ཕྱི་ལོ་༡༩༥༩ བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་ཏེ། བོད་མི་རིགས་ཀྱི་ལོ་རྒྱུས་ནང་ཆག་འཇིག་ཡ་ང་བྱུང་སྐབས། གཅེས་སྲོག་འབེན་ལ་བཞག་ནས་བོད་བསྟན་སྲིད་མིག་བཞིན་སྲུང་མཁན་དྭང་བླངས་དམག་ཟུར་ཨ་ཁུ་ངག་དབང་དགེ་འདུན་ལགས་སུ་བཅར་འདྲི་ཞུས།
དྲི་བ། ཁྱེད་རང་དྭང་བླངས་དམག་ནང་ཞུགས་པའི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ དགོང་མོར། རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ལྷ་སའི་ནོར་བུ་གླིང་ཁའི་ཕོ་བྲང་ནས་བྲོས་བྱོལ་དུ་ཕེབས་པའི་སྐབས་དེར། ང་སེ་ར་བ་དགོན་པའི་གྲྭ་བ་ཡིན། སྐབས་དེར་སྐྱ་སེར་ཕོ་མོ་དབྱེར་མེད་ཐོག་བོད་སྡེ་བ་གཞུང་གི་དམག་རོགས་དྭང་བླངས་དམག་ནང་ཞུགས་ཀྱི་འདུག ང་ཡང་དྭང་བླངས་དམག་ནང་ཞུགས་པ་ཡིན། ང་ཚོ་དྭང་དམག་སྐྱ་སེར་ ༨༠༠ ལྷག་ཡོད་པ་རེད། ང་ཚོ་ལྷ་ས་ནས་ལྷོ་ཁ་བརྒྱུད་རྨ་སྒོ་ལ་བརྒྱབ་སྟེ་རྒྱ་གར་ས་སྲུང་བར་འབྱོར་བ་རེད། ལམ་བར་གྱི་ཡར་ལུང་གཙང་འགྲམ་དུ། ང་ཚོས་བོད་སྡེ་བ་གཞུང་གིས་སྤྲད་པའི་མེ་མདའ་བཏོན་ཏེ་རྒྱ་དམག་ལ་ཁ་གཏད་བཅག་ནས་ཡོང་བ་ཡིན།
རྒྱ་གར་ས་ཐོག་ཏུ་འབྱོར་རྗེས། ང་ཚོས་མཚོན་ཆ་ཚང་མ་རྒྱ་གར་ས་སྲུང་ལ་རྩིས་འབུལ་ཞུས་པ་དང་། དེ་ནས་ང་ཚོ་མོན་རྟ་དབང་ལ་འབྱོར་བ་རེད། དེའི་ཕྱི་ཉིན་མ་སུ་རི་ལ་འབྱོར་བ་རེད། དེ་གར་རྒྱ་གར་གཞུང་དང་བོད་གཞུང་སྐུ་ཚབ་ཀྱི་གོ་སྒྲིག་འོག སྐྱབས་བཅོལ་བོད་མིའི་ཁང་པ་མི་གྲངས་བརྒྱ་རེ་ཤོང་པ་ཞིག་འདུག ང་ཚོ་སྡོད་ས་དེ་ཁང་ཨང་ ༣༩ རེད། ཟས་སོང་སོགས་རྒྱ་གར་གཞུང་ནས་གང་ལེགས་གནང་སོང་།
དེ་ནས་ཟླ་ ༢ ལྷག་ཙམ་ལ་རྒྱ་གར་གཞུང་དང་བཙན་བྱོལ་བོད་གཞུང་གཉིས་བཀའ་བསྡུར་གནང་མཐར། བོད་དམག་གྲངས་ ༧༠༠ ལྷག་ཡོད་པ་དེ་སྟོད་ལ་དྭགས་ཕྱོགས་སུ་འགྲོ་དགོས་པའི་བཀའ་ཕེབས་པ་རེད། ང་ཚོ་མེ་འཁོར་ནང་ཉིན་མཚན་ ༥ རིང་སོང་བ་ཡིན། དེ་ནས་པ་ཐན་ཀོ་ཊུ (Pathankot) རུ་ང་ཚོ་མེ་འཁོར་ལས་བབས་ཏེ་ཅམ་པ་ཆུ་ཁར་ཟླ་གཅིག་ལྷག་རིང་སྡོད་དགོས་བྱུང་།
ཉིན་ཞིག་ང་ཚོ་རྗ་མོ་ཀཱ་ཤཱི་མེར་ (J&K) ལ་འགྲོ་དགོས་པའི་བཀའ་ཕེབས་ཏེ་རླངས་འཁོར་ལ་བསྡད་ནས་སོང་ཡིན། ༡༩༦༠ ནང་སྟོད་ལ་དྭགས་ནས་ཡོང་བའི་བོད་དམག་རྣམས་ལ་བཀའ་ཕེབས་པ་ལྟར། ང་ཚོ་རྡེ་ར་ལྡུན་གྱི་དམག་ཁང་ཨང་ ༢༢་ (EST) ནང་ཡོང་བ་ཡིན། དེའི་ཕྱི་ཉིན་ང་ཚོ་ཚང་འཛོམས་ཀྱིས་བརྒྱ་ཤོག་ ༢༥ བཟོས་པ་རེད། དེ་ནས་ང་ཚོར་བརྒྱ་ཤོག་ ༢༥ (COY) མིང་ཐོགས་པ་དང་། དམག་སྦྱོང་གི་མགོ་བཙུགས་པ་རེད། དམག་སྦྱོང་གཙོ་བོ་ཞོགས་པར་ལུས་རྩལ་དང་། ཉིན་གུང་མེ་མདའ་དང་ཆུ་རྐྱལ། རི་བྲག་ལ་འཛེགས་པ། གནམ་མཆོངས་རྒྱག་པ་སོགས་རེད། ཕྱིས་སུ་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་དང་རྒྱ་གར་སྲིད་བློན་ནེ་རུ་གཉིས་བཀའ་མོལ་བྱུང་བ་བརྒྱུད། བོད་དམག་རྣམས་རྒྱ་གར་གཞུང་གི་སྟངས་འཛིན་དམག་ནང་བཞག་པ་རེད།
དྲི་བ། བཙན་བྱོལ་དུ་ཕེབས་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྲུང་སྐྱོབ་བྱེད་མཁན་དྭང་དམག་གཅིག་པུ་ཡིན་ནམ།
