དམར་ཤོག་གི་ཚོགས་ཆེན་ ༡༩ པ་བདུན་ཕྲག་གཅིག་རིང་ཚོགས་ཏེ་ཁ་སང་མཇུག་བསྡོམས་ཐོག རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་དགུ་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མཐོ་རིམ་མི་སྣ་བདུན་གཏན་འབེབ་བྱུང་བ་དེ་རིང་པེ་ཅིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་ཞི་ཅིན་ཕིན་གྱིས་གསལ་བསྒྲགས་བྱས་འདུག
མཐོ་རིམ་རྒྱུན་ལས་བདུན་གྱི་ལོ་རྒྱུས་སྙིང་བསྡུས།
བསྐྱར་དུ་སྲིད་འཛིན་ལ་བདམས་པའི་ཞི་ཅིན་ཕིན་ནི། ཕྱི་ལོ་ ༡༩༥༣ ཟླ་ ༦ ཚེས་ ༡༥ ཉིན་པེ་ཅིན་དུ་སྐྱེས་ཡོད་པ་དང་། ཕྱི་ལོ་ ༡༩༧༤ ཟླ་ ༡ པོའི་ནང་དམར་ཤོག་ཚོགས་ཁོངས་སུ་ཞུགས། ཁོས་ཆིང་ཧྭ་སློབ་ཆེན་སྤྱི་ཚོགས་ཚན་རིག་སློབ་གླིང་ནས་ཁྲིམས་ལུགས་རིག་པའི་ཐོག་འབུམ་རམས་པ་ཐོན། ཕྱི་ལོ་ ༡༩༩༩ ནས་༢༠༠༢ བར་ཧྥུའུ་ཅན་ཞིང་ཆེན་གྱི་དཔོན་པོ། ཕྱི་ལོ་ ༢༠༠༢ ནས་ ༢༠༠༧ བར་ཀྲེ་ཅང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་དང་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་བྱས། ཕྱི་ལོ་ ༢༠༡༢ ལོར་སྐབས་བཅོ་བརྒྱད་པའི་རྒྱ་ནག་དམར་ཤོག་གི་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་པ་དང་། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་བཅས་ཡིན་འདུག
བསྐྱར་དུ་སྲིད་བློན་དུ་བདམས་པའི་ལི་ཁེ་ཆཱང་ནི། ཕྱི་ལོ་ ༡༩༥༥ ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་ཨན་ཝེ་ཞིང་ཆེན་ཧི་ཧྥེ་གྲོང་ཁྱེར་དུ་སྐྱེས་ཡོད་པ་དང་། པེ་ཅིན་སློབ་གྲྭ་ཆེན་མོ་ནས་ཁྲིམས་ལུགས་རིག་པ་དང་དཔལ་འབྱོར་རིག་པའི་ཐོག་འབུམ་རམས་པ་ཐོན་རྗེས། རྒྱལ་ཡོངས་ན་གཞོན་མཐུན་ཚོགས་ཀྱི་དྲུང་ཆེ་དང་ཚོགས་གཙོ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ནས་ ༢༠༠༧ བར་ཧུའུ་ནན་དང་ལོ་ལིན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་བྱས། ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་་སྲིད་བློན་གཞོན་པ་བྱས། ཕྱི་ལོ་ ༢༠༡༣ ནས་བཟུང་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་། དམག་མང་མཉམ་འབྲེལ་འཕེལ་རྒྱས་ལྷན་ཚོགས་ཀྱི་མགོ་འཁྲིད། དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་བཅས་ཡིན་འདུག
