དམངས་གཙོའི་དུས་དྲན་ཐེངས་ ༥༧ པའི་གཞུང་འབྲེལ་མཛད་སྒོའི་ཐོག་མ་འོངས་བོད་མི་རིགས་དང་། རིག་གཞུང་གོ་ལ་འདིའི་ཐོག་གནས་དང་མི་གནས་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད་པས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྔར་ལས་ཤུགས་ཆེར་དམ་དོན་གནང་གལ་ཆེ་བའི་འབོད་སྐུལ་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༧ འཁོར་བའི་དུས་དྲན་གཞུང་འབྲེལ་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཁོལ་སིང་ཐ་ཁོར་(Kaul Singh Thakur) མཆོག་དང་། དམིགས་བསལ་སྐུ་མགྲོན་ལ་དཔལ་ལྡན་སྲིད་ཚབ་བྱམས་པ་ཐུབ་བསྟན་མཆོག སུ་ཝི་ཌེན་ Sweden གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཀལ་ཤ་ལཡེ་ཊར་ Carl Schlyter མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འཐུས་མི། གཞན་ཡང་། དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག དྷ་སའི་སེར་སྐྱ་མི་མང་བཅས་མི་ ༡༠༠༠ བརྒལ་བ་འཛོམས་འདུག་ལ། མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པ་དང་དྷ་ས་ཁུལ་གྱི་སློབ་གྲྭ་ཁག་ནས་གཞས་སྣ་འཁྲབ་སྟོན་གནང་སོང་།
མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་སྐབས། བོད་མིའི་མང་གཙོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐབས་མཁས་ཐུགས་རྗེ་ཆེན་པོས་བོད་མི་མང་ལ་གསོལ་བསྩལ་གནང་བའི་མང་གཙོའི་འཕེལ་རིམ་དམིགས་བསལ་ཅན་ཞིག་ཡིན་པ་དང་། བོད་མི་སྤྱི་དང་། ཁྱད་པར་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་པ་དང་། ལྷག་པར་དུ་བོད་མི་སོ་སོར་འཁྲི་བའི་ལས་འགན་དང་སྤྱི་ཚོགས་ཀྱི་ཁེ་ཕན་གལ་ཆེར་བརྩིས་ཏེ། ཆིག་སྒྲིལ་ཐོག་བོད་མིའི་ནུས་ཤུགས་གོང་མཐོར་གཏོང་དགོས་རྒྱུ་ནི་གལ་ཆེར་དོན་ཆེན་ཆགས་ཡོད་པས་བོད་མི་ཚང་མས་ཁུར་མཉམ་བཞེས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱ་གཞུང་གིས་བཙན་གནོན་འོག་གཞིས་བཞུགས་བོད་མི་རྣམས་ལ་མང་གཙོའི་རང་དབང་ལྟ་ཅི་ཐ་ན་འགྲོ་བ་མིའི་རང་ཆས་སུ་ཡོད་པའི་འགྲོ་འོང་དང་། སྨྲ་བརྗོད། ཆོས་དད། སྐད་ཡིག རིག་གཞུང་སྲུང་སྐྱོབ་སོགས་བྱ་རྒྱུའི་རང་དབང་ཡོངས་སུ་བྲལ་ཏེ། རྒྱ་ནག་སྐད་ཡིག་གཅིག་གྱུར་ཟེར་བའི་སྲིད་བྱུས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་དང་། རིག་གཞུང་གི་རྨང་གཞི་བོད་ཀྱི་སྐད་ཡིག་རྩ་བརླག་ཏུ་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད་པར་བརྟེན། གཞིས་བཞུགས་བོད་མི་རྣམས་ཀྱིས་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་བྱ་བ་རླབས་ཆེན་གནང་དང་གནང་མུས་ལ་བསྔགས་བརྗོད་ཞུ་རྒྱུ་དང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཆེ་ཕྲ་ཡོངས་ཀྱིས་མིག་མདུན་གྱི་ཁེ་ཕན་ཁོ་ན་ཙམ་ལ་མ་གཟིགས་པར། མ་འོངས་བོད་མི་རིགས་དང་། རིག་གཞུང་གོ་ལ་འདིའི་ཐོག་གནས་དང་མི་གནས་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད་པས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྔར་ལས་ཤུགས་ཆེར་དམ་དོན་གནང་དགོས་པ་གལ་ཆེ་ཞིག་ཆགས་ཡོད།