ལན། ང་ཚོ་དྭང་བླངས་དམག་གཅིག་པུ་མ་རེད། གྲྭ་བཞི་དམག་སྒར་གྱི་དམག་མི་ཆིག་སྟོང་དང་། རྒྱལ་རྩེ་དམག་སྒར་གྱི་དམག་མི་ལྔ་བརྒྱ་ལྷག རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་སྐུ་སྲུང་དམག་མི་ལྔ་བརྒྱ་ལྷག་ཡོད་པ་རེད། དེ་ཚོ་ཚང་མ་སྡེ་བ་གཞུང་གི་དམག་ཁོངས་རེད། ད་དུང་ཆུ་བཞི་སྒང་དྲུག་ཡོད་པ་རེད། དེའི་ནང་མདོ་དབུས་ཁམས་གསུམ་གྱི་དམག་མི་འདུས་ཡོད་པ་དང་། ཆུ་བཞི་སྒང་དྲུག་དམག་གིས་བོད་ཁུལ་དུ་སླེབས་པའི་རྒྱ་དམག་བཀག་པ་རེད། ཆབ་མདོ་ནས་རྒྱ་དམག་ལ་འཐབ་དུས། བོད་སྡེ་བ་གཞུང་གི་སྐྱ་སེར་དམག་མིའི་དམག་དཔོན་གྱི་འགན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཁུར་ཡོད་འདུག རྒྱ་དམག་གིས་སེ་ར་དགོན་པའི་ནང་མེ་སྒྱོགས་བརྒྱབ་པ་དང་། དེའི་རྗེས་རྩེ་ཕོ་བྲང་ལ་མེ་སྒྱོགས་རྒྱག་དུས། སྡེ་བ་གཞུང་གིས་ང་ཚོ་སེ་ར་བྱེས་ལ་མདའ་དང་མེ་མདའ་ ༥༠ སྤྲད་པ་དང་། སེ་ར་སྨད་ལའང་དེ་ལྟར་སྤྲད་འདུག ཡིན་ནའང་། ང་ཚོར་མེ་མདས་མ་འདང་བས། ང་ཚོ་གྲྭ་བ་༨༠༠ ལྷག་རྩེ་ཕོ་བྲང་གི་ལྟག་སྒོ་བརྒྱུད་ནས་དམག་སྤྱི་ཁང་དུ་མེ་མདའ་ལེན་དུ་སོང་བ་ཡིན། སྐབས་དེར་ང་ཚོ་སེ་ར་སྤྱིའི་དམག་དཔོན་སེར་བྱེས་ཕྱག་མཛོད་བྱམས་པ་ལགས་དང་། སེར་སྨད་དམག་དཔོན་ངག་དབང་བསྟན་པ་ལགས་གཉིས་ཡིན་འདུག
རྩེ་ཕོ་བྲང་གི་མདུན་ཕྱོགས་སུ་རྒྱ་དམག་གི་དམག་སྒར་ཨང་བཞི་བཅུ་པ་ཡོད་པ་རེད། རྒྱ་དམག་གིས་རྒྱལ་བ་རིན་པོ་ཆེ་མཆོག་དམག་སྒར་ནང་ལྟད་མོར་ལྟ་རུ་ཕེབས་དགོས་ཞེས་དང་། རྒྱལ་བ་རིན་པོ་ཆེ་གཅིག་པུ་མ་གཏོགས། སྐུ་སྲུང་དང་མཚོན་ཆ་ཁྱེར་ཡོང་མི་ཆོག་ཅེས་ཐེངས་གསུམ་ལ་ཨུ་ཚུགས་བརྒྱབ་པ་རེད། ཡིན་ནའང་དེ་རྒྱ་དམག་གི་གཡོ་ཐབས་ཡིན་སྟབས། རྒྱལ་བ་རིན་པོ་ཆེ་ཁྱོན་ནས་ཕེབས་བཅུག་ཡོད་པ་མ་རེད།
རྒྱ་དམག་གི་དམག་དཔུང་གིས་བོད་སྡེ་བ་གཞུང་གི་མཛོད་ཁང་ཐོག་རྒྱལ་དར་བཙུགས་ཡོད་པ་དེ་དང་མཉམ་དུ་རྒྱ་ནག་གི་རྒྱལ་དར་འཛུགས་དགོས་ཞེས་བཙན་བཀའ་བཏང་བ་དང་། སྐབས་དེའི་སྲིད་ཚབ་དམ་པ་ཀླུ་ཁང་བས་རྒྱ་དཔོན་དེ་ལ། ཁྱེད་ཀྱིས་རྒྱ་ནག་གི་རྒྱལ་དར་ཐེངས་བརྒྱ་ལ་ཡར་སྒྲེང་ན། ངས་ཐེངས་བརྒྱ་ལ་མར་ལེན་ངེས་ཡིན་ཞེས་རྒྱ་ནག་གི་རྒྱལ་དར་འཛུགས་མ་བཅུག་པ་རེད། དེ་བས། རྒྱ་དཔོན་དེས་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་དུ་ཡོང་སྟེ། ཀླུ་ཁང་བ་ཡག་པོ་མི་འདུག ཁོང་ཕྱིར་འཕུད་མ་བཏང་ན། ཕྱོགས་གཉིས་བར་འཁྲུག་འཛིང་ལང་གི་རེད་ཅེས་སྐྱོན་བརྗོད་བྱས་པ་རེད། དེ་ནས་རྒྱལ་བ་རིན་པོ་ཆེས་ཀླུ་ཁང་བར་དགོངས་པ་གནང་སྟེ། རྩོད་གླེང་ཞི་འདུམ་གནང་བ་རེད། དེ་ལྟར་བོད་སྡེ་བ་གཞུང་གི་གནས་སྟངས་ཛ་དྲག་ཆགས་པ་དང་། ཕྱི་ཚེས་ ༡༠ དགོང་མོར་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད
དྲི་བ། བོད་དམག་གིས་དམག་འཁྲུག་རྒྱག་ས་གཙོ་བོ་གང་དག་ཡིན་པ་རེད།
ལན། ཡོངས་གྲགས་ལྟར་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་མཐའ་མཚམས་རྩོད་གླེང་གི་དམག་འཁྲུག་ (Sino-Indian War) བྱུང་བ་རེད། སྐབས་དེའི་མཐའ་མཚམས་རྩོད་གཞི་གཙོ་བོ། ནུབ་ཀྱི་མག་མ་ཧན་ས་ཐིག་ (McMahon Lin) དང་། ཤར་གྱི་དབང་སྒྱུར་ངེས་ཅན་ས་ཐིག་ (Line of Actual Control) སོགས་ཡིན་འདུག
༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་སྐབས། བོད་དམག་གིས། རྒྱ་ནག་གིས་བཙན་བཟུང་བྱས་པའི་མཐའ་མཚམས་ཁག་ཚང་མ་ཚུར་བླངས་པ་རེད། རི་ཆེན་ཐོ་འགག་སྐྱ་རི་དང་བོད་ཀྱི་ས་མཚམས་ཁམས་རྫ་ཡུལ་རྒྱབ་སྐྱབས་ཟམ་པ་བར་གྱི་ས་མཚམས་ཚང་མ་བོད་དམག་གིས་ཕྱིར་བླངས་པ་རེད།
༡༩༧༡ ལོར་བྷང་ལ་དྷེ་ཤཱིའི་དམག་འཁྲུག་ (Bangladesh War) བྱུང་བ་རེད། དེའི་ནང་ང་ཚོ་བོད་དམག་ ༤༥ ལྷག་གི་ཚེ་སྲོག་ཤོར་བ་དང་། བོད་དམག་ ༣༠༠ ལྷག་ལ་རྨས་སྐྱོན་ཕོགས་པ་རེད། སྐབས་དེར་བོད་དམག་གི་དམག་དཔོན་གཙོ་བོ་ཁམས་པ་རྒྱ་རྡོ་དོན་འགྲུབ་ཞུ་བ་ཁོང་རེད། ཁོང་སྐབས་དེའི་དམག་འཁྲུག་ནང་གྲོངས་པ་རེད།
༡༩༩༩ ལོར་ཀར་གྷལ་དམག་འཁྲུག་ (Kargil War) བྱུང་བ་རེད། དེའི་ནང་བོད་དམག་ ༣ འདས་གྲོངས་དང་། བོད་དམག་ ༣༠ ལྷག་ལ་རྨས་ཕོགས་པ་རེད། དམག་འཁྲུག་བྱུང་ས་དེ་སྟག་རི་ (Tiger Hill) ཞེས་པའི་རི་དེའི་སྒང་རེད། རི་མཐོན་པོ་ཞེ་དྲགས་ཡོད་པ་རེད། སྐབས་དེར་རྒྱ་གར་གྱིས་རྒྱ་ནག་ལ་མཐའ་མཚམས་རྩོད་གླེང་གི་དམག་འཁྲུག་བརྒྱབ་སྟེ་ཁྱོན་ནས་གླགས་འཁེལ་གྱི་ཡོད་པ་མ་རེད། ཡིན་ནའང་། དམག་འཁྲུག་སྔར་རྗེས་གཉིས་ནང་བོད་དམག་ལ་རྒྱལ་ཁ་ཐོབ་པ་རེད།
ཀར་གྷལ་དམག་འཁྲུག་སྐབས། ང་ཚོ་གྲོམ་གྲོམ་ཞེས་པའི་ས་ཆ་ནས་དམག་མི་བརྒྱ་ཤོག་གཅིག་ཕྱིན་པ་དང་། པ་ཀི་སི་ཐན་ས་མཚམས་དཱི་མར་དགའ་རི་ནས་ཐད་འཕུར་གནམ་གྲུའི་ནང་བུད་དང་། དེ་ནས་པ་ཀི་སི་ཐན་གྱི་གྲུ་ཁ་སྤྱི་ཏ་སྒང་ནས་གནམ་གྲུ་ལས་སར་མཆོངས་ཏེ་དམག་འཁྲུག་བརྒྱབ་པ་ཡིན། སྐབས་དེར་ང་ཚོ་བོད་དམག་རྣམས་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་རེད།
ཡིན་ནའང་། རྒྱ་གར་གཞུང་གིས་ང་ཚོར་བོད་དམག་ཅེས་མི་འབོད་པར། མུ་ཏིག་དམག་ཅེས་ཟེར་གྱི་འདུག དེའི་རྒྱུ་མཚན་ག་རེ་རེད་ཟེར་ན། སྐབས་དེར་རྒྱ་ནག་གཞུང་གིས་རྒྱ་གར་ལ་རྡེ་ར་ལྡུན་དམག་སྒར་དེ་མེད་པ་བཟོས་པ་ཡིན་ན། ཕྱོགས་གཉིས་བར་བཟང་ཕྱོགས་ཀྱི་འབྲེལ་ལམ་ཡོང་གི་རེད་ཅེས་ཤོད་ཀྱི་ཡོད་འདུག
དེར་མ་ཟད། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་དམག་ལ་རོགས་བྱེད་རྒྱུ་མཚམས་བཞག་པ་དེ་ཡང་། སྐབས་དེར་ཨ་རི་དང་ཨུ་རུ་སུ་གཉིས་གདོང་ཐུག་བྱུང་ཡོད་སྟབས། ཨ་རིས་རྒྱ་ནག་ལ་བརྟེན་ནས་ཨུ་རུ་སུར་ཁ་གཏད་གཅོག་འདོད་ཡོད་པས། ཨ་རིའི་གཞུང་གིས་རྒྱ་ནག་ལ་བསྟུན་ཤེས་བྱས་པ་རེད། སྐབས་དེར། ང་ཚོར་རྒྱལ་ཁ་ཐོབ་རྗེས། ང་ཚོས་བོད་ཡིག་དང་ཧིན་ཡིག རྒྱ་ཡིག་སོགས་ནང་ང་ཚོ་བོད་དམག་ཡིན་ཞེས་བྲིས་ཏེ་རྩིས་ངོས་གང་སར་སྦྱར་ཡིན། སྐབས་དེའི་བོད་དམག་ལ་ངོ་མ་སེམས་ཤུགས་ཞེ་དྲགས་ཡོད་པ་རེད།
