རྒྱ་གར་གྱི་ཁུ་ཚུར་རྩལ་འགྲན་པ་ཝི་ཇན་ཌར་ལགས་སུ་ཨེ་ཤ་ཡ་རྒྱལ་སྤྱིའི་ཁུ་ཚུར་འགྲན་བསྡུར་ཁྲོད་རྩེ་ཕུད་སྐེད་བཅིང་ཐོབ་ཡོད་ཀྱང་། ཁོས་རྒྱ་དཀར་ནག་གི་ས་མཚམས་རྩོད་སྙོག་ཞི་བདེ་འགྲིག་མཐུན་ཡོང་ཐབས་སུ་སྐེད་བཅིང་དེ་ཕྱིར་རྒྱ་ནག་གི་རྩལ་འགྲན་པར་སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་ཨོ་ལམ་ཕིག་(Olympic)ཁུ་ཚུར་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་བླངས་མྱོང་མཁན་རྒྱ་གར་གྱི་ཁུ་ཚུར་རྩལ་འགྲན་པ་སྐུ་ཞབས་ཝི་ཇན་ཌར་སིང་(Vijender Singh)ལགས་ཀྱིས། ཟླ་འདིའི་ཚེས་ ༥ ཉིན་རྒྱ་གར་གྱི་གྲོང་ཁྱེར་མཱོམ་བྷེ་རུ་ཨེ་ཤ་ཡ་རྒྱལ་སྤྱིའི་ཁུ་ཚུར་འགྲན་བསྡུར་ཚོགས་པའི་སྟེང་། རྒྱ་ནག་གི་ཁུ་ཚུར་རྩལ་འགྲན་པ་སྐུ་ཞབས་རྫུལ་ཕི་ཁར་མཱ་མཱ་ཊ་ལེ་(Zulpikar Maimaitiali)ལགས་ཕམ་ཉེས་བཏང་སྟེ་ཨེ་ཤ་ཡའི་ཁུ་ཚུར་འགྲན་བསྡུར་བར་མའི་རྩེ་ཕུད་རྒྱལ་ཁ་བླངས་ཡོད་ཀྱང་། སྐབས་དེར་ཁོང་གིས་རྒྱ་དཀར་ནག་བར་གྱི་ད་ལྟའི་ས་མཚམས་རྩོད་སྙོག་ཁྲོད་ཞི་བདེ་འགྲིག་མཐུན་ཡོང་ཐབས་སུ་རང་ཉིད་ལ་ཐོབ་པའི་སྐེད་བཅིང་དེ་ཕྱིར་རྒྱ་ནག་གི་རྩལ་འགྲན་པ་རྫོལ་ཁར་མཱ་མཱ་ལ་སྤྲད་དེ་རྒྱ་ནག་དང་རྒྱ་གར་བར་ཞི་བདེ་མཛའ་མཐུན་ཡོང་དགོས་སྐོར་བརྗོད་ཡོད་འདུག
རྒྱ་ནག་དང་རྒྱ་གར་བར་འདི་ལོའི་ཕྱི་ཟླ་ ༡ པོ་ནས་བཟུང་ས་མཚམས་ཁག་ཅིག་ནང་རྩོད་སྙོག་འབྱུང་བཞིན་ཡོད་པ་དང་། ཐོག་མར་རྒྱ་ནག་མཐོ་སྒང་རྒྱ་གར་ལྟར་ན་འབྲོག་ལམ་དང་རྒྱ་ནག་གིས་ཏོན་ལཱ་ཞེས་འབོད་པའི་རྒྱ་དཀར་ནག་གི་ས་མཚམས་ལས་བརྒལ་ཏེ། གཞུང་ལམ་འཛུགས་སྐྲུན་མགོ་འཛུགས་བྱས་སྐབས། ལྡི་ལི་གསར་བས་རྒྱ་ནག་གི་ལམ་ཁ་འཛུགས་སྐྲུན་བཀག་འགོག་བྱས་སྟབས་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་སྙོག་དེ་བྱུང་ཡོད་པ་རེད།
ལོ་ན་ ༣༡ ཡིན་པའི་ཝི་ཇན་ཌར་ལགས་ཐེངས་འདིར་རྒྱ་གར་གྲོང་ཁྱེར་མཱོམ་བྷེ་རུ་ཨེ་ཤ་ཡ་རྒྱལ་སྤྱིའི་ཁུ་ཚུར་འགྲན་བསྡུར་ཁྲོད་མདུན་སྐྱོད་ཆེན་པོ་བྱས་ཡོད་པར། རྒྱ་གར་རྒྱལ་ཡོངས་སུ་ཁོང་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད་ཀྱང་། མི་ཁག་ཅིག་གིས་ཝི་ཇན་ཌར་གྱིས་ཁུ་ཚུར་གྱི་གཟེངས་རྟགས་སྐེད་བཅིང་རྒྱ་ནག་ལ་སྤྲད་དེ་ཕམ་ཁ་འཁུར་བ་དེར་འདོད་བློ་ཁེངས་ཀྱི་མེད་པའི་གླེང་སློང་ཡང་བྱུང་ཡོད་འདུག