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་ད་བར་བོད་ནང་ཤེས་རྟོགས་ར་འཕྲོད་གསལ་པོར་བྱུང་བ་བོད་མི་གྲངས་ ༡༤༩ ཡིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བའི་ཁྲོད་ཁག་ཅིག་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་། དམག་མི་བཅས་ནས་སྐབས་དེར་བཙན་ཁྲིད་ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཁོངས་འདི་ལོར་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་དང་། བློ་བཟང་སྐལ་བཟང་ལགས། བློ་བཟང་དཀོན་མཆོག་ལགས་བཅས་གློད་བཀྲོལ་བཏང་ཡོད་གནས་འདུག་ཀྱང་། བློ་བཟང་དཀོན་མཆོག་ལགས་ཀྱི་རྐང་པ་གཡས་པ་བཏུབ་ཡོད་གནས་ཙམ་ལས་ཁོང་རྣམས་བཙོན་འཇུག་བྱས་རིང་མནར་གཅོད་རྡུང་རྡེག་ཇི་མྱོང་དང་། བཙོན་གྲོལ་བཏང་རྗེས་སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན། རྒྱ་གཞུང་ནས་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་གསོན་པོར་གནས་པ་ཡོངས་ཀྱི་སྐུ་གཟུགས་འཕྲོད་བསྟེན་ལ་འགན་ཁུར་དགོས་པ་དང་། རྒྱལ་སྤྱིའི་ནང་གཞུང་དང་། བོད་དོན་རྒྱབ་སྐྱོར་གནང་མཁན། རང་དབང་གི་རྟོག་ཞིབ་པ་རྣམས་ཀྱིས་ཁོང་རྣམས་ཐུག་འཕྲད་དམ་ཡང་ན་ཁོང་རྣམས་ཀྱི་འཕྲོད་བསྟེན་གནས་བབ་ལ་རྒྱུས་ལོན་དང་། དོ་ཁུར་གྱིས་ཕྱི་ཕྱོགས་སུ་སྨན་བཅོས་ཡོང་ཐབས་བྱ་དགོས་པ་གོ་སྐབས་འདི་བརྒྱུད་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
ཡང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་ཁོང་གིས། རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་དང་ཀུན་སྤྱོད་ལས་ཡོངས་སུ་བརྒལ་བའི་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་སོགས་ད་བར་བོད་ནང་རྒྱ་གཞུང་གི་ལས་འགུལ་ཟམ་མ་ཆད་པ་སྤེལ་ནས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་པ་ཆགས་འཇིག་གི་གནས་སུ་གྱར་ཡོད་པ་དང་། དེང་སྐབས་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་”ཟེར་བའི་ལས་འགུལ་སྤེལ་ནས་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་དང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་ཀྱིས་བསམ་བློ་དང་ཀུན་སྤྱོད་ཀྱི་རང་དབང་མེད་པར་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་ཟེར་བའི་དམར་ཤོག་ལྟ་གྲུབ་ཀྱིས་བོད་ནང་འགྲོ་བ་མིའི་བསམ་སྤྱོད་ཀྱི་རང་དབང་དང་། འགྲོ་འོང་གི་རང་དབང་། ཆོས་དད་ཀྱི་རང་དབང་བཅས་ཡེ་ནས་མེད་པར་ཆེས་མུན་ནག་གི་གནས་སུ་ལྷུང་ཡོད།
བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་གིས་མཚོན་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཚད་ལས་བརྒལ་བ་བཏང་དང་གཏོང་མུས་ཐོག ཨ་མྱེས་རྨ་ཆེན་གྱི་དྷི་གནས་སུ་ཟངས་གཏེར་སྔོགས་བཞིན་པ་དང་། ཧོར་གཙང་གཉའ་གོང་བྲག་དཀར་མཁའ་འགྲོའི་ཕོ་བྲང་གི་འགག་སྒོ་གཏོར་བཤིག མཚོ་སྔོན་པོའི་ཉེ་འཁོར་ནས་རྡོ་སོལ་དབོར་འདྲེན་དང་ཧ་ཡང་བཟོ་གྲྭ་བཙུགས་པ་སོགས་ཀྱི་ཁོར་ཡུག་ཉམས་རྒུད་དང་། ཡུལ་མིར་དཀའ་ངལ་ཚད་ལས་བརྒལ་བ་འཕྲད་བཞིན་ཡོད། རྒྱ་གཞུང་གིས་དཔལ་འབྱོར་ཡར་རྒྱས་ལ་ཁ་གཡར་ནས་བོད་ནང་”དམངས་ཕྱུག་བོད་དར་”ཟེར་བའི་ལས་འགུལ་སྤེལ་ནས་རང་བྱུང་གཏེར་ཁའི་ཐོན་ཁུངས་གང་ཡོད་ཀྱི་ས་གནས་ཁག་ནང་། རྒྱ་རིགས་ཁེ་ལས་པ་ཁག་གིས་མ་དངུལ་ཕོན་ཆེ་བཏང་ནས་ས་གནས་བོད་རིགས་མི་མང་ལ་མི་རིགས་ས་གནས་ཡར་རྒྱས་གཏོང་རྒྱུའི་ཐོབ་ཐང་མེད་པར་བོད་སའི་རང་བྱུང་ཐོན་ཁུངས་གཏེར་ཁ་སྔོག་འདོན་དང་། ཨར་སྐྲུན། ལམ་བཟོ་སོགས་འཛུགས་སྐྲུན་གྱི་དབང་ཆ་ཡོངས་རྫོགས་རང་སྐྱོང་གི་ས་ཁོངས་ནས་བརྒལ་ཏེ་ཡོང་བའི་རྒྱ་མིའི་ཁེ་ལས་པ་ཚོས་ཧམ་འཕྲོག་བྱེད་བཞིན་ཡོད། འདི་ལོར་སོག་རྫོང་དུ་བརྒྱད་གཅིག་དམག་གི་དུས་ཆེན་སྲུང་བརྩི་བྱེད་དགོས་པ་དང་། དུས་སྟོན་མཛད་སྒོའི་ཐོག་གཅན་གཟན་པགས་རིགས་ངེས་པར་དུ་གྱོན་དགོས་པའི་བཙན་བཀའ་ཡང་བཏང་འདུག ལྷག་པར་དུ་སྔར་བྱུང་མ་མྱོང་བ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མོས་མཐུན་ཡོད་མེད་ལ་མི་ལྟོས་པར་རྒྱ་གཞུང་གིས་བོད་ཀྱི་ས་མཚམས་ཁག་ཅིག་ཏུ་ལྕགས་ལམ་བཟོ་བསྐྲུན་དང་། དྲག་པོའི་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱེད་བཞིན་པ་ནི། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་བཙན་འཛུལ་གྱི་བྱ་ངན་ད་དུང་མུ་མཐུད་སྤེལ་འཆར་གྱི་སྔོན་རྟགས་གསལ་པོ་ཆགས་ཡོད།
འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་རྒྱ་ནག་པེ་ཅིང་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་ནས་ལོ་ངོ་ ༩༠ འཁོར་བའི་དུས་དྲན་ཟེར་བའི་ཐོག་སྲིད་འཛིན་ཞི་ཅིང་ཕིང་གིས་གཏམ་བཤད་ནང་བཅིངས་འགྲོལ་དམག་དེ་གནས་སྟངས་ཛ་དྲག་སྐབས་གཞུང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་སྐོར་བརྗོད་ནས། ཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་མང་གཙོ་ཕྱོགས་གཏོགས་པ་ཚོའི་ངོ་རྒོལ་ལ་ཁྲག་དྲི་འཐུལ་བའི་དྲག་གནོན་བྱས་ཡོད་པ་སོགས་ཀྱི་སྐོར་ནན་བཤད་བྱས་པར་གཞིགས་ན་རྒྱ་གཞུང་གིས་དམར་ཤོག་གི་སྲིད་བྱུས་རྒྱུན་འཁྱོངས་དང་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་རྟགས་མཚན་མངོན་གསལ་ཆེ་རུ་འགྲོ་བཞིན་ཡོད། ཅེས་གསུངས་སོང་།
དམིགས་བསལ་སྐུ་མགྲོན་སྐུ་ཞབས་སི་ཁ་ལེ་ཊིར་ (Carl Schlyter) ལགས་ཀྱིས། དེ་རིང་ངས་འདི་གར་ཕེབས་པའི་གྲོས་ཚོགས་འཐུས་མི་དང་ནང་པའི་དབུ་འཁྲིད། སློབ་ཕྲུག་དང་བཅས་པ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ང་རང་ཡང་རྒྱལ་ཁབ་ཆུང་ཆུང་ཞིག་ནས་ཡོང་བ་ཡིན་ལ། ང་ཚོའི་རྒྱལ་ཁབ་ལ་རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་དུས་ཡུན་རིང་པོའི་ལོ་རྒྱུས་ཕུན་སུམ་ཚོགས་པོ་ཡོད། ང་དེ་རིང་འདིར་ཁྱེད་ཚོ་དང་ལྷན་འཛོམས་བྱུང་བ་ནི་རང་གི་ཕ་ཡུལ་དུ་འབྱོར་བ་ལྟ་བུའི་ཚོར་སྣང་བྱུང་། ངའི་རྒྱལ་ཁབ་ནི་འཚིག་ཇ་འཐུང་བའི་རྒྱལ་ཁབ་ཅིག་ཡིན་ལ། ང་རང་ཡུལ་ལུང་གང་དུ་ཕྱིན་ནའང་། ངས་རང་ཡུལ་གྱི་འཚིག་ཇ་འཐུང་གི་ཡོད། ངས་ཤ་ཟ་གི་མེད། འདིར་ཤ་མེད་ཟས་རིགས་ཡོད་པས་ང་རང་ཧ་ཅང་དགའ་བོ་བྱུང་། ས་ཕྱོགས་གང་དུ་ཕྱིན་ཡང་ངས་བྱམས་བརྩེ་གཙོ་བོར་འཛིན་གྱི་ཡོད་ལ། དེ་ནི་མི་དང་མིའི་བར་ཞི་འགྲིག་གི་འབྲེལ་ལམ་འཛུགས་པའི་རྨང་གཞི་ཡིན་པར་བསམ་གྱི་ཡོད། སྔོན་ཆད་ང་ཚོའི་རྒྱལ་ཁབ་ཀྱང་སྟོབས་ཆེན་རྒྱལ་ཁབ་གཞན་གྱིས་མཐའ་བསྐོར་བའི་དཀའ་རྙོག་མང་པོར་ཕྲད་མྱོང་། དེ་རིང་ངས་ཁྱེད་རང་ཚོར་ངའི་རྒྱལ་ཁབ་ཀྱི་གཏམ་བརྒྱུད་ཅིག་བཤད་རྒྱུ་ཡིན་ལ། དེས་ཁྱེད་རང་ཚོར་སེམས་ཤུགས་སྤར་ཐུབ་པའི་རེ་བ་ཡོད། ང་ཚོ་ཡང་སྔོན་ཆད་འཛད་མཐའ་མེད་པའི་དམག་འཁྲུག་གི་དཀའ་རྙོག་ལ་ཕྲད་མྱོང་ཡང་། ལོ་ངོ་ ༣༠༠ ཡི་སྔོན་ནས་ང་ཚོ་དམངས་གཙོའི་ལམ་དུ་བསྐྱོད་པ་ཡིན། དེ་སྔོན་ང་ཚོར་ཁྱེད་རང་ཚོའི་དབུ་འཁྲིད་༧གོང་ས་ཏཱ་ལའི་བླ་མ་ལྟ་བུའི་དབུ་འཁྲིད་ཅིག་མེད་པ་དེ་ནི་ང་ཚོའི་དུས་ཡུན་རིང་བོའི་དཀའ་ཁག་ཏུ་གྱུར་བ་རེད། དེར་བརྟེན་ང་ཚོས་རྒྱལ་པོའི་སྲིད་དབང་བསྒྱུར་ཏེ་དམངས་གཙོའི་ལམ་ནས་དབུ་འཁྲིད་འོས་འདེབས་ཐུབ་པ་བྱུང་བར་བརྟེན། འདས་པའི་ལོ་ངོ་སུམ་བརྒྱའི་རིང་ལ་སུ་ཝེ་ཌན་ནང་ཞི་བདེ་བྱུང་བ་དང་། ལོ་ངོ་དེ་དག་རིང་སུ་ཝེ་ཌན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་བར་དམག་འཁྲུག་ཐེངས་གཅིག་ཀྱང་བྱུང་མེད། དེ་བཞིན་མི་འགྱང་བར་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་ཕྱིན་ཏེ། བོད་མི་ཚོར་ཡང་སོ་སོའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། མི་རིགས་ཀྱི་ངོ་བོ་དང་བཅས་པ་སྲུང་སྐྱོབ་བྱེད་པ་དང་རང་དབང་གི་འཚོ་བ་རོལ་བའི་ཐོབ་ཐང་ཡོད་པར་ངས་རེ་བ་བྱེད་ཀྱི་ཡོད། རྒྱུ་མཚན་ནི། ང་ཚོས་ཀྱང་སྔོན་ཆད་སོ་སོའི་ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་བར་དམག་འཁྲུག་བརྒྱབས་ཀྱང་། ད་ཆར་ང་