གང་ལྟར་ང་ཚོ་བོད་དམག་རྣམས་ཀྱིས་ལུས་སྲོག་བློས་བཏང་སྟེ་དམག་འཁྲུག་བརྒྱབ་ཡོད་པ་རེད། ཉིན་རེའི་ཟ་འཐུང་དང་། ལག་ཆ་མེ་སྒྱོགས་མེ་མདའ་ཚང་མ་རྒྱབ་ལ་འཁུར་ནས་ཕྱིན་པ་ཡིན། རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་ཐུགས་རྗེའི་འོད་ཟེར་འོག བོད་མི་ཆོལ་ཁ་གསུམ་གྱི་དམག་མི་རྣམས་ཀྱིས་དཀའ་ལས་ཚད་མེད་བརྒྱབ་པའི་བཀའ་དྲིན་དེ་རྒྱ་གར་གཞུང་གིས་ཀྱང་བརྗེད་ཐབས་ཡོད་པ་མ་རེད་བསམ་གྱི་འདུག
༡༩༦༢ ལོ་ནས་བཟུང་། རྒྱ་གར་ནང་གི་བོད་དམག་རྣམས་སི་སྤི་གངས་རི་དང་རིལ་བ་རི། ཀར་གྷལ། སིམ་ལ་དང་ཕུ། སུམ་མདོ་དང་རུ་པ། དཀར་ཅན། མ་སི་ཏ་ར། རྟ་དབང་། ཐེམ་པོ། མོག་ཆུ་ཁ་སོགས་རྒྱ་བོད་ས་མཚམས་ཀྱི་རི་རྒྱུད་ཡོངས་ལ་ཆེད་གཏོང་བྱེད་ཀྱིན་ཡོད་པ་རེད། ང་ཚོས་བོད་ཀྱི་ས་མཚམས་དེ་དག་རྒྱ་ནག་གི་ལག་ནས་ཕྱིར་ལེན་དོན་གཙོ་བོ་རྒྱ་དམར་ལག་ནས་བོད་རྒྱལ་ཁབ་ཕྱིར་ལེན་པའི་ཆེད་དུ་རེད།
དྲི་བ། ཁྱེད་ཚོས་རྒྱ་བོད་ས་མཚམས་གང་ནས་ལམ་ཁ་བཟོས་པ་ཡིན།
ལན། ཕྱི་ལོ་ ༡༩༦༠ ནས་ ༡༩༦༣ བར་ང་ཚོ་བོད་དམག་རྣམས་ཀྱིས་ལ་དྭགས་ཀྱི་བླ་མ་གཡུ་རུ་དགོན་ནས་བོད་ཀྱི་ས་མཚམས་སྐྱིད་ཤོད་བར་དུ་ལམ་ཁ་བཟོས་པ་རེད། སྐབས་དེར་རྡེ་ར་ལྡུན་དམག་སྒར་བཙུགས་ཡོད་པ་མ་རེད། ༡༩༦༢ ལོའི་དམག་འཁྲུག་སྐབས་རྒྱ་གར་ཕམ་ཉེས་བྱུང་བ་རེད། དེའི་རྗེས། སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་དང་སྲིད་བློན་ནེ་རུ་གཉིས་བཀའ་མོལ་བྱུང་སྟེ་རྡེ་ར་ལྡུན་དམག་སྒར་བཙུགས་པ་རེད། དེའི་སྔོན་ལ་སྐུའི་གཅེས་པོ་རྒྱལ་ལོ་དོན་འགྲུབ་ཀྱིས་སྲིད་བློན་ནེ་རུ་ལ་ང་ཚོར་སློབ་གྲྭ་དགོས་ཀྱི་འདུག་ཅེས་ཞུས་ཀྱང་། ནེ་རུ་ཡིས། ཁྱེད་རང་ཚོ་ང་ཚོའི་མགྲོན་པོ་ཡིན་པ་མ་གཏོགས། སློབ་གྲྭ་རྒྱག་པ་དེ་འདྲ་ཡོང་གི་མ་རེད་ཅེས་ཁས་ལེན་བྱས་ཡོད་པ་མ་རེད། སྐབས་དེར་རྒྱ་གར་དང་རྒྱ་ནག་གཉིས་སྤུན་མཆེད་ཡིན་ཞེས་ཤོད་ཀྱི་ཡོད་པ་རེད། དྲང་མོར་བཤད་ན། སྐབས་དེར་རྒྱ་གར་གྱིས་རྒྱ་ནག་ལ་ཞེད་སྣང་བྱེད་ཀྱི་ཡོད་པ་རེད།
ང་ཚོས་སྟོད་ལ་དྭགས་ནང་ལམ་ཁ་བཟོས་པའི་སྐབས་དེར། བོད་གཞུང་ནས་ང་ཚོར་ཉིན་གཅིག་གི་ཟས་ཐུན་གསུམ་ཏེ་མི་རེར་གྲོ་ཕོར་བ་གསུམ་རེ་སྤྲོད་ཀྱི་ཡོད་པ་རེད། སྡོད་ས་གུར་ཁ་ཤས་འདུག དམག་མི་རེ་འགར་གུར་མེད་པས། ལ་དྭགས་ཡུལ་མི་ཚོར་གནས་ཚང་གཡར་ནས་སྡོད་དགོས་བྱུང་། ང་ཚོས་ཞོགས་པའི་ཆུ་ཚོད་ ༩ ནས་དགོང་དྲོའི་ཆུ་ཚོད་ ༤ བར་ལམ་ཁ་བཟོས་པ་ཡིན། སྐབས་རེར་ཉིན་ཕྱེད་ཀར་ཟ་མ་རག་གི་མ་རེད། སོ་སོས་དཀའ་ལས་སྐྱོན་ནས་དངུལ་ཅུང་ཙམ་རེ་བསགས་ནས་འཚོ་སྣོན་བྱས་ཡིན། དམག་མི་རེར་དམག་གི་དོར་མ་གཉིས་རེ་མ་གཏོགས་མེད་པ་དང་། དོར་མ་རལ་ནས་སྐབས་རེར་རྩྭ་རས་གྱོན་དགོས་བྱུང་།
ཕྱིས་སུ་བོད་དམག་མང་པོ་ཞིག་གཞིས་ཆགས་ཁག་ཏུ་བཏང་བ་རེད། ཡིན་ནའང་། སྐབས་དེའི་དྭང་དམག་མང་ཆེ་བ་རྒྱ་གར་ནང་གཞིས་སྡོད་བྱེད་པའི་བསམ་བློ་ཡོད་པ་མ་རེད། ཁོ་ཚོ་གང་མགྱོགས་ཕྱིར་བོད་ལ་ལོག་འདོད་ཡོད་པ་རེད། དང་ཐོག་ང་ཚོས་མཐའ་མཚམས་ནས་རྒྱ་དམག་ལ་ཁ་གཏད་བཅགས་ནས་བསྡད་ཡོད་ཚེ། སྐབས་དེར་ང་ཚོས་རྒྱ་དམག་བདའ་ཐུབ་ཡོད་ངེས་རེད། གང་ཡིན་ཟེར་ན། སྐབས་དེར་བོད་དམག་གཅིག་གིས་རྒྱ་དམག་བཅུ་ཕམ་ཉེས་གཏོང་བའི་ནུས་སྟོབས་དང་སེམས་ཤུགས་ཡོད་པ་རེད། ལྷག་པར་དུ་སྐབས་དེར་རྒྱ་དམག་བོད་མཐོ་སྒང་དུ་ཡོང་ནས་གནམ་གཤིས་དང་ཁོར་ཡུག་མ་འཕྲོད་པའི་དཀའ་ངལ་ཞེ་དྲགས་འཕྲད་ཡོད་པ་རེད། རྒྱ་དམག་མང་པོ་ཤི་རེད། ཡིན་ནའང་། སྐབས་དེར་ང་ཚོས་རྒྱ་དམག་བདའ་ཐུབ་ཡོད་པ་མ་རེད།
