོར་འདྲེན་བྱས་ཡོད། དེར་མ་ཟད། རྒྱ་ནག་གིས་མཐའ་མཚམས་ཁག་ནང་དྲག་ཆས་དམག་དཔུང་འགྲེམས་འཇོག་བྱས་ཏེ་རྩ་ཆེའི་རང་བྱུང་ཐོན་ཁུངས་སྔོག་འདོན་དང་དབོར་འདྲེན་བྱེད་བཞིན་པར་ནུབ་བྱང་གི་ཁྱིམ་མཚེས་རྒྱལ་ཁབ་གཉོམ་ཆུང་དག་གིས་ཡ་ལན་སྤྲོད་ཐུབ་ཀྱི་མེད། སྐབས་དེའི་རྒྱ་ནག་གི་ནང་སྲིད་ལས་དོན་བྱེད་ཕྱོགས་དེ་རིང་གི་ཞི་ཅིན་ཕིན་གྱི་སྲིད་ཇུས་དང་ཧ་ཅང་འདྲ་བོ་ཡོད།
གནད་དོན་གསུམ་པ་རྒྱ་ནག་གི་གལ་འགངས་ཆེ་བའི་གཙང་བོའི་ཐོན་ཁུངས་ཁག་ཡིན་པ་དང་། གཙང་བོའི་ཐོན་ཁུངས་དེ་དག་ནི་རྒྱ་ནག་ནང་ལོགས་ཀྱི་ཚོང་ལས་དང་བདེ་འཇགས་གནད་དོན་ལ་འབྲེལ་བ་དམ་ཟབ་ཡོད། དུས་རབས་མང་པོའི་རིང་རྒྱ་ནག་གིས་རྨ་ཆུ་ (Yellow River 黄河) དང་། འབྲི་ཆུ་ (Yangtze River 长江)། ཀྲུའུ་ཅང་གཙང་པོ་ (Pearl River 珠江) སོགས་ཆུ་ཆེན་ཁག་བཀག་བསྐྱིལ་དང་། ཡུར་འདྲེན་ཆེན་པོ་བྱས་ཡོད། གཙང་བོ་ཆེན་པོ་དེ་དག་ལ་ཆུ་རགས་དང་ཆུ་ལམ་འཛུགས་སྐྲུན་བྱས་ཏེ། མངའ་ཁོངས་མང་པོ་གཅིག་གྱུར་བཟོ་ཐབས་བྱས་ཡོད་ལ། སྐབས་དེའི་ཆུ་ལམ་གཙོ་ཆེ་ཤོས་དེ་ཏ་ཡིན་གཙང་པོ་ (Grand Canal大运河) ཞེས་པ་དེ་རེད། ཆུ་ལམ་ཆེན་པོ་དེ་རྒྱ་ནག་ལྷོ་རྒྱུད་ཀྱི་ཞིང་ལས་ས་ཁུལ་ནས་ནུབ་རྒྱུད་ཀྱི་རྒྱལ་ས་པེ་ཅིན་བར་འཛུགས་སྐྲུན་བྱས་ཡོད།
སྤྱི་ལེ་ ༣༦.༤ རིང་འཛུགས་སྐྲུན་བྱས་པའི་ལིན་ཅི་ཆུ་ལམ་ (Lingqu Canal灵渠) ཞེས་པ་དེ་ནི་ཕྱི་ལོའི་སྔོན་གྱི་ལོ་ ༢༡༤ ནས་ ༢༡༩ ནང་འཛུགས་སྐྲུན་བྱས་པ་ཞིག་རེད། ཆུ་ལམ་དེ་འཛུགས་སྐྲུན་བྱས་པའི་བརྒྱུད་རིམ་ཁྲོད་མི་མང་བགྲང་ལས་འདས་པའི་ཚེ་སྲོག་ཤོར་ཡོད། འོན་ཀྱང་། ཆུ་ལམ་དེ་འཛུགས་སྐྲུན་བྱས་པའི་དགོས་པ་རྒྱུ་མཚན་གསལ་ཁ་མེད། ལིན་ཅི་ཆུ་ལམ་ཞེས་པ་དེ་འབྲི་ཆུ་དང་ཀྲུའུ་ཅང་གཙང་པོ་སོགས་ལ་གཏུགས་ཤིང་། ཆུ་ལམ་དེ་ལ་བརྟེན་ཏེ་དུས་སྐབས་དེའི་རྒྱལ་ས་ཁྲང་ཨན་ (Chang’an长安) ནས་ཀུང་ཀྲུག་གྲོང་ཁྱེར་ (Guangzhou廣州) བར་གྲུ་ཐོག་ནས་འགྲུལ་སྐྱོད་བྱེད་ཀྱི་ཡོད་པ་དང་། རྒྱལ་ས་ཁྲང་ཨན་དང་ཀུང་ཀྲུག་གྲོང་ཁྱེར་བར་སྤྱི་ལེ་ ༢༠༠༠ ལྷག་ཡོད། དུས་སྐབས་དེར་གཙང་བོའི་ཐོག་འགྲུལ་སྐྱོད་བཟོ་ལས་ལག་རྩལ་དར་ཁྱབ་ཆེན་པོ་བྱུང་སྟེ། དུས་སྐབས་དེའི་རྒྱ་ནག་གི་མཚོ་ཐོག་སྐྱེལ་འདྲེན་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཡོད་ལ། ཚོང་ལས་དེ་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་དུས་རབས་མང་པོར་རྒྱུན་གནས་བྱུང་ཡོད།
གནད་དོན་བཞི་བ། མེ་འཁོར་མ་བྱུང་སྔོན་ལ་མཚོ་རླུང་རྒྱུ་ཕྱོགས་དང་བསྟུན་ཏེ་མཚོ་ཐོག་སྐྱེལ་འདྲེན་ཧ་ཅང་གལ་ཆེན་ཆགས་ཡོད། དགུན་ཁ་སྐམ་ས་མཚོ་ཁུལ་ལས་གྲང་བ་དང་། བྱང་ཤར་གྱི་མཚོ་རླུང་དེ་རྒྱ་ནག་དང་ཉི་ཧོང་གི་ལྷོ་ཕྱོགས་ནས་ལྡང་གི་ཡོད། དབྱར་ཁ་སྐམ་སར་དྲོད་ཁོལ་རྒྱས་སྐབས་ལྷོ་ཕྱོགས་ཀྱི་རླུང་ཤུགས་ཇེ་ཆེར་ཕྱིན་ཏེ་ཆར་རྒྱུན་དྲག་པོ་འབྱུང་གི་ཡོད། སྐབས་དེའི་ཆར་རླུང་རྒྱུ་ཕྱོགས་དང་བརྟེན་ཏེ་རྒྱ་ནག་དང་ལྷོ་ཤར་ཨེ་ཤ་ཡའི་བར་མཚོ་ཐོག་སྐྱེལ་འདྲེན་བྱུང་བ་རེད། ཡིན་ནའང་དུས་སྐབས་དེར་ཚོང་པ་མང་པོ་ཞིག་གིས་རྒྱ་གར་གྱི་ཉོ་ཚོང་ལྟེ་གནས་མཱ་ལ་བྷར་ (Malabar)གྲུ་ཁ་དང་། ལྷོ་ཤར་ཨེ་ཤ་ཡའི་གྲུ་ཁ་གཞན་དག་ནང་ཉོ་ཚོང་བྱེད་འདོད་ཡོད་ཀྱང་། རྒྱ་གར་རྒྱ་མཚོའི་མཚོ་རླུང་སྙོམ་པོ་མེད་པར་དུས་ཡུན་རིང་བོར་སྒུག་དགོས་ཀྱི་ཡོད་སྟབས་རྒྱ་དཀར་ནག་བར་གྱི་མཚོ་ཐོག་ཚོང་ལམ་དལ་མོ་ཡིན།