ཚོ་ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་ཞི་འགྲིག་བྱུང་ཡོད་སྟབས། བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཀྱང་དེ་ལྟར་ཞི་འགྲིག་ཡོང་བར་ངས་རེ་བ་བྱེད་ཀྱི་ཡོད། བོད་རྒྱ་གཉིས་ཞི་འགྲིག་ཡོང་བའི་ཐབས་ལམ་གཙོ་བོ་དེ་༧གོང་ས་ཏཱ་ལའི་བླ་མཆོག་གིས་བཏོན་པའི་གཉིས་སྨན་དབུ་མའི་ལམ་རེད། དབུ་མའི་ལམ་ནི་ང་ཚོའི་རྒྱལ་ཁབ་དང་མི་རིགས་ལའང་འབྲེལ་བ་ཆེན་པོ་ཆགས་ཡོད། རྒྱུ་མཚན་ནི། ང་ཚོའི་རིག་གཞུང་ནང་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། གལ་ཏེ་ཁྱེད་ཀྱིས་མི་གཞན་གྱི་མངོན་འདོད་ལ་བསམ་ཤེས་ཐུབ་ཚེ། དེ་ནི་མི་རིགས་ཕན་ཚུན་གྱི་བར་ཞི་བའི་འབྲེལ་མོལ་ཡོང་བའི་རྨང་གཞི་ཡིན་པ་རེད། དེར་བརྟེན། གཉིས་སྨན་དབུ་མའི་ལམ་ནས་བོད་རྒྱ་གཉིས་ཞི་འགྲིག་ཡོང་བར་ངས་རེ་བ་བྱེད་ཀྱི་ཡོད། ཅེས་སོགས་གསུངས་སོང་།
དེའི་རྗེས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་སྐབས་བོད་མི་ཚོས་དམངས་གཙོ་ལོངས་སུ་སྤྱོད་ཐབས་ཡང་དག་པའི་ཐོག་ནས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་སྐོར་འབོད་སྐུལ་གནང་དོན། སྤྱིར་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་མང་པོ་ཡོང་ཆོག་པ་ཞིག་ཡིན་ནའང་། དེ་དག་ལ་བརྟེན་ནས་ནང་ཁུལ་འགལ་ཟླ་དང་། འཁྲུག་རྩོད། ཕྱོགས་སྒྲིལ་བཅས་བྱུང་ན་ཕན་ལས་གནོད་ཚབས་ཆེ་བ་འགྱུར་ངེས་ཡིན་པ་འགྲེལ་བཤད་མི་དགོས་པ་ཞིག་རེད། དེ་བཞིན་མང་གཙོའི་ལམ་ལུགས་ནང་ཐོབ་ཐང་དང་འགན་འཁུར་གཉིས་ནི་ཊམ་ཀ་གཅིག་གི་ངོས་གཉིས་ལྟར་ཕན་ཚུན་ཡ་མ་བྲལ་བར་འགྲོ་དགོས་པ་ལས། འགན་འཁུར་རྩ་བ་ནས་མི་དགོས་པའི་སྨྲ་བརྗོད་རང་དབང་སོགས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱེད་རློམ་གྱིས་སྐད་འཕྲིན་ཟེར་བ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁུངས་མེད་དཀྲོགས་གཏམ་སྤེལ་བ་དང་། གཞི་མེད་སྐྱོན་འཛུགས་བྱེད་པ། ནང་ཁུལ་འཁྲུག་རྐྱེན་བཟོ་བ་སོགས་ནི་ཁྲིམས་ལུགས་དང་བཟང་སྤྱོད་གཉིས་ཀ་དང་ཡོངས་སུ་འགལ་བ་མ་ཟད། དགྲ་བོ་དང་དགྲ་བོའི་རྒྱུགས་ཁྱི་ཚོགས་སྒེར་རྣམས་ལ་དགོས་པའི་གལ་ཆེའི་ལག་ཆར་འགྱུར་ངེས་ཡིན་པས། རང་རིགས་རྒན་གཞོན་སུ་ཐད་ནས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་རིགས་ལ་ཡིད་གཟབ་དང་བླང་དོར་འཛོལ་མེད་གནང་དགོས་པའི་སྐུལ་འདེབས་དང་བརྡ་སྟོན་ནན་པོ་བྱ་རྒྱུ་ཡིན། ཞེས་གསུངས་སོང་།
ཡང་རང་ལུས་མེར་བསྲེགས་གཏོང་རྒྱུ་མེད་པའི་སྐོར་ལ་ཁོང་གིས། བཀའ་ཤག་གི་ངོས་ནས་བོད་མིའི་རྩ་དོན་ཆེད་རང་གི་ལུས་སྲོག་བློས་བཏང་གནང་མཁན་བོད་མི་ཡོངས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་གུས་བཏུད་དང་བསྔགས་བརྗོད་མུ་མཐུད་ཞུ་རྒྱུ་ཡིན་ནའང་། སྤྱིར་མིའི་ཚེ་སྲོག་དང་བྱེ་བྲག་བོད་མིའི་ཚེ་སྲོག་ལ་རིན་ཐང་གཏན་ནས་མི་བརྩི་བའི་དམར་པོའི་སྲིད་གཞུང་ཞིག་ལ་ཤིན་ཏུ་རིན་ཐང་ཆེ་བའི་བོད་མིའི་སྲོག་མཆོད་རྒྱུན་འབུལ་བྱེད་པ་དེའི་གནས་སྟངས་གང་ཅི་བསྐྱར་ཞིབ་ཕྱོགས་བསྡོམས་བྱས་དོན། སླད་ཕྱིན་ཆད་གཞིས་བྱེས་གཉིས་འཁོད་བོད་མི་རྣམས་ནས་རང་ལུས་མེར་སྲེག་རྩ་བ་ནས་མ་གནང་རོགས་ཞེས་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན། ལྷག་པར་བཙན་བྱོལ་བོད་མི་རྣམས་ནས་རང་དབང་གི་ཁོར་ཡུག་དང་རང་གི་རྣམ་དཔྱོད་མཁོ་སྤྱོད་བྱས་ཏེ། བོད་དང་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ལས་དོན་དང་ལས་འགུལ་གང་འདྲ་ཞིག་སྤེལ་འདོད་ཀྱང་སྤེལ་རྒྱུའི་གོ་སྐབས་དང་མཐུན་རྐྱེན་ཡོད་པས། དེ་དག་ཐོག་ནུས་རྩལ་གང་ཡོད་འདོན་ཐབས་གནང་བ་ལས། རང་ཉིད་གསོན་སྲེག་གནང་རྒྱུའི་དགོངས་པ་རྩ་བ་ནས་མ་བཞེས་རོགས་ཞེས་དམིགས་བསལ་འབོད་སྐུལ་ཞུ་རྒྱུ་ཡིན། སྤྱིར་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་འཚེ་མེད་ཞི་བ་དང་། ཁྲིམས་མཐུན། ཆེ་མཐོང་དང་ལྡན་པ་བཅས་ཁྱད་ཆོས་གསུམ་ལྡན་དགོས་སྐོར་སྔོན་དུ་ལན་མང་ཞུས་ཟིན་ལྟར་སླར་ཡང་དྲན་བསྐུལ་ཞུ་རྒྱུ་ཡིན།