དྲི་བ། ད་ལྟ་བཙན་བྱོལ་ནང་བོད་དམག་རྙིང་པ་ག་ཚོད་འདུག
ལན ཉེ་སྔོན་བོད་སྡེ་བ་གཞུང་ལ་དམག་ག་ཚོད་ཡོད་མེད་དགའ་ལྡན་ཕོ་བྲང་གིས་མིང་ཐོ་ཞིག་བླངས་པ་རེད། ང་ཚོ་དེའི་ཁོངས་སུ་ཡོད་པ་མ་རེད། ད་ལྟ་ཕལ་ཆེར་ ༥༠ ནས་ ༦༠ ཙམ་མ་གཏོགས་ཡོད་རྒྱུ་མ་རེད། དང་ཐོག་ང་ཚོ་དྭང་བླངས་དམག་རྙིང་ ༨༠༠ ལྷག་ཡོང་བ་རེད། ད་ལྟ་འདི་གར་ཡོད་པ་ཕལ་ཆེར་ ༣༠༠ ནས་ ༤༠༠ མ་ཟིན་ཙམ་འདུག ཚུར་རྒྱ་གར་ནང་སླེབས་ནས་རྡེ་ར་ལྡུན་དམག་སྒར་ནང་འཛུལ་མཁན་གྲས་སུ། བོད་ནས་ཡོང་མཁན་དམག་རྙིང་དང་གསར་དུ་ཞུགས་མཁན་དམག་གསར་གཉི་ག་ཡོད་པ་རེད།
དྲི་བ། སྐབས་དེར་རྡེ་ར་ལྡུན་དམག་སྒར་ཨང་ ༢༢ ནང་བོད་དམག་ག་ཚོད་ཡོད་པ་རེད།
ལན། རྡེ་ར་ལྡུན་དམག་སྒར་ནང་བོད་དམག་བརྒྱ་ཤོག་ ༥༠ མ་ཟིན་ཙམ་ཡོད་པ་རེད། བརྒྱ་ཤོག་རེ་རེའི་ནང་དམག་མི་ ༡༢༢ རེ་ཡོད་པ་རེད། སྐབས་དེར་ང་རང་བརྒྱ་ཤོག་ ༢༥ ནང་ཡོད། ད་ལྟ་རྒྱ་གར་དམག་ཁོངས་སུ་ཕལ་ཆེར་བོད་དམག་ ༣༠༠༠ ནས་ ༤༠༠༠ བར་ཡོད་འདུག
དྲི་བ། བོད་མིའི་སྒྲིག་འཛུགས་ནང་སྲིད་ཀྱི་འཚོ་སྣོན་རོགས་སྐྱོར་འོག་ཚུད་པའི་དམག་ཟུར་དཀའ་ངལ་ཅན་ག་ཚོད་ཡོད་པ་རེད།
ལན། དེའི་གནས་ཚུལ་ངས་གསལ་བོར་ཞུ་ཆོག བཀའ་ཤག་གི་གོ་སྒྲིག་འོག ༡༩༧༧ ནས་ ༡༩༧༨ བར་དེ་ལ། ང་ཚོ་དྭང་ཟུར་གཅིག་དང་། ནང་སྲིད་ཀྱི་མི་གཅིག བདེ་དོན་གྱི་མི་གཅིག བདེ་སྲུང་གི་མི་གཅིག་བཅས་མི་ ༤ བཙན་བྱོལ་བོད་མི་འདུས་སྡོད་ས་གནས་ཁག་ནང་ཕྱིན་ཏེ། བོད་དམག་རྙིང་པ་དཀའ་ངལ་ཅན་རྣམས་ལ་ལྟ་ཞིབ་བྱས་པ་རེད། ཡིན་ནའང་། མི་བཞི་དེས་ལྟ་ཞིབ་བྱས་པ་བརྒྱུད། ས་གནས་ཁག་ཏུ་བོད་དམག་རྙིང་པ་དཀའ་ངལ་ཅན་མང་པོ་ཡོད་པའི་མིང་ཐོ་དེ་གཞུང་ལ་ཕུལ་སྐབས། གཞུང་གིས་མིང་ཐོ་མང་དྲགས་འདུག་ཅེས་ངོས་ལེན་བྱས་ཡོད་པ་མ་རེད། དེ་སྔོན་ནས་དམག་རྙིང་གི་མིང་ཐོའི་ནང་ཡོད་མཁན་ཚོར་འཚོ་སྣོན་རོགས་དངུལ་ཕྲན་བུ་རག་གི་ཡོད་ཀྱང་། བར་ལམ་ཞིག་ལ་འཚོ་སྣོན་རོགས་དངུལ་དེ་ཆད་པ་རེད། སྐབས་དེར་དུས་བབ་གསར་འགོད་པ་པདྨ་མཚོས་ནང་སྲིད་ལས་ཁུངས་ལ་དེའི་སྐོར་འདྲིརྩད་བྱས་རྗེས་ཡང་བསྐྱར་འཚོ་སྣོན་རོགས་དངུལ་དེ་རག་ཡོད་པ་དང་། ད་ལྟ་དྭང་ཟུར་བདག་པོ་མེད་མཁན་ལ་ཟླ་རེར་ཧིན་སྒོར་ཆིག་སྟོང་དང་། ཁྱིམ་ཚང་ཡོད་མཁན་ཚོར་ཟླ་རེར་ཧིན་སྒོར་བདུན་བརྒྱ་སྤྲོད་ཀྱི་འདུག ནང་སྲིད་ནས་ང་ཚོར་པར་བརྒྱབ་པ་དང་ལོ་རྒྱུས་མདོར་བསྡུས་བྲིས་ཏེ་ཕྱི་རྒྱལ་ཁག་ནས་ང་ཚོའི་འཚོ་སྣོན་རོགས་དངུལ་གྱི་སྦྱིན་བདག་འཚོལ་གྱི་ཡོད་ཟེར། དེ་བརྟན་པོ་མི་འདུག འཚོ་སྣོན་རོགས་དངུལ་དེ་ཙམ་གྱིས་ང་ཚོའི་ཉིན་རེའི་འཚོ་གནས་ལ་འདང་ཐབས་མེད་པས། བར་ལམ་ནས་ངས་གཟའ་ཟླ་བར་མེག་གྷན་གྱི་མ་ཎི་འཁོར་ཁང་གི་འགྲམ་དུ་གྱོན་གོས་རྙིང་པ་འཚོང་ནས་ཉིན་རེའི་འཚོ་དངུལ་ཕྲན་བུ་ལོན་ཐབས་བྱེད་ཀྱི་ཡོད། དེ་སྔོན་ང་ཚོ་དྭང་ཟུར་སྐྱིད་སྡུག་ཚོགས་པའི་ཁོངས་སུ་དམག་ཟུར་རྒས་འཁོགས་དཀའ་ངལ་ཅན་ ༥༠༠ ཏག་ཏག་ཡོད། ད་ལྟ་ཕལ་ཆེར་ ༣༠༠ ཙམ་འདུག མང་ཆེ་བ་གྲོངས་ཚར་རེད། གཟའ་ཟླ་བ་དང་མིག་དམར་ཉིན་ང་ཚོ་དྭང་ཟུར་སྐྱིད་སྡུག་ཚོགས་པ་ཚོགས་ནས་དྭང་ཟུར་རྒས་འཁོགས་དཀའ་ངལ་ཅན་ཚོའི་གནས་སྟངས་ལ་གོ་བསྡུར་དང་རྒྱུས་ལོན་བྱེད་ཀྱི་ཡོད། དེ་སྔོན་ང་ཚོས་གཞུང་ལ་ང་ཚོ་བོད་སྤྱི་པའི་དོན་ལ་དམག་རྒྱག་ཏུ་ཕྱིན་པ་མ་གཏོགས། གུང་ཁྲན་ཏང་གི་ཆེད་དུ་དམག་རྒྱག་ཏུ་ཕྱིན་པ་མིན་ཞེས་ཡང་ཡང་ཞུས་པར་བརྟེན་ནས། དམག་ཟུར་རྒས་འཁོགས་དཀའ་ངལ་ཅན་ ༢༠ ཙམ་རྒས་གསོ་ཁང་ཁག་ཅིག་ནང་ཚུད་པ་རེད། ད་དུང་དྭང་ཟུར་རྒས་འཁོགས་དཀའ་ངལ་ཅན་མང་པོ་ཞིག་ལྷག་བསྡད་ཡོད་པ་རེད། བདག་པོ་ཡོད་པ་མ་རེད།
དྲི་བ། ཁྱེད་ཚོར་རྒྱ་གར་གཞུང་གི་དམག་ཟུར་རྒས་ཕོགས་རག་གི་ཡོད་པ་རེད་དམ།
ལན། ང་ཚོའི་སྐབས་ཀྱི་བོད་དམག་ཟུར་བ་ཚང་མར་རྒས་ཕོགས་ཡོད་པ་མ་རེད། ང་ཚོའི་རྗེས་ཀྱི་བོད་དམག་རྒས་ཡོལ་ཚོར་རག་གི་འདུག སྤྱིར་རྒྱ་གར་གྱི་དམག་ཁྲིམས་ནང་། དམག་ནང་ལོ་ ༡༤ བསྡད་རྗེས། རྒས་ཕོགས་རག་གི་ཡོད་པ་རེད། ཡིན་ནའང་། ང་ཚོའི་སྐབས་ཀྱི་དམག་ཟུར་ཚོར་རག་གི་མི་འདུག སྔོན་ཆད་བོད་དམག་གི་དམག་སྦྱོང་དང་འགྲོ་གྲོན་མང་ཆེ་བ་ཨ་རིའི་གསང་བའི་ལས་ཁུངས་ནས་གཏོང་གི་ཡོད་པ་རེད། ཕྱིས་སུ་ལས་གཞི་དེ་མཚམས་བཞག་རྗེས། བོད་དམག་གི་ཟ་མ་དང་གོན་པ་ཚང་མ་རྒྱ་གར་གཞུང་གིས་གཏོང་གི་ཡོད་པ་རེད། སྐབས་དེར་ཨ་རིའི་སྲིད་འཛིན་རེ་ཆར་ཊི་ནེ་ཁི་སོན་ (Richard Nixon) ཡིན་པ་རེད། ཁོས་རྒྱ་ནག་ལ་བསྟུན་ཤེས་ཞེ་དྲགས་བྱས་ཡོད་པ་རེད།
དྲི་བ། ཁྱེད་རང་གི་མི་ཚེ་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། ང་ད་ལོར་ལོ་ ༨༠ ཡིན། ཕ་ཡུལ་ལྷོ་ཁ་རྩེད་ཐང་གི་བསམ་ཡས་ས་ཆ་ནས་ཡིན། ལོ་བརྒྱད་ཀྱི་སྟེང་གྲྭ་བ་བཟོས་ཏེ་སེ་ར་དགོན་གྱི་ཆོས་སྒོར་ཞུགས་པ་ཡིན། ནང་ལ་ནུ་བོ་གཅིག་དང་སྲིང་མོ་གཅིག་བཅས་སྤུན་མཆེད་གཉིས་ཡོད། ང་བོད་སྡེ་བ་གཞུང་གི་དམག་རོགས་དྭང་བླངས་དམག་ནང་ཞུགས་དུས། རང་ལོ་ ༢༡ ཡིན།
༡༩༨༧ ལོར་ང་རྒྱ་གར་དམག་ཁོངས་ནས་བུད་དེ་མལ་ཆས་ཁུར་ནས་དྷ་རམ་ས་ལར་ཡོང་བ་ཡིན། ཉིན་ཁ་ཤས་རིང་ངོ་ཤེས་གྲོགས་པོ་ཞིག་གི་ནང་ལ་བསྡད་ཡིན། དམག་ཁོངས་ནས་འབུད་དུས། ང་ལ་སྒོར་སྟོང་ཕྲག་ ༢༠ ཙམ་སྤྲད་སོང་། དེའི་རྗེས་མཉམ་ལས་ཀྱི་ཁང་པ་འདི་གཡར་ནས་བསྡད་ཡིན། ཟླ་རེའི་ཁང་གླ་སྒོར་ ༥༠༠ ཙམ་རེད། ཁང་པ་ནག་ཁུང་འདིའི་ནང་ང་ལོ་ངོ་ ༣༠ རིང་བསྡད་ཡིན། དམག་ཁོངས་ནས་འབུད་དུས་ང་ལོ་ ༥༥ རེད། མིའི་ལུང་པར་བགྲེས་པོ་ཞིག་གིས་ཁྱིམ་ཚང་སྐྱོང་ཐུབ་རྒྱུ་ཁག་པོ་རེད། དེ་བས་ཁྱིམ་ཐབ་འཛིན་འདོད་མ་བྱུང་།
ཕྱིས་སུ་སྣེ་ལེན་ཁང་ལ་ཚོང་ཁང་ཞིག་ཡོད་པ་དེའི་ནང་ཚོང་རྒྱག་གི་ཞབས་ཞུ་ལོ་ ༧ རིང་ཞུས་ཡིན། སྐབས་དེར་ང་ལ་ཟླ་རེའི་གླ་ཕོགས་སྒོར་ ༣༥༠༠ སྤྲད་པ་རེད། ངས་དངུལ་དེ་ཅུང་ཙམ་བསགས་རྗེས། ༡༩༩༤ ལོར་བོད་ལ་གཉེན་འཕྲད་དུ་ཕྱིན་ནས་བོད་ནང་ཟླ་ ༦ རིང་བསྡད་ཡིན།