རྒྱ་ནག་རྒྱ་མཚོའི་མཚོ་རླུང་སྙོམ་པོ་ཡོད་སྟབས་རྒྱ་ནག་གི་ཚོང་པ་མང་པོས་ལྷོ་ཤར་ཨེ་ཤ་ཡར་ཚོང་ལམ་བཏོད་ཐུབ་ཡོད་ཀྱང་། སྐབས་དེར་རྒྱ་ནག་གི་ཚོང་པ་དེ་ཚོ་ལྷོ་ཤར་ཨེ་ཤ་ཡ་ནས་ཕྱིར་རྒྱ་ནག་གི་གྲོང་ཁྱེར་ཀུང་ཀྲུག་དང་ཆིན་ཀྲུག་བཅས་ཀྱི་གྲུ་ཁར་འབྱོར་བར་ཟླ་ཤས་འགོར་གྱི་ཡོད། སྐབས་དེར་རྒྱ་ནག་གི་ཚོང་པ་ཚོས་ལྷོ་ཤར་ཨེ་ཤ་ཡའི་ཉོ་ཚོང་གྲུ་ཁ་ཁག་ཏུ་ཚོང་ཟོག་ཉོ་ཚོང་བྱེད་པ་དང་ངལ་གསོ་བ། དེའི་རྗེས་ཕྱིར་རང་ཡུལ་དུ་ལོག་འགྲོ་གི་ཡོད་ལ། ཁོ་ཚོས་ཉོ་ཚོང་གྲུ་ཁ་དེ་དག་བཙན་བཟུང་རྩ་བ་ནས་བྱས་མྱོང་མེད། སྐབས་དེར་ཕོར་ཆི་གྷུལ་ (Portugal) དང་ཧོ་ལན་ཌི་ (Holland)། དབྱིན་ཇི་ (British) བཅས་ཀྱི་ཚོང་པ་ཚོས་དྲག་ཤུགས་ལ་བརྟེན་ཏེ་ལྷོ་ཤར་ཨེ་ཤ་ཡའི་ཉོ་ཚོང་གྲུ་ཁ་མང་པོ་བཙན་བཟུང་བྱས་ཡོད།
དོན་དངོས་སུ་དུས་རབས་ ༡༡ ནས་ ༡༢ བར་རྒྱ་ནག་ལྷོ་ཤར་གྱི་ཧྥི་ཅན་སྐད་རིགས་བཤད་པའི་མི་མང་ (Hokkien福建話) ལ་མཚོ་ཐོག་སྐྱེལ་འདྲེན་ལ་བརྟེན་ནས་ཁེ་ཕན་ཆེན་པོ་ཐོབ་ཡོད་པ་དང་། དེ་ནི་རྒྱ་ནག་སོང་ལྷོ་མའི་ (Song Dynasty 960–1279) དུས་སྐབས་ཡིན་པ་དང་། དེ་ལ་རྒྱ་ནག་གིས་དེང་སྐབས་ཧང་ཀྲུའུ་ (Hangzhou) ཞེས་འབོད་ཀྱི་ཡོད། ཕྱིས་སུ་རྒྱ་ནག་གི་མཚོ་འགྲུལ་རིག་རྩལ་དང་ཁེ་ལས་རིག་རྩལ་འཕེལ་རྒྱས་ཕྱིན་པ་དང་། ཁོ་ཚོས་ལྷོ་ཤར་ཨེ་ཤ་ཡ་ནས་ཤར་ཨ་ཧྥི་རི་ཁ་ (East Africa) དང་། ནུབ་ཏ་ཟིག་མཚོ་ཁུག་ (Gulf of Persia) བར་གྱི་ཚོང་ཟོག་སྐྱེལ་འདྲེན་ཁེ་ལས་ལ་དབང་བསྒྱུར་བྱས་ཡོད།
གནད་དོན་ལྔ་བ། ལྷོ་ཤར་རྒྱུད་ཀྱི་རྒྱ་རིགས་བསམ་བློ་བ་ཚོས་སྐབས་དེའི་མཚོ་ཐོག་ཁེ་ལས་ལ་སྐྱོན་བརྗོད་བྱས་པ་དང་། ཁོ་ཚོ་མང་ཆེ་བ་ཁུང་ཙིའི་རིག་གནས་རྒྱུན་འཛིན་པ་ཡིན་འདུག རྒྱ་ནག་གི་རྩོམ་རིག་ཁྲོད་དུ་ཁུང་ཙིའི་ལེགས་བཤད་ཅིག་དྲང་བའི་ནང་། “མི་བཟང་དྲང་བདེན་ལ་གོམས། མི་ངན་ཁེ་བཟང་ལ་གོམས” ཞེས་ཟེར་སྲོལ་ཡོད་འདུག