ད་ལམ་གོ་སྐབས་འདི་བརྒྱུད་བཀའ་ཤག་ནས་བོད་མི་སྤྱིར་འབོད་བསྐུལ་གྲོས་འདེབས་རེ་ཟུང་ཞུ་འདོད་བྱུང་། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ནང་ཡར་དཀོན་མཆོག་ལ་མཆོད་པ་འབུལ་བ་དང་མར་ངན་སློང་ལ་སྦྱིན་པ་གཏོང་བ་སོགས་གོམས་སྲོལ་བཟང་པོ་ཁག་ཅིག་ཡོད་མུས་ཐོག རང་གི་རྒྱུ་ནོར་བེད་སྤྱོད་གཏོང་ཕྱོགས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་དང་མཐུན་པར་སོ་སོའི་འཕྲོད་བསྟེན་དང་བྱ་བཞག་ལ་གནོད་གཞིའི་བག་མེད་ལོངས་སྤྱོད་རིགས་དང་། ཡང་རྒྱུ་ངོམས་སོགས་སླད་རང་ཉིད་ཀྱི་དགོས་གལ་ལས་ལྷག་པའི་རིན་ཐང་ཅན་གྱི་རྒྱུ་དངོས་ཉོ་སྒྲུབ་བདག་སྐྱོང་གི་ཆེད་དུ་མི་གཏོང་བར། སོ་སོའི་ཁྱིམ་ཚང་གི་འཕྲོད་བསྟེན་དང་། རྒྱུད་འཛིན་བུ་ཚ་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་། རང་རིགས་ཉམ་ཐག་རྣམས་ཀྱི་ལྟ་སྐྱོང་ལས་གཞི་བཅས་ཀྱི་ཐོག་གང་ཐུབ་གཏོང་ཐབས་གནང་རྒྱུ་གལ་ཆེན་ཡིན། དེའི་རྒྱུ་མཚན་ནི་ཤེས་ཡོན་དང་འཕྲོད་བསྟེན་གཉིས་ཀྱིས་ཕོངས་པའི་མི་རིགས་ནི་གཞན་གྱིས་རྩ་མེད་བཟོ་མི་དགོས་པར་རང་གི་ངང་གིས་རྩ་མེད་འགྲོ་རྒྱུ་ཡིན་པ་དང་། རྒྱ་ནག་དམར་པོའི་སྲིད་གཞུང་ནས་མངོན་གསལ་དང་མངོན་མེད་ཅི་རིགས་བརྒྱུད་བོད་མིའི་ཐོག་དེ་ལྟའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པའང་ཤེས་དགོས། དེར་བརྟེན་གཞིས་བཞུགས་སྤུན་ཟླ་རྣམས་ནས་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པ་གཙོ་གྱུར་བོད་ཀྱི་རིག་གནས་ཁག་ལ་སློབ་གཉེར་ངེས་པར་གནང་ཐོག རྒྱ་ནག་གི་སྐད་ཡིག་དང་ཁྲིམས་ལུགས་བཅས་ལའང་སློབ་སྦྱོང་གནང་སྟེ། བོད་མི་རིགས་ཀྱི་བདེན་དོན་དང་ཁྲིམས་མཐུན་ཐོབ་ཐང་ཁག་རྩོད་སྒྲུབ་ཐུབ་པ་དགོས་རྒྱུ་ཤིན་ཏུ་གལ་ཆེན་ཡིན། གཞན་ཡང་རང་རིགས་གཞིས་བྱེས་མི་རབས་རྒན་པ་རྣམས་ནས་སོ་སོའི་རྒྱུད་འཛིན་བུ་ཚ་རྣམས་དང་འགྲོག་འདྲིས་ཀྱི་དུས་ཚོད་འདང་ངེས་གཏོང་ཐབས་གནང་སྟེ་བོད་མི་རིགས་ཀྱི་གོམས་གཤིས་བཟང་པོ་རྣམས་མི་རབས་གཞོན་པ་ཚོར་འཇགས་ཐབས་གནང་རྒྱུའང་ཤིན་ཏུ་གལ་ཆེན་ཡིན་པ་བཅས་གོང་ཞུས་དོན་ཚན་ཁག་ལ་ཐུགས་སྣང་ཉམས་བཞེས་གང་ཟབ་ཡོང་བའི་དམིགས་བསལ་སྐུལ་འདེབས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
མཇུག་ཏུ་རྒྱ་ནག་གཞུང་གིས་དུས་ཚོད་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་སྐོར་ཁོང་གིས། འདི་ལོ་ཕྱི་ཟླ་ ༣ ཙམ་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་”ཟེར་བ་སྤེལ་འགོ་བཙུགས་ཡོད་པ་དང་། “མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ་”ཟེར་བའི་ལས་དོན་འོག་ནས་ཁ་བྲལ་ལ་ངོ་རྒོལ་དང་༸གོང་ས་མཆོག་ལ་མཚན་སྨོད་ཞུ་ཤུགས་ཆེ་རུ་བཏང་ཡོད་འདུག རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་རྒྱའི་དཀའ་རྙོག་སེལ་འདོད་ཡོད་ཚེ་༸གོང་ས་མཆོག་ལ་ཁ་བྲལ་བའི་མཚན་སྨོད་ཞུ་མཚམས་འཕྲལ་དུ་འཇོག་དགོས། རྒྱུ་མཚན་ནི་གཟུར་གནས་རྒྱལ་སྤྱིའི་མཁས་དབང་དང་ཆེས་མཐོའི་དབུ་འཁྲིད་མང་པོས་ངོས་འཛིན་གསལ་པོ་གནང་ཡོད་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བྱེད་ཀྱི་ལྡེ་མིག་ལྟ་བུ་དེར་གྱུར་ཡོད་པ་ལས། དེའི་དགག་རྡོ་ལྟ་བུའི་འགལ་རྐྱེན་གཏན་ནས་མིན་པས། རྒྱ་གཞུང་ནས་དེ་ལྟར་ངོས་འཛིན་གསལ་པོ་དང་དུས་ཚོད་དམ་འཛིན་བྱས་པའི་སྒོ་ནས་བོད་དོན་འགྲིག་འཇགས་གང་མྱུར་ཡོང་སླད་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་འགོ་འཛུགས་དགོས་པར་ད་རེས་སླར་ཡང་ནན་བརྗོད་དང་སྐུལ་འདེབས་བྱ་རྒྱུ་ཡིན། འདི་ལོའི་ལོ་སྨད་དུ་རྒྱ་ནག་ཏང་གི་ཚོགས་ཆེན་ ༡༩ པའི་སྐབས་འགོ་འཁྲིད་འཕོ་འགྱུར་ཟིན་རྗེས་བོད་དོན་ཐོག་གྲོས་མོལ་འགོ་འཛུགས་ཡོང་བའི་རེ་བ་བྱེད་བཞིན་ཡོད། བཀའ་ཤག་གི་ངོས་ནས་༸གོང་ས་མཆོག་ནས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་ཐབས་བྱུས་རྒྱུན་སྐྱོང་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཁོ་ན་རྩོད་སྒྲུབ་བྱ་རྒྱུ་ཡིན་ཞེས་བསྐྱར་བརྗོད་བྱ་རྒྱུ་ཡིན། ཞེས་གསུངས་འདུག
སྐུ་མགྲོན་གཙོ་བོ་ཁོལ་སིང་ཐ་ཁོར་(Kaul Singh Thakur) མཆོག་གིིས།༸གོང་ས་རྒྱལ་བ་རིན་པོ་ཆེ་ཕྱི་ལོ་ ༡༩༥༩ ནས་རྒྱ་གར་ཏུ་བཙན་བྱོལ་ལ་སླེབས་པ་ནས་བཟུང་ད་བར་བོད་ཀྱི་དམངས་གཙོ་དུས་དྲན་སྲུང་གཙི་གནང་ཡོད་པ་རེད། གལ་སྲིད་ང་ལ་གཞུང་གང་འདྲ་ཞིག་ཡག་ཤོས་རེད་ཅེས་དྲིས་པ་ཡིན་ན། ངས་ཐད་ཀར་དམངས་གཙོའི་གཞུང་དེ་ཡག་ཤོས་རེད་ལབ་ཀྱི་ཡིན། གང་ཡིན་ཟེར་ན་དམངས་གཙོའི་གཞུང་གི་མི་མང་ལ་རང་དབང་དང་ཐོབ་ཐང་ཡོད་པ་རེད། མི་མང་ལ་སོ་སོའི་འགོ་འཁྲིད་དང་གྲོས་ཚོགས་འདེམས་ཆོག་པའི་དབང་ཆ་ཆ་ཚང་ཡང་ཡོད་པ་རེད། ཧི་མ་ཅལ་མངའ་སྡེ་འདི་བསོད་ནམས་ཅན་ཞིག་རེད། གང་ཡིན་ཟེར་ན། ༸གོང་ས་རྒྱལ་བ་རིན་པོ་ཆེ་དྷ་རམ་ས་ལར་བཞུགས་ཡོད་པ་རེད། ཁོང་ནི་འཛམ་གླིང་ལ་སྙན་གྲགས་ཆེ་བའི་མི་སྣ་ཞིག་ཡིན་པ་མ་ཟད་འཛམ་གླིང་གིས་ཁོང་ལ་ཆེ་མཐོང་ཆེན་པོ་ཞུ་ཡི་ཡོད། དཔལ་ལྡན་ཚོགས་གཞོན་ཀྱིས་གསུངས་པ་བཞིན་བོད་མི་ ༡༤༩ ཡིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ཁོང་ཚོའི་མངོན་འདོད་དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་རྒྱལ་བ་རིན་ཆེ་པོ་མཆོག་བོད་དུ་གདན་འདྲེན་ཞུས་དགོས་པ་དེ་ཡིན་པས་ང་ཚོས་ཀྱང་དེ་ལ་སྨོན་ལམ་རྒྱག་གི་ཡོད་ཅེས་དང་། ངས་དགའ་སྤོབས་ཆེན་པོས་ཞུ་རྒྱུར་བོད་མི་འབུམ་གཅིག་ལྷག་རྒྱ་གར་ནང་གནས་སྡོད་བྱེད་ཀྱི་ཡོད་པ་དང་། བོད་མི་སྟོང་ཕྲག་ ༦༠ ཙམ་ཕྱིའི་རྒྱལ་ཁབ་ཁག་ནང་གཏན་སྡོད་བྱེད་ཀྱི་ཡོད། ཧི་མ་ཅལ་མངའ་སྡེ་གཞུང་གིས་ཁྱེད་རང་ཚོར་རོགས་སྐྱོར་དང་གོ་སྐབས་སྣ་ཚོགས་སྐྲུན་ཐབས་བྱེད་ཀྱི་ཡོད། ཉེ་ཆར་སིམ་ལར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་དང་ཐུགས་འཕྲད་བྱུང་སོང་། སྐབས་དེར་ཚན་རིག་ཐོག་བོད་པའི་སློབ་ཕྲུག་བདུན་ལ་མཐོ་སློབ་ཀྱི་ས་མིག་གནང་ཐུབ་པ་བྱུང་ཡོད། སྔོན་ཆད་རྐུབ་སྟེགས་གཉིས་ལས་མེད་ཀྱང་ད་ལན་ཡར་སྤར་ཐུབ་པ་བྱུང་ཡོད་ལ། མ་འོངས་པར་མུ་མཐུད་སྨན་གྱི་ཐོག་སློབ་སྦྱོང་བྱེད་མཁན་ལ་མུ་མཐུད་གོ་སྐབས་སྐྲུན་ཐབས་བྱ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
དེ་ཡང་མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་སློབ་ཡོན་བྱ་དགའ་དང་སྲིད་སྐྱོང་ཆེད་ལས་རིགས་གཅིག་རྐང་འཛིན་གྱི་བྱ་དགའ། དེ་བཞིན་ཚོང་པ་བཅུ་ལ་རོགས་སྐྱོར་མ་དངུལ་བྱ་དགའ་བཅས་གནང་སོང་། འདི་ལོའི་སྲིད་སྐྱོང་ཆེད་ལས་རིགས་གཅིག་རྐང་འཛིན་བྱ་དགའ་ཐོབ་མཁན་ལྔ་ནི། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནང་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན་པ་ཨོ་རྒྱན་ལགས་དང་། མད་རཱ་སུ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན་པ་འཕྲིན་ལས་དཔལ་སྒྲོན། མེ་སོར་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན་པ་བསྟན་འཛིན་ཚེས་སྐྱིད། མད་རཱ་སི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན་པ་བསྟན་འཛིན་ཚུལ་ཁྲིམས། ཨ་རིའི་ནི་འུ་ཡོག་བྷོ་ཧྥ་ལོ་University of Buffalo, New York གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིགས་གཅིག་རྐང་འཛིན་བསླབ་པ་མཐར་སོན་པ་བསྟན་འཛིན་དངོས་གྲུབ་བཅས་རེད།