རྒྱ་གར་གྱི་ལུས་སྦྱོང་སློབ་དཔོན་བྷ་བྷ་རམ་ཌི་བི་(Baba Ramdev)ལགས་ཀྱིས་སྤྱི་ཚོགས་བརྒྱུད་ལམ་ཊི་ཝེ་ཊིར་སྟེང་ “རྒྱ་ནག་གིས་མཱོམ་བྷེ་རུ་ཨེ་ཤ་ཡ་རྒྱལ་སྤྱིའི་ཁུ་ཚུར་འགྲན་བསྡུར་ཁྲོད་ཕམ་ཁ་ཁུར་ཡོད་པ་བཞིན་འབྲོག་ལམ་ཡང་དེ་ལྟར་ཤོར་ངེས་ཡིན་”ཞེས་འཁོད་ཡོད་འདུག
ད་ལྟ་རྒྱ་ནག་གི་ཁུ་ཚུར་རྩལ་འགྲན་པས་སྐེད་བཅིང་དེ་ཕྱིར་ལེན་རྒྱུ་ཡིན་མིན་བརྡ་ལན་སྤྲད་མེད། ཁུ་ཚུར་འགྲན་བསྡུར་གྱི་སྒྲིག་ཁྲིམས་ལྟར་ན་སྐེད་བཅིང་ཕྱིར་ལེན་ཆོག་གི་ཡོད་འདུག
རྒྱ་དཀར་ནག་བར་གྱི་རྩོད་སྙོག་ཆེ་བའི་ས་མཚམས་དེ་རྒྱ་གར་ལྷོ་ཤར་འབྲས་ལྗོངས་མངའ་སྡེ་དང་འབྲུག་ཡུལ། དེ་བཞིན། རྒྱ་ནག་བཅས་ཀྱི་ས་མཚམས་ཤིག་ཏུ་ཁེལ་ཡོད་པ་དང་། ད་ལྟའི་ཆར་ས་མཚམས་དེ་རྒྱ་ནག་དང་འབྲུག་ཡུལ་བར་གྱི་རྩོད་སྙོག་ཅིག་ཆགས་ཡོད་ཅིང་། རྒྱ་གར་གཞུང་གིས་ས་མཚམས་དེའི་བདག་དབང་འབྲུག་ཡུལ་ལ་ཡོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད།
རྒྱ་གར་གཞུང་གི་སེམས་ཁྲེལ་ནི་གལ་སྲིད་རྒྱ་ནག་གིས་ས་མཚམས་དེར་ལམ་ཁ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ན། མ་འོངས་པར་རྒྱ་གར་གྱི་བྱ་སྐེ་(Chicken’s Neck)སྲིད་ཇུས་ཏེ། རྒྱ་གར་ལྷོ་ཤར་མངའ་སྡེ་བདུན་དང་རྒྱ་གར་དབུས་གཞུང་གཉིས་བར་འབྲེལ་མཐུད་བྱེད་པའི་ས་ཆ་ལེ་བར་ ༡༢ ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་སྲིད་པའི་ཉེན་ཁ་ཡོད་པར་ཞེད་སྣང་བྱེད་བཞིན་ཡོད།
བདུན་ཕྲག་སྔོན་མའི་རེ་གཟའ་ཕུར་བུའི་ཉིན་རྒྱ་ནག་བདེ་སྲུང་བློན་ཆེན་གྱིས་རྒྱ་གར་ལ་ཉེན་བརྡ་བཏང་སྟེ་རྒྱ་དམག་རྩོད་སྙོག་ཆེ་བའི་ས་མཚམས་དེ་ནས་ཕྱིར་འཐེན་བྱེད་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།
Vijay Singh གི་རྒྱལ་སྤྱིའི་ཨོ་ལམ་ཕིག་[Olympic] ཏུ་གསེར་གྱི་རྟགས་མ་ཐོབ་མེད། ཟངས་སམ་ལི་ཡི་རྟགས་མ་[Bronze Medel] ཐོབ་ཡོད།
བོད་ཀྱི་ས་མཚམས་ཤིག་ཡིན་པ་ལས་རྒྱ་ནག་གི་ས་མཚམས་ཤིག་གང་ན་ཡོད་རེད། གནས་ཚུལ་འབྲི་མཁན་འདིར་སྒལ་ཚིགས་རིགས་ཞེན་ཞིག་ཡོད་ན། རྒྱ་ནག་གི་ས་མཚམས་ཞེས་མ་བྲིས་ན་ལེགས།