ཁུང་ཙིའི་སྐབས་ཀྱི་མཁས་པ་དང་དཔོན་པོ་ཚོས་མཱན་རྒྱལ་རབས་ལ་གཡོ་འགུལ་ཆེན་པོ་བསླངས་ཏེ། སྐབས་དེའི་རྒྱ་ནག་གི་ཚོང་འབྲེལ་དང་ཕྱི་འབྲེལ་ཉམ་རྒུད་ཕྱིན་ཡོད། དེར་མ་ཟད། ནང་བསྟན་ཆོས་ལུགས་ཀྱིས་ཁུང་ཙིའི་ལུགས་དང་དབང་ཤུགས་ལ་འགྲན་ཆེན་པོ་བསླངས་ཡོད་པ་དང་། ནང་བསྟན་ཆོས་ལུགས་ཡང་དུས་སྐབས་དེའི་མཚོ་ལམ་བརྒྱུད་ནས་དར་རྒྱས་བྱུང་བ་ཞིག་རེད། རྒྱ་ནག་གིས་ལྷོ་རྒྱུད་ཚོང་ལས་ལ་དབང་བསྒྱུར་བྱས་བའི་ཐད། གཅིག་བྱས་ན་ནང་བསྟན་ཆོས་ལུགས་དང་ཁུང་ཙིའི་ལུགས་གཉིས་བར་གྱི་འགལ་བ་དེས་རྒྱ་ནག་གི་ཁེ་ལས་ལ་ཡིད་རྟོན་མེད་པ་གསལ་སྟོན་བྱས་ཡོད་སྲིད།
ཕྱི་ལོའི་དུས་རབས་དགུ་བ་དང་བཅུ་པའི་ནང་རྒྱ་དཀར་ནག་བར་གྱི་ཚོང་ལས་དེ་ཆོས་ལུགས་དར་སྤེལ་གྱི་ངོ་བོར་གྱུར་བ་དང་། ནང་བསྟན་ཆོས་ལུགས་ལ་བརྟེན་ནས་ཆུ་བོ་གངྒྰའི་རྒྱུད་ཀྱི་ཎ་ལེན་ཊ་དང་རྒྱ་ནག་གཉིས་བར་གྲྭ་བའི་འགྲོ་འོང་མང་པོ་བྱུང་ཡོད། དེ་ལ་བརྟེན་ནས་ལྷོ་ཤར་ཨེ་ཤ་ཡར་འབྲེལ་ལམ་དར་རྒྱས་བྱུང་བ་དང་། ལྷག་པར་དུ་སུ་མ་ཊ་རན་ (Sumatran) གྲུ་ཁའི་གྲོང་ཁྱེར་ས་རེ་ཝེ་ཇ་ཡཱ་ (Srivijaya) ནས་ཆོས་དཔེ་དང་སྐུ་འདྲ་མང་པོ་རྒྱ་ནག་ནང་སྐྱེལ་འདྲེན་བྱས་ཡོད། འོན་ཀྱང་། སྐབས་དེའི་ཁུང་ཙིའི་མཁས་པ་དང་དཔོན་པོ་ཚོས་ཙན་དན་དང་ལི་ཤི། རུས་སྦལ་ཀྱི་པགས་པ། བསེ་རུའི་རྭ་ཅོ་སོགས་ཀྱི་ཚོང་ཟོག་ནང་འདྲེན་ལ་སྐྱོན་བརྗོད་བྱེད་ཅིང་། ཁོ་ཚོས་ཚོང་ཟོག་དེའི་རིགས་ནི་མཁོ་མེད་དུ་མཐོང་གི་ཡོད།
རྒྱ་ནག་གིས་དར་གོས་དང་རྫ་མ་སོགས་ཀྱི་ཚོང་ཟོག་ནང་འདྲེན་བྱས་པ་དང་། ཟངས་ཀྱི་འདོགས་ཆའི་རིགས་ཀྱི་ཚོང་ཟོག་ཕྱིར་འདྲེན་བྱས་པ་དེས་རྒྱ་ནག་གི་དཔལ་འབྱོར་འཚོལ་སྒྲུབ་ལ་ཉམ་རྒུད་ཆེན་པོ་ཐེབས་ཡོད། དེར་བརྟེན། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