དེ་བཞིན་འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཚན་རིག་དང་སྒྱུ་རྩལ། ཚོང་རིག་བཅས་ཀྱིས་དགའ་ལྡན་ཕོ་བྲང་གི་སློབ་ཡོན་བྱ་དགའ་ཐོབ་མཁན་སློབ་ཕྲུག་བཅུ་གཉིས་ཡོད་པ་ནི། ཚན་རིག་སྡེ་ཚན་ལས་ཨང་དང་པོ་ཐོབ་མཁན་ཀ་སྦུག་གཏན་སློབ་གྱི་སློབ་མ་བསམ་གཏན་ལགས་སུ་བརྒྱ་ཆ་ ༩༠༌༦་དང་། ཨང་གཉིས་པ་མོན་གྷོ་གཏན་སློབ་གྱི་སློབ་མ་ཀུན་དགའ་འཆི་མེད་ལགས་སུ་བརྒྱ་ཆ་ ༨༨༌༨་དང་། མོན་གྷོ་གཏན་སློབ་གྱི་སློབ་མ་ལྷ་མོ་ཆོས་སྒྲོན་ལགས་སུ་བརྒྱ་ཆ་ ༨༨༌༨། ཨང་གསུམ་པ་མོན་གྷོ་གཏན་སློབ་གྱི་སློབ་མ་ཡེ་ཤེས་ཆོས་སྒྲོན་ལགས་སུ་བརྒྱ་ཆ་ ༨༨༌༤།
སྒྱུ་རྩལ་སྡེ་ཚན་ལས་ཨང་དང་པོ་མ་སུ་རི་བོད་ཁྱིམ་སློབ་མ་བསྟན་འཛིན་འཆི་མེད་ལགས་སུ་བརྒྱ་ཆ ༩༢༌༢་དང་། ཨང་གཉིས་པ་སུ་ཇཱ་བོད་ཁྱིམ་གྱི་སློབ་མ་རིན་ཆེན་སྐྱིད་ལགས་སུ་བརྒྱ་ཆ་ ༩༠༌༤་དང་། གྷོ་པལ་པུར་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་མཚོ་ལགས་བརྒྱ་ཆ་ ༩༠༌༤། ཨང་གསུམ་པ་སུ་ཇཱ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་གཡང་སྒྲོན་ལགས་སུ་བརྒྱ་ཆ་ ༩༠༌༢།
ཚོང་རིག་སྡེ་ཚན་ལས་ཨང་དང་པོ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བཟང་མོ་ལགས་སུ་བརྒྱ་ཆ་ ༨༧༌༨་དང་། ཨང་གཉིས་པ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་ལྷག་པ་བསོད་ནམས་ལགས་སུ་བརྒྱ་ཆ་ ༨༢༌༦་དང་། དྷ་སྟེང་བོད་ཁྱིམ་གྱི་སློབ་མ་ཁ་བཤད་དབང་མོ་ལགས་སུ་བརྒྱ་ཆ་ ༨༢༌༦། ཨང་གསུམ་པ་མོན་གྷོ་གཏན་སློབ་གྱི་སློབ་མ་བསྟན་འཛིན་དབང་ལྡན་ལགས་སུ་བརྒྱ་ཆ ༨༢ བཅས་རེད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
ཡང་རེ་སྟོང་རྒྱག་ལས་གཞན་བྱེད་ཡ་མེད་་་་་་་་་་
ང་ཚོ་བོད་པའི་ཁ་དཔེ་ལ། བོད་རེ་བས་འཕུང་། རྒྱ་དོགས་པས་འཕུང་། ཞེས་པའི་དཔེ་དེ་དོན་དངོས་ལ་སྔ་ནས་གནས་བསྡད་ཡོད། དམར་ཤོག་གཅིག་སྡུད་ཀྱི་ལམ་ལུགས་འཛིན་མཁན་གྱི་འགོ་གཙོ་བརྗེ་འགྱུར་བཏང་ན་ང་ཚོ་བོད་མི་རིགས་ལ་ཁེ་ཕན་གྱི་རེ་དོགས་བཅིང་བ་ནི་ཅུང་་་་་་་་་་་་་་་་་དྲག་པ་མིན་ནམ། དེ་ལྟ་བུའི་ཚོད་དཔག་བྱ་ནུས་པ་ལ་ཆབ་སྲིད་ཚན་རིག་གི་མྱོང་བ་ཚད་མཐོའི་སྒོ་ནས་བརྗོད་ནུས་པ་ཞིག་ལས་རེ་བ་ཁོ་ན་ལ་དབུག་དབྱུང་ནས་གསུངས་པ་ནི་ཕྲན་བུའི་བློ་མ་བདེ་བར་གྱུར། རེ་བ་བཟང་ས་ནས་རྒྱག་ཆོག་པ་ཞིག་སྨྲ་རུང་ན། གྲ་སྒྲིག་ཀྱང་སྡུག་ས་ནས་བྱ་དགོས་པ་ལན་དུ་དེ་བས་སྨྲ་རུང་བས་ན། སྡུག་ས་ནས་བྱས་པའི་གྲ་སྒྲིག་གང་དང་གང་ཞིག་བྱས་དང་བྱེད་བཞིན་བྱ་འགྱུར་ཐ་དག་བརྗོད་དགོས་པ་མིན་ནམ་སྙམ།
གསར་འགོད་པས། དམིགས་བསལ་སྐུ་མགྲོན་ལ་དཔལ་ལྡན་སྲིད་ཚབ་བྱམས་པ་ཐུབ་བསྟན་མཆོག་ཞེས་བཀོད་འདུག་པ་མི་དབང་དེ་སུ་ཡིན་ནམ།
མང་གཙོའི་ལམ་ལུགས་ནང་ཐོབ་ཐང་དང་འགན་འཁུར་གཉིས་ནི་ཊམ་ཀ་གཅིག་གི་ངོས་གཉིས་ལྟར་ཕན་ཚུན་ཡ་མ་བྲལ་བར་འགྲོ་དགོས་པ་ལས། འགན་འཁུར་རྩ་བ་ནས་མི་དགོས་པའི་སྨྲ་བརྗོད་རང་དབང་སོགས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱེད་རློམ་གྱིས་སྐད་འཕྲིན་ཟེར་བ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁུངས་མེད་དཀྲོགས་གཏམ་སྤེལ་བ་དང་། གཞི་མེད་སྐྱོན་འཛུགས་བྱེད་པ། ནང་ཁུལ་འཁྲུག་རྐྱེན་བཟོ་བ་སོགས་ནི་ཁྲིམས་ལུགས་དང་བཟང་སྤྱོད་གཉིས་ཀ་དང་ཡོངས་སུ་འགལ་བ་མ་ཟད། དགྲ་བོ་དང་དགྲ་བོའི་རྒྱུགས་ཁྱི་ཚོགས་སྒེར་རྣམས་ལ་དགོས་པའི་གལ་ཆེའི་ལག་ཆར་འགྱུར་ངེས་ཡིན་པས། རང་རིགས་རྒན་གཞོན་སུ་ཐད་ནས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་རིགས་ལ་ཡིད་གཟབ་དང་བླང་དོར་འཛོལ་མེད་གནང་དགོས་པའི་སྐུལ་འདེབས་དང་བརྡ་སྟོན་ནན་པོ་བྱ་རྒྱུ་ཡིན། ཞེས་གསུངས་སོང་།