ཡིན་ནའང་། ང་རང་ཆུང་དུས་ནས་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་གཟིགས་སྐྱོང་འོག་འཚར་ལོངས་བྱུང་བ་ཡིན་སྟབས། ང་བོད་ནང་ནས་སྡོད་ཐབས་མི་འདུག ནང་མི་ཚོས་ང་རང་ཕྱིར་རྒྱ་གར་ལ་མ་འགྲོ ཡུལ་ནས་སྡོད་དང་། ཁྱེད་ཀྱིས་ལས་ཀ་གང་ཡང་ལས་མི་དགོས། སྐྱིད་པོ་བྱས་ནས་སྡོད་ཅེས་བཤད་ཀྱང་། ངས་ཨུ་ཚུགས་བརྒྱབ་ནས་ཕྱིར་རྒྱ་གར་ལ་ཡོང་བ་ཡིན། ང་རང་རྒན་འཁོགས་ཆགས་ཀྱང་། ད་དུང་བོད་བསྟན་སྲིད་ཀྱི་ཆེད་དུ་སེམས་ཤུགས་ཆགས་ཀྱི་མི་འདུག བོད་ནས་ཕྱིར་ཐོན་རྗེས། ང་དྭང་ཟུར་སྐྱིད་སྡུག་གི་རྒྱུན་ལས་ལོ་ ༣ རིང་བྱས་པ་ཡིན། ད་ཆར་ང་དྭང་ཟུར་སྐྱིད་སྡུག་གི་ཚོགས་མི་ཡིན། འདི་གར་ང་ལ་གཉེན་ཉེ་གཅིག་ཀྱང་མེད། ང་ཤི་རྗེས་དྭང་ཟུར་སྐྱིད་སྡུག་གིས་ངའི་ཕུང་པོ་མེར་སྲེག་གི་རེད། སེམས་ཁྲལ་མི་འདུག ཡིན་ནའང་། དེ་རིང་ཁ་སང་ང་ཚོའི་སྤྱི་ཚོགས་ནང་བོད་མི་ཆིག་སྒྲིལ་མེད་པ་དེ་ལ་ང་རང་སེམས་ཤུགས་ཆགས་ཀྱི་འདུག སེམས་པ་སྐྱོ་བོ་ཡོང་གི་འདུག
དེ་མིན། ངའི་འཚོ་གནས་སྐྱོ་བོ་ཡིན་ཡང་། རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་བཞུགས་པས། ངའི་སེམས་པ་སྐྱིད་པོ་བྱས་ནས་བསྡད་ཡོད། ཡིན་ནའང་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དགུང་ལོ་བགྲེས་སྟབས། སེམས་ཁྲལ་ཆེན་པོ་འདུག ནངས་དགོང་གཉི་གར་ང་གཙུག་ལག་ཁང་ལ་སྐོར་བར་འགྲོ་གི་ཡོད། ང་ཚོ་དམག་འཁྲུག་ནང་ཞུགས་ནས་ཉེས་པ་ཆེན་པོ་བསགས་ཡོད་པ་རེད།
གོང་ཞུས་རྒྱ་དཀར་ནག་གི་མཐའ་མཚམས་དམག་འཁྲུག་སྐབས། ང་ཚོ་བོད་དམག་གིས་རང་སྲོག་འབེན་ལ་བཞག་ནས་དཀའ་ལས་ཞེ་དྲགས་བརྒྱབ་པ་རེད། དེ་རྒྱ་གར་གཞུང་གིས་ཀྱང་གསལ་བོར་ཧ་གོ་ཡི་ཡོད་པ་རེད། རྒྱ་གར་གཞུང་གིས་ང་ཚོར་རྒས་ཕོགས་མ་སྤྲད་པ་དེ་དངོས་གནས་རྒྱ་གར་གཞུང་ངོ་ཚ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད།
ང་རང་ལ་ཆ་བཞག་པ་ཡིན་ན། ༡༩༦༢ ནས་ ༡༩༨༧ བར་ཏེ་ལོ་ངོ་ ༢༥ རིང་རྒྱ་གར་དམག་ཁོངས་ནས་དཀའ་ལས་ཞེ་དྲགས་བརྒྱབ་པ་ཡིན། རྡེ་ར་ལྡུན་དམག་སྒར་གྱིས་ང་ཚོ་དམག་ཁོངས་ནས་བུད་པའི་ལོ་ཁ་ཤས་རིང་། ང་ཚོར་ཆང་དང་ཟས་རིགས་སོགས་དམག་སྒར་སོ་སོར་བཏང་བ་དང་། དེའི་རྗེས་ནས་དམག་མིའི་ཚོང་ཁང་ནང་བཅའ་ལག་ཉོས་ན་རིན་གོང་ཕྱེད་བཅག་ཡིན་པའི་འཛིན་བྱང་ཞིག་སྤྲད་སོང་། དང་ཐོག་ངས་དམག་སྒར་ནས་བཏང་བའི་ཟས་རིགས་དང་ཆང་རག དེ་མིན་འཛིན་བྱང་ཐོག་ནས་བཅའ་དངོས་ཙག་ཙིག་རིན་གོང་ཁེ་བོའི་ཐོག་ནས་ཚུར་ཉོས། དེ་ནས་ཕར་བཙོང་སྟེ་འཚོ་དངུལ་ཕྲན་བུ་བསགས་ནས་ཉིན་རེའི་འཚོ་བའི་འགྲོ་གྲོན་ལ་བཏང་ཡིན། སྐབས་དེའི་དམག་དཔོན་ཡག་པོ་ཡོད་པ་རེད། དེ་མིན་སོ་སོའི་ངོས་ནས་དཀའ་ལས་བརྒྱབ་ནས་འཚོ་བ་སྐྱེལ་རྒྱུ་མ་གཏོགས། ང་ཚོར་རྒྱ་གར་དམག་གཞུང་གི་རྒས་ཕོགས་རག་གི་ཡོད་པ་མ་རེད། གལ་ཏེ་བོད་གཞུང་གིས་རྒྱ་གར་གཞུང་ལ་ང་ཚོ་བོད་དམག་རྙིང་པ་ཚོར་རྒས་ཕོགས་སྤྲོད་རོགས་ཞུས་ཚེ། ནུས་པ་འཐོན་གྱི་རེད། ཡིན་ནའང་བོད་གཞུང་གིས་དེ་ལྟར་ཞུས་མི་འདུག