་འཁོར་རྒྱུག་དེ་རྒྱལ་སྤྱི་རང་བཞིན་ཆགས་རྒྱུ་དང་། རྒྱ་ནག་ནི་གླིང་ཆེན་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་ཆགས་རྒྱུར་རེ་བ་བརྒྱབ་ན་ནོར་འཁྲུལ་ཡིན། ད་ཆར་སྐུ་ཞབས་ཞི་ཅིན་ཕིན་གྱི་འོས་འགན་ལ་མ་ལྟོས་པར། སྐུ་ཞབས་ཞི་ལགས་ནི་རྒྱལ་སྤྱིའི་དཔལ་འབྱོར་གྱི་རྒྱུ་ལམ་དང་རྒྱལ་སྤྱིའི་དབུ་ཁྲིད་ལྟ་བུ་ཞིག་དང་། ཊི་རུམ་ཕི་ནི་གློག་བརྙན་དང་བརྙན་འཕྲིན་བརྒྱུད་ལམ་གྱི་འཁྲབ་སྟོན་པ་ཞིག་ལས་གཞན་ཅི་ཡང་མིན་པའི་གླེང་སློང་ཡོང་གི་ཡོད།
ཕྱོགས་གཞན་ཞིག་ནས་བཤད་ན། ད་སྐབས་རྒྱ་ནག་གི་གཞུང་ལམ་དང་ལྕགས་ལམ། གྲུ་ཁ་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་ཁེ་ལས་དེ་དག་ནི་རབ་རིབ་མག་མོག་ཅིག་ཏུ་གྱུར་ཡོད་ཀྱང་གནད་དོན་དེ་ཐེར་འདོན་བྱེད་མཁན་ཧ་ཅང་དཀོན་པོ་ཡིན། དོན་དངོས་སུ་རྒྱ་ནག་གིས་བུ་ལོན་མེད་པ་དང་འདྲ་མཉམ་མིན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་ཀྱི་ཡོད་ཀྱང་། སྤྱི་ཚོགས་དེ་རྒྱ་ནག་གི་མི་འབོར་གྱི་ས་ཡོམ་ལ་བརྟེན་ནས་བརྡིབ་སྐྱོན་འབྱུང་ངེས་རེད། རྒྱུ་མཚན་ནི། ད་ལྟའི་རྒྱ་ནག་ནི་འདས་པའི་ལོ་ངོ་བཅུ་ཕྲག་རིང་གི་འཆར་ལྡན་བུ་སྐྱེས་སྲིད་ཇུས་ལ་བརྟེན་ནས་རྩ་བ་ཚུགས་ཡོད་ལ། དེ་ལ་བརྟེན་ཏེ་རྒྱ་ནག་གི་མི་འབོར་ལ་གཡོ་འགུལ་ཐེབས་བཞིན་ཡོད།
དར་གོས་ཚོང་ལམ་གྱི་བྱུང་རིམ་ལོ་རྒྱུས་ནི་རྒྱ་ནག་གི་དཔལ་འབྱོར་དར་རྒུད་ཀྱི་དཔྱད་གཞི་ལེགས་པོ་ཞིག་ཡིན་འདུག
ཧྲང་ཧེ་གྲོང་ཁྱེར་ནང་ཡོད་པའི་ནེའུ་ཡོག་དུས་གསར་ཁང་གི་འགན་འཛིན་སྐུ་ཞབས་ཧྥ་རིན་ཆི་ (Howard French) ལགས་ཀྱི་བརྩམས་ཆོས་ <<གནམ་འོག་གི་ཡོད་ཚད་དེ། གནའ་བོའི་དར་གོས་ཚོང་ལམ་གྱིས་རྒྱ་ནག་གི་དཔལ་འབྱོར་དེ་རྒྱལ་སྤྱི་རང་བཞིན་དུ་སྐུལ་འདེད་གཏོང་བའི་ཐད་ལ་རམ་འདེགས་བྱེད་ཐབས།>> (Everything