ད་ལོར་ལོ་ན་ ༦༧ ཡིན་པའི་ལི་ཀྲན་ཧྲུའུ་ནི། རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲུང་ཏི་ཅང་ (Zhang Dejiang) གི་ཚབ་ཏུ་བསྐོ་བཞག་བྱས་ཡོད་པ་དང་། ལི་ཀྲན་ཧྲུའུ་ནི་རྒྱ་ནག་ཧུའུ་པའེ་ཞིང་ཆེན་ཕེན་ཧྲན་ (Pingshan) རྫོང་ནས་ཡིན་ཞིང་། ཕྱི་ལོ་ ༡༩༧༥ ལོར་རྒྱ་ནག་དམར་ཤོག་ཚོགས་ཁོངས་སུ་ཞུགས། ཕྱི་ལོ་ ༡༩༨༠ ལོར་ཧུའུ་པའེ་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་རྗེས། ཝུ་ཅེ་ (Wuji) རྫོང་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། ཕྱི་ལོ་ ༢༠༠༢ ལོར་ཞི་ཨན་ (Xi’an) དམར་ཤོག་དྲུང་ཆེ། ༢༠༠༣ ལོར་ཧེ་ལོང་ཅང་ (Heilongjiang) དམར་ཤོག་དྲུང་ཆེ། ༢༠༡༠ ལོར་ཀེ་ཀྲུའུ་ (Guizhou) ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་བྱས་རྗེས། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་དབུས་གཞུང་སྒྲུབ་ཁང་གི་འགན་འཛིན་དང་། ༢༠༡༣ ལོར་རྒྱ་ནག་དམར་ཤོག་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་རྒྱུན་ལས་བཅས་སུ་བསྐོ་བཞག་བྱས་འདུག ཁོའི་བྱས་རྗེས་གཙོ་བོ་ནི་ཕྱི་ལོ་ ༢༠༡༥ ལོར་ཞི་ཅིན་ཕིན་གྱི་ཚབ་ཏུ་ཨུ་རུ་སུར་སོང་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་རྒྱལ་འབྲེལ་སྲ་བརྟན་བཏང་བ་དེ་ཡིན་ལུགས་བཤད་ཀྱི་འདུག
ལོ་ན་ ༦༢ ཡིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཝང་ཡཱང་ནི། རྒྱ་ནག་དབུས་ཆབ་སྲིད་བཅོས་སྒྱུར་སློབ་སྟོན་གྱི་འགན་འཛིན་དུ་བསྐོ་བཞག་བྱས་ཡོད་པ་དང་། ཝང་ཡཱང་ནི་སུའུ་ཀྲུག་གྲོང་ཁྱེར་གྱི་མི་ཡིན་ལ། ཕྱི་ལོ་ ༡༩༧༥ ལོར་རྒྱ་ནག་དམར་ཤོག་ཚོགས་ཁུངས་སུ་ཞུགས། ༡༩༧༩ ལོ་ནས་རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་དང་ཏུན་ཞོ་ཕིན་གྱི་དཔལ་འབྱོར་བཅོས་སྒྱུར་སྐོར་ལ་སློབ་གཉེར་བྱས་ཤིང་། ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ བར་རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་། ཀང་ཏུང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས། ཕྱི་ལོ་ ༢༠༡༣ ལོའི་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་འདོན་སྲིད་བློན་གཞོན་པ་བཞིའི་གྲས་སུ་བདམས་ཡོད་པ་དང་། ཁོའི་ལས་དོན་གཙོ་བོ་ནི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆཱང་གཉིས་ཀྱི་རྒྱལ་དོན་སྐོར་སྐྱོད་ལས་དོན་གྲ་སྒྲིག་དང་། ཞི་ཅིན་ཕིན་གྱི་བསམ་བློའི་ལས་དོན་ལག་བསྟར་བྱ་རྒྱུ་བཅས་ཡིན་འདུག
