རྒྱ་མིའི་ཡུལ་སྐོར་སྤྲོ་འཆམ་པ་གཉིས་ཀྱིས་འཇར་མན་རྒྱལ་ས་བྷར་ལིན་དུ་ནཱ་ཛི་ཧེ་ཐི་ལར་གྱི་གུས་འདུད་ཞུ་སྟངས་བྱེད་བཞིན་པ་སྐོར་སྲུང་ཉེན་རྟོག་པས་མཐོང་སྟེ་ཁོང་འཛིན་བཟུང་གིས་ཨ་སྒོར་ ༦༠༠ རེའི་ཉེས་ཆད་བཏང་ཡོད་འདུག
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་ནས་འཇར་མན་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་བའི་རྒྱ་མི་གཞོན་སྐྱེས་གཉིས་ཀྱིས་འཇར་མན་རྒྱལ་ས་བྷར་ལིན་གྱི་གྲོས་ཚོགས་མདུན་ཐང་དུ། འཇར་མན་གཞུང་གིས་བཀག་སྡོམ་བྱས་ཡོད་པའི་ནཱ་ཛི་ཚོགས་པའི་གུས་འདུད་ཞུ་ཚུལ་བྱེད་བཞིན་པ་ས་གནས་སྐོར་སྲུང་བས་མཐོང་སྟེ་ཁོང་གཉིས་འཛིན་བཟུང་བྱས་ཡོད་ཀྱང་། རྗེས་སུ་རྒྱ་མི་དེ་གཉིས་བཙོན་གྲོལ་ཁག་ཐེག་(Bail)ལ་ཨ་སྒོར་ ༦༠༠ རེ་སྤྲད་དེ་ཀློད་གྲོལ་བཏང་ཡོད་འདུག
འཇར་མན་གཞུང་གིས་ཧེ་ཐི་ལཱར་(Hitler)དང་། ན་ཛི་ཚོགས་པའི་ཞེ་སྡང་གི་གཏམ་བཤད། དེ་དང་འབྲེལ་བའི་མཚོན་རྟགས་རིགས་བེད་སྤྱོད་བྱེད་པའམ་ལད་མོས་བྱས་ཚེ་ཁྲིམས་འགལ་ཡིན་པ་གཏན་འབེབས་བྱས་ཡོད་འདུག
སྐོར་སྲུང་བས་བརྗོད་པ་ལྟར་ན། ད་ལྟ་རྒྱ་མི་དེ་གཉིས་ལ་ཁྲིམས་ཐག་བཅད་མེད་པ་དང་། ཁྲིམས་ཐག་བཅད་ཚེ་དངུལ་གྱི་ཉེས་ཆད་ད་དུང་འཕར་སྲིད་པ་མ་ཟད། བཙོན་འཇུག་ལོ་གསུམ་ལྷག་ཕོག་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་འདུག
དེ་གའི་སྐོར་སྲུང་བའི་མགྲིན་ཚབ་པ་བུད་མེད་ཅིག་གིས་གསར་འགོད་པར། ད་ལྟ་རྒྱ་མི་དེ་གཉིས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་བཞིན་པའི་གནས་སྐབས་སུ་ཁོ་གཉིས་འཇར་མན་ཕྱི་ལོགས་སུ་སྐྱོད་ཆོག་པ་དང་། གལ་སྲིད་ཁྲིམས་ཐག་བཅད་དེ་དངུལ་གྱི་ཉེས་ཆད་བཏང་བ་ཡིན་ན་བཙོན་གྲོལ་ཁག་ཐེག་དངུལ་གྱིས་འགྲིག་འགྲོ་སྐོར་བརྗོད་འདུག
ཕྱི་ཚེས་ ༥ ཉིན་རྒྱ་མི་དེ་གཉིས་ཀྱིས་གཅིག་གིས་གཅིག་ལ་རང་ཉིད་ཀྱི་ཁ་པར་པར་ཆས་བེད་སྤྱོད་བྱས་ཏེ་འཇར་མན་གྲོས་ཚོགས་མདུན་ཐང་དུ་འཇར་མན་གཞུང་གིས་བཀོག་སྡོམ་བྱས་ཡོད་པའི་མཚོན་རྟགས་དེ་དག་གི་ལད་མོས་བྱེད་བཞིན་ཕན་ཚུན་ལ་པར་བརྒྱབ་ཡོད་འདུག
གསར་འགོད་པ། ཉི་མ་ཚེ་རིང་།