Under the Heavens: How The Past Helps Shape China’s Push for Global Power) ཞེས་པ་དེས་རྒྱ་ནག་གི་དཔལ་འབྱོར་དར་རྒུད་ཀྱི་དཀའ་སྡུག་འགྲེལ་བཤད་གསལ་བོ་བརྒྱབ་ཡོད།
སྐུ་ཞབས་ཧྥ་རིན་ཆི་ལགས་ཀྱི་དཔེ་དེབ་ནང་། རྒྱ་ནག་གི་མི་འབོར་འཕེལ་ཚད་སྐོར་ལ་ ༢༠༢༠ ལོའི་བར་རྒྱ་ནག་གི་བྱིས་པ་སྐྱེས་ཚད་བརྒྱ་ཆ་ ༡.༥༡ ཆགས་ཏེ། རྒྱ་ནག་གི་ལས་གནས་ཁག་ཏུ་ལས་ཀ་བྱེད་མཁན་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། ༢༠༥༠ ལོའི་ནང་རྒྱ་ནག་གི་ལས་གནས་ཁག་ཏུ་ལས་ཀ་བྱེད་མཁན་རང་ལོ་ ༤༩ ཅན་མང་དུ་འགྲོ་རྒྱུ་ཡིན་པ་བསྟན་ཡོད། དེར་བརྟེན། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་མ་ཕྱིན་སྔོན་ལ་རྒྱ་ནག་གི་མི་རབས་གསར་བ་ཇེ་ཉུང་དུ་ཕྱིན་ཏེ་རྒྱ་ནག་དེ་མི་རབས་རྒན་པར་བརྟེན་དགོས་ཞིག་ཆགས་ན། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་རྒྱལ་སྤྱི་རང་བཞིན་ཆགས་པའི་ནུས་སྟོབས་ཉམ་རྒུད་དུ་འགྲོ་ངེས་ཡིན།
༢༠༥༠ ནང་རྒྱ་ནག་གི་ལས་གནས་སུ་ལས་ཀ་བྱེད་མཁན་རང་ལོ་ ༦༥ ཅན་ས་ཡ་ ༣༢༩ ཟིན་རྒྱུ་ཡིན་པ་དང་། གྲངས་ཚད་དེ་ནི་དེང་གི་ཧྥ་རན་སི་དང་འཇར་མན། ཉི་ཧོང་དང་དབྱིན་ཇི་བཅས་ཀྱི་མི་འབོར་ལྟ་བུ་ཞིག་ཆགས་ཡོད། དེར་བརྟེན། རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་བརྟེན་ཏེ། རྒྱ་ནག་གི་རྒྱུ་ཤུགས་འཕེལ་སྲིད་ནའང་རྒྱ་ནག་གི་མི་ཤུགས་འགྱེད་ལ་ཉེ་བའི་སྣང་ཚུལ་དེར་དུས་ནམ་ཡང་གཡོལ་ཐབས་མེད།
མ་རྩོམ་འབྲེལ་ཐག http://www.scmp.com/week-asia/opinion/article/2095326/opinion-ignore-silk-road-hubris-china-will-grow-old-it-gets-rich