སུད་སི་ནང་གི་བོད་མི་༣༠༠་ཙམ་རང་གནས་སུ་ཕྱིར་ལོག་དགོས་བའི་བརྡ་སྤྲད་འདུག
སུད་སིའི་ཕྱི་མི་གཞིས་ཆགས་དོ་དམ་ལས་ཁུངས་ནས་བོད་མི་སྐྱབས་བཅོལ་ཞུ་མཁན་རིགས་གཅིག་ལ་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲོད་རྒྱུའི་ཆ་རྐྱེན་མི་འདུག་པས་རང་གནས་སུ་ཕྱིར་ལོག་དགོས་ཞེས་བརྡ་ལན་སྤྲད་འདུག
དེ་ཡང་འདི་གའི་གསར་འགོད་པས་ས་གནས་ནས་གནས་ཚུལ་མཁོ་གཏོང་བྱས་པར་གཞིགས་ན། འདི་ཚེས་༢༧་ཉིན་སུད་སིའི་གྲོང་ཁྱེར་ཛུའུ་རེ་ནང་གི་བོད་རིགས་ཚོགས་ཁང་དུ། སུད་སིའི་བོད་རིགས་མི་མང་གི་འཐུས་མི་རྣམས་དང་། གཞན་ཕན་ཚོགས་པ། དེ་བཞིན་ས་གནས་སྐུ་ཚབ་དོན་གཅོད་ཀྱི་མི་སྣ་སོགས་འདུ་འཛོམས་ཀྱི་སར་སུད་སིའི་ཕྱི་མི་གཞིས་ཆགས་དོ་དམ་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཁར་ལོ་རན་གྱིས། དེང་སྐབས་སུད་སིར་སྐྱབས་བཅོལ་ཞུ་མཁན་ལོ་རེ་ནས་ལོ་རེར་བཞིན་མང་དུ་འགྲོ་གིན་ཡོད་པའི་ཁྲོད་ནས་བོད་མི་ཡང་མང་དུ་འགྲོ་གི་འདུག བོད་མི་དེ་དག་གི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་གྲོང་ཁྱེར་ཇི་ནེ་ཝར་བཅའ་བཞུགས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རང་དབང་ཅན་གྱི་ཚོགས་པའི་འགོ་ཁྲིད་རྣམས་དང་ང་ཚོའི་བར་བསམ་ཚུལ་བཤད་རྒྱུ་བྱུང་། དེ་བཞིན་རྒྱ་ནག་ནང་སྡོད་ཐབས་མེད་པར་ཡོ་རོབ་ནང་སྐྱབས་བཅོལ་ཞུ་མཁན་གྱི་བོད་མི་ཚོར་སྐྱབས་བཅོལ་གྱི་གནས་བབ་སྤྲོད་རྒྱུ་རེད་ཅེས་དང་། དེ་མིན་ཁོང་གིས། ལོ་མང་རིང་བོད་མི་མང་པོ་ཞིག་ལ་ཐོངས་མཆན་ལག་འཁྱེར་གང་ཡང་སྟོན་རྒྱུ་མེད་པར་རང་འཚམས་ཀྱིས་སུད་སིར་འཛུལ་ནས་བོད་ནས་ཡོང་བ་ཡིན་ཚུལ་དང་། སྐྱབས་བཅོལ་གྱི་གནས་བབ་མཁོ་སྤྲོད་དགོས་པའི་སྙན་ཞུ་འབུལ་མཁན་གྱི་རིགས་དེ་དག་ལ སུད་སི་གཞུང་ནས་འཚོ་བར་འགན་ལེན་དང་ཆབས་ཅིག ལོ་ནས་ལོ་བསྟུད་དེ་བོད་ནས་ཡོང་བ་ཡིན་མིན་འདྲི་རྩད་བརྟག་ཞིབ་བྱས་པ་བརྒྱུད། མི་གྲངས་༣༠༠་ཙམ་ལ་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲོད་དགོས་པའི་ཆ་རྐྱེན་ཚང་གི་མེད་པ་ཤེས་རྟོགས་བྱུང་རྗེས་ཁོང་ཚོ་ཚང་མར་ཕྱིར་ལོག་དགོས་པའི་བརྡ་ལན་སྤྲད་ཡིན་ལ་གལ་ཏེ་རང་འགུལ་གྱིས་ཕྱིར་ལོག་བྱས་ན་ལམ་གྲོན་བཤད་མ་དགོས་པར་ད་དུང་སུད་སིའི་སྒོར་མོ་༥༠༠༠་རེ་སྤྲོད་གནང་གི་ཡིན་ཞེས་བཤད་ཡོད་འདུག།
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།
http://www.rfa.org/tibetan/sargyur/asylum-for-tibetans-in-swiss-2017-08292017132424.html
༄༅༄༅། རྡ་སར་གནས་བཞུགས་བོད་མི་ཆེ་ཆུང་འབྲིང་གསུམ་ཡོངས་ལ་མང་གཙོའི་དུས་དྲ་་མཛད་སྒོ་
་་་་་་་གཟབ་རྒྱས་གནང་སོང་བཀྲིས་བདེ་ལེགས་ཡོད།
འདས་པའི་མི་ལོ་བཅུ་ཕྲག་དྲུག་ལ་ཉེ་བའི་བར་ང་ཚོའི་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ཞིག་འགྲོ་བའི་རེ་བ་ལ་སྐྱབས་བཅོལ་ནས་དུས་ཚོད་ཕྱིན་པ་ལ་ཕྱི་མིག་བལྟ་སྐབས་ང་ཚོ་ནི་རེ་བའི་འཁོར་ཡུག་ཏུ་ཚུད་པའི་སྤྱི་ཚོགས་ཙམ་ལས་ཆབ་སྲིད་ལ་འགྱུར་ལྡོག་དང་སྒོ་སྐབས་གཉེར་མ་ནུས་པའི་ཡ་རབས་བཟང་སྤྱོད་ལ་འགན་འཁུར་ནས་རང་ལས་གཞན་གཙོ་བོར་འཛིན་པའི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་གཉིས་ཀྱི་རྒྱུད་ལས་ཆད་པའི་བྱང་སེམས་དཀར་པོ་ལྷད་མེད་དུ་འཆར་བའི་མི་རིགས་ཞིག་ཡིན་པ་འཛམ་གླིང་ལ་དུས་རབས་ཉི་ཤུ་རྩ་གཅིག་ནང་ང་ཚོའི་ངོ་སྤྲད་པ་མ་རེད་དམ་?
དམིགས་བསལ་སྐུ་མགྲོན་ལ་དཔལ་ལྡན་སྲིད་ཚབ་བྱམས་པ་ཐུབ་བསྟན་མཆོག་ཟེར་ན་སུ་རེད་