ལོ་ན་ ༦༢ ཡིན་པའི་ཝང་ཧུ་ནིན་ནི། དེ་སྔོན་རྒྱ་ནག་དབུས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་དམར་ཤོག་ཚོགས་པའི་ཁྱོན་ཡོངས་ནས་གཏིང་ཟབ་བཅོས་སྒྱུར་སློབ་སྟོན་ཚོགས་ཆུང་གི་དྲུང་ཆེ་ཡིན་ལ། ད་ལྟ་རྒྱ་ནག་དབུས་དྲིལ་བསྒྲགས་དང་རྩ་འཛུགས་ཀྱི་མགོ་ཁྲིད་དུ་བསྐོས་ཡོད་པ་རེད། ཝང་ཧུ་ནིན་ཟེར་བ་དེ་ཧྲང་ཧེ་གྲོང་ཁྱེར་གྱི་མི་ཡིན་པ་དང་། ཕྱི་ལོ་ ༡༩༧༤ ལོར་རྒྱ་ནག་དགེ་འོས་སློབ་ཆེན་དུ་ཞུགས་ནས་ཧྥ་རན་སིའི་སྐད་ཡིག་སྦྱངས་ཡོད་པདང་། ཕྱི་ལོ་ ༡༩༧༧ ལོར་ཧྥི་ཏན་ (Fudan) གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་ཆབ་སྲིད་སྡེ་ཁག་ནང་ཞུགས་ཏེ་ཧྲང་ཧེ་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་སྐོར་ལ་ཞིབ་འཇུག་བྱས། སློབ་མཐར་ཕྱིན་རྗེས་སློབ་ཆེན་དེའི་ཁྲིམས་ལུགས་དགེ་རྒན་བྱས། ཕྱི་ལོ་ ༡༩༩༥ ལོར་སྐབས་དེའི་སྲིད་འཛིན་ཅང་ཙི་མེན་གྱི་བློས་ཐུབ་དཔོན་རིགས་ཀྲུང་ཆིན་ཧོང་ (Zeng Qinghong) དང་ཝུ་པན་ཀོ་ (Wu Bangguo) གཉིས་ཀྱི་ཆབ་སྲིད་ལས་རོགས་བྱས་པ་བརྒྱུད། ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་དབུས་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་གཞོན་དང་། ཅང་ཙི་མེན་གྱི་མཚོན་བྱེད་གསུམ་གྱི་བསམ་བློའི་སློབ་སྟོན་པ་བྱས། ཕྱི་ལོ ༢༠༠༧ ལོར་རྒྱ་ནག་དབུས་གཞུང་སྒྲུབ་ཁང་གི་དྲུང་ཆེར་བསྐོས་ཏེ། སྐབས་དེའི་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་ཚན་རིག་འཕེལ་རྒྱས་ཀྱི་ལྟ་བའི་སློབ་སྟོན་པ་དང་། ༢༠༡༢ ལོར་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་འདེབས་བསྐོ་བརྒྱུད་དེ་དབུས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོས་པར་མ་ཟད། སྐབས་དེ་ནས་བཟུང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་དཔོན་རིགས་ཚོའི་གྲས་ནས་ཞི་ཅིན་ཕིན་གྱི་བློས་ཐུབ་སློབ་སྟོན་པར་གྱུར་ཡོད་འདུག
ལོ་ན་ ༦༠ ཡིན་ཀྲོ་ལི་ཅི་ (Zhao Leji) ཟེར་བ་དེ་དབུས་རྒྱུན་ལས་རྩ་འཛུགས་ཁང་གི་འགན་འཛིན་དང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འགན་འཛིན་ཝང་ཆི་ཧྲན་ (Wang Qishan) གྱི་ཚབ་ཏུ་བསྐོ་བཞག་བྱས་འདུག་ལ། ལི་ཀྲན་ཧྲུའུ་དང་ཀྲོ་ལི་ཅི་གཉིས་ནི་ཞི་ཅིན་ཕིན་གྱི་བློས་ཐུབ་དཔོན་རིགས་གཉིས་ཡིན་པར་མ་ཟད། ཀྲོ་ལི་ཅི་ཟེར་བ་དེ་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐོ་ཡིས་དམར་ཤོག་ཚོགས་པའི་ཤུལ་འཛིན་དཔོན་རིགས་གཉིས་མིང་འདོན་བྱས་ཡོད་པའི་ནང་གི་གཅིག་ཡིན་འདུག ཀྲོ་ལི་ཅི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྐྱེས་པའི་ཞི་ཨན་གྱི་མི་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༧༥ ལོར་དམར་ཤོག་ཚོགས་ཁུངས་སུ་ཞུགས་ཡོད་འདུག ཕྱི་ལོ་༡༩༧༩ ལོར་པེ་ཅིན་སློབ་ཆེན་གྱི་ཆབ་སྲིད་སྡེ་ཁག་ནས་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོར་ཟི་ལིང་གྲོང་ཁྱེར་དམར་ཤོག་དྲུང་ཆེ་དང་། ཕྱི་ལོ་ ༡༩༩༩ ལོར་ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ། ༢༠༠༧ ལོར་ཧྲན་ཞི་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་བྱས། ཕྱི་ལོ་ ༢༠༡༢ ལོའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག དབུས་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་ཀྱི་རྒྱུན་ལས་དང་། དབུས་རྒྱུན་རྩ་འཛུགས་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་སུ་བསྐོ་བཞག་བྱས་ཡོད་པར་མ་ཟད། ཀྲོ་ལི་ཅི་ནི་ཞི་ཅིན་ཕིན་གྱི་སྤྱི་ཁྱབ་དྲུང་ཆེ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག
ཧན་ཀྲིན་ (Han Zheng) ཟེར་བ་དེ་ལོ་ན་ ༦༣ ཡིན་པ་དང་། དེ་སྔོན་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་། ད་ལྟ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པར་བསྐོ་བཞག་བྱས་ཡོད་པ་དང་། ཧན་ཀྲིན་ནི་ཧྲང་ཧེ་གྲོང་ཁྱེར་གྱི་མི་ཡིན་ཞིང་། རིག་གནས་གསར་བརྗེ་ཆེན་མོའི་སྐབས་ངལ་རྩོལ་བསྒྱུར་བཀོད་ལས་འགུལ་ནང་ཞུགས་ཡོད་པ་དང་། ༡༩༧༩ ལོར་རྒྱ་ནག་དམར་ཤོག་ཚོགས་ཁོངས་སུ་ཞུགས། ཁོས་རྒྱ་ནག་ཤར་རྒྱུད་དགེ་འོས་སློབ་ཆེན་ནང་དཔལ་འབྱོར་རིག་པའི་སྐོར་ལ་སློབ་གཉེར་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་། ༡༩༩༧ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་མི། ༡༩༩༨ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁབ་གཞོན་པ། ༢༠༠༢ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་གཞོན་པ། ༢༠༠༦ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་བཅས་སུ་བསྐོ་བཞག་བྱས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐོ་ཡིས་སྲིད་དབང་འཛིན་སྐབས། ཧན་གྱིས་ཧྲང་ཧེ་གྲོང་ཁྱེར་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་དང་དྲག་གནོན་བྱས་པ་བརྒྱུད་ཧུའུ་ཅིན་ཐོ་ཡི་བློས་ཐུབ་དཔོན་རིགས་སུ་གྱུར་བར་མ་ཟད། ཞི་ཅིན་ཕིན་དང་ཡུའུ་ཀྲིན་ཧྲིན་བཅས་ཀྱི་སྣེ་འཁྲིད་འོག ཁོས་རང་ཉིད་རྒྱ་ནག་དམར་ཤོག་གཞུང་ལ་བློ་སེམས་དཀར་བ་གསལ་འདོན་བྱས་པ་བརྒྱུད། ༢༠༡༢ ལོའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ ༡༨ པའི་ཐོག རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཁང་གི་ཚོགས་མིའི་གྲས་སུ་བདམས་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྤྱིན་པ།



![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)