ཕྱི་ལོ ༢༠༡༥ ལོར་ངས་ལག་པ་ཐལ་མོ་སྦྱར་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་སྙན་ཞུ་ཞིག་ཕུལ་ཏེ། རྒྱ་གར་དམག་གཞུང་ལ་ང་ཚོ་དམག་ཟུར་ཚོར་རྒས་ཕོགས་སྤྲོད་རོགས་ཞེས་ཞུ་རོགས་ཞུས་པ་ཡིན། ཕྱིས་སུ་ཁོང་གིས་ལྡི་ལིར་ཡོད་པའི་རྒྱ་གར་དམག་མིའི་ལས་ཁུངས་ལ་ཞུས་ཡོད་ཀྱང་། སྤྲོད་རྒྱུ་ཡིན་མིན་གསལ་ཁ་མི་འདུག་ཟེར། དེའི་རྗེས་ནས་བརྡ་ལན་གང་ཡང་འབྱོར་མ་སོང་།
སྔོན་ཆད་ལམ་ཁ་བཟོས་པའི་སྐབས་དེར། རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ལ་ཕེབས་འཁོར་ཡོད་པ་མ་རེད། ང་ཚོ་དམག་མི་ཚོས་དངུལ་ཅུང་ཙམ་ཐོབ་པ་དེ་བསགས་ནས་ཁོང་ལ་ཕེབས་འཁོར་ཉོས་ཡིན། དེ་མིན་ད་ལྟའི་སྤྱི་འཐུས་ལྷན་ཁང་མདུན་གྱི་མཆོད་རྟེན་བཞེངས་སའི་ས་དེ་ཡང་ང་ཚོས་གསོག་དངུལ་ཕུལ་ནས་ལས་པ་རེད། དཔེ་མཛོད་ཁང་གི་ལྕགས་ཀྱི་དཔེ་སྒྲོམ་དེ་ཚོ་ཡང་ང་ཚོ་དྭང་ཟུར་དམག་གིས་ཞལ་འདེབས་སུ་ཕུལ་བ་སོགས་ང་ཚོས་སོ་སོའི་མི་ཚེ་ཧྲིལ་པོ་བློས་བཏང་སྟེ་བོད་མི་རིགས་དང་། བོད་བསྟན་སྲིད་ཆེད་དཀའ་ལས་བརྒྱབ་ཡོད། ཡིན་ནའང་ད་སྐབས་སྤྱི་ཚོགས་ནང་ང་ཚོར་ཁ་རྡུང་གཏོང་གི་ཡོད་པ་རེད། ཉེ་ལམ་སྤྱི་འཐུས་ཀྱི་ཕྱོགས་ཕེབས་སྐབས།སྤྱི་འཐུས་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ཀྱིས་ང་ཚོར་དོན་ཚན་བཞིའི་ཐོག་ནས་སྐྱོན་བརྗོད་བྱས་འདུག་པ་གོ་བྱུང་། སྐད་ཆ་དེ་གོ་ནས་ང་རང་སེམས་ཤུགས་ཆགས་སོང་། ངོ་མ་སེམས་ཕམ་པོ་བྱུང་། གལ་ཏེ་ཁོང་ལ་བསམ་ཚུལ་ག་རེ་ཡོད་ན། ང་ཚོ་དྭང་ཟུར་སྐྱིད་སྡུག་ལ་བཤད་ན་འགྲིག་གི་རེད། དེ་མིན་སྤྱི་ཚོགས་སྟེང་རྙོག་ཟིང་དེ་འདྲ་བཟོ་དགོས་པ་མི་འདུག ང་ཚོ་དམག་ནང་ཞུགས་ནས་བོད་བསྟན་སྲིད་ལ་ཕན་ཐོགས་ག་རེ་བྱུང་ཡོད་མེད་དེ་ལོ་རྒྱུས་ཀྱིས་བདེན་དཔང་ར་སྤྲོད་བྱེད་ཀྱི་རེད། དེ་མིན་གང་བྱུང་ཁ་བཏང་ན་ཡག་པོ་མི་འདུག གཙོ་བོ་ང་ཚོ་ཚང་མ་ཆིག་སྒྲིལ་ཡོང་དགོས་པ་གལ་ཆེན་པོ་རེད།
གསར་འགོད་པ། པདྨ་རྒྱལ།
བྷང་ལ་རྡེ་ཤུའི་དམག་སར་སྐུ་གྲོངས་པའི་བོད་ཀྱི་དམག་དཔོན་གྱི་མཚན་ལ་རྒྱ་རྡོ་དོན་འགྲུབ་ཞུ་ཡི་རེད།
བོད་རིགས་འདི་དང་འདི་འདྲ་བ་རྣམས་ལ་ཇེ་ཆུང་དུ་གཏོང་བ་བློ་ཕམ་ཡོད། རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་མཐུན་དགོས་པ་སོང་ཙང་།
དེ་ནས་འདི་ནང་གི་ལོ་རྒྱུད་ནང་མིང་ཞིག་ནོར་བ་དེ། Bangladesh དམག་ཏུ་ལུས་སྲོག་ཤོར་བ་དེ་རྒྱ་ལོ་དོན་འགྲུབ་བཀོད་འདུག གུས་ནས་གོ་མཐོས་སུ་རྒྱ་མདོ་འམ་རྒྱ་རྡོ་དོན་འགྲུབ་ཞུ་བ་མིན་འགྲོ དེ་ཚོ་རྒྱལ་རབས་དང་འབྲིལ་བ་ཡོད་དུས་མ་ནོར་བ་དགོས་རྒྱུ་འགན་ཆེ་ཡིན་པ་ལ་སོ། རྒྱ་ལོ་དོན་འགྲུབ་ཞུ་བ་ནི་༧རྒྱལ་བའི་གཅེན་པོ་ཡིན་པ་སོང་གོ་ནོར་ཐེབ་སྲིད།
ལོ་རྒྱུས་འདི་ཀློག་རྗེས་སེམས་པ་ཧ་ཅང་གི་སྐྱོ་པོ་འབྱུང་ང་རང་བོད་མི་ཞིག་ཡིན་རུང་གནས་འཚུལ་དེ་འདྲ་ཡོད་པ་སེམས་པའི་ནང་འཁོར་མ་སྨྱོང་། དེ་ཡང་གུས་པའི་ཁྱེད་དང་འདྲ་བའི་བོད་དམག་རྙིང་པ་ཡོངས་ལ་སྙིང་དབུས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་རེ་བ་ལ་སེམས་ཤུགས་མ་ཆགས་པར་མུ་འཐུད་དུ་གནས་པ་ཤོག། བོད་རྒྱལ་ལོ་ བོད་རྒྱལ་ལོ་ བོད་རྒྱལ་ལོ། བཀའ་དྲིན་ཆེ། ཁྱེད་ཚོ་གནས་ནས་བོད་རྒྱལ་ཁབ་ཀྱི་དཔའ་བོ་ཡིན།
བོད་རྒྱལ་ཁབ་ཀྱི་དཔའ་བོ་ཡིན་ནོ།