རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་རྒྱ་གཞུང་གིས་རང་གི་མངའ་ཁོངས་ནས་ཚན་རིག་དང་མཐུན་པའི་ས་གཤིས་བརྟག་དཔྱད་བྱེད་པ་དེ་སོ་སོའི་བདག་དབང་ཡིན་པས་ཕྱི་རྒྱལ་གསར་འགོད་པ་ཚོས་དེར་གཞི་རྩ་མེད་པའི་གསར་འགྱུར་མི་སྤེལ་བའི་རེ་བ་ཡོད་ཅེས་བརྗོད་འདུག
ཉེ་སྔོན་རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཐག་ཉེ་བའི་ལྷོ་ཁ་ལྷུན་རྩེ་རྫོང་ཁོངས་སུ་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱེད་བཞིན་པའི་ཐད་རྒྱ་གར་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་བརྗོད་རིམ་པ་བྱེད་ཀྱི་ཡོད་པ་དང་། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལོའུ་ཁང་(Lu Kang) ཟེར་བ་དེས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། གཏེར་ཁ་སྔོག་འདོན་བྱེད་མིན་ནི་རྒྱ་ནག་ལ་ཡོད་པའི་བདག་དབང་ཞིག་ཡིན་པ་དང་། རྒྱ་ནག་གིས་ནམ་རྒྱུན་ལྟར་རང་གི་མངའ་ཁོངས་ནས་ཚན་རིག་དང་མཐུན་པའི་ས་གཤིས་ཞིབ་འཇུག་བྱས་པ་ཙམ་རེད། ས་ཆ་དེ་དག་ནི་ཐོག་མཐའ་བར་གསུམ་དུ་རྒྱ་ནག་གིས་དབང་སྒྱུར་བའི་མངའ་ཁོངས་ཡིན་ལ། རྒྱ་ནག་གིས་དུས་རྒྱུན་དུ་ཁོར་ཡུག་གི་གལ་ཆེའི་རང་བཞིན་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པས། ང་ཚོའི་ཕྱི་རྒྱལ་གྱི་གསར་ལམ་ཁག་གིས་གཞི་རྩ་གཏན་ནས་མེད་པའི་གསར་འགྱུར་མི་སྤེལ་བའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག
ལོ་སྔོན་མར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཛ་དྲག་ཅན་དུ་གྱུར་སྐབས་ཕྱོགས་གཉིས་ཀྱི་དམག་གིས་གདོང་དང་གདོང་གཏུག་རེས་ཀྱིས་ས་མཚམས་ལྟ་སྲུང་བྱས་ཡོད་ན་ཡང་། རྗེས་སུ་ཅུང་ཞི་འགྲིག་བྱུང་བའི་རྣམ་པའི་ཐོག་ནས་དམག་ཤུགས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་ཡོད་ནའང་། སྐབས་དེར་རྒྱ་ནག་གིས་དགོས་དམིགས་ཤིག་གིས་དམག་མི་ཕྱིར་འཐེན་བྱས་པ་ལས་ས་མཚམས་བདག་དབང་ལ་བཟུང་བའི་ལྟ་ཚུལ་ནམ་ཡང་འདོར་གྱི་མེད་སྐོར་གསལ་བསྒྲགས་བྱས་ཡོད་པ་དང་། ཁ་སང་ཡང་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ལོའུ་ཁང་གིས་ངས་བཤད་ཐུབ་རྒྱུ་ཞིག་ལ་རྒྱ་ནག་གིས་རྒྱ་དཀར་ནག་གི་ས་མཚམས་ལ་བཟུང་བའི་ལྟ་ཚུལ་དེ་ཧ་ཅང་གསལ་བོ་ཡིན་ལ། རྒྱ་ནག་གིས་དུས་ནམ་ཡང་ཨ་རུ་ན་ཅལ་མངའ་སྡེ་ཞེས་པ་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། ཅེས་བརྗོད་འདུག
རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གིས་ལྷོ་ཁ་ལྷུན་རྩེ་རྫོང་ནས་གཏེར་ཁ་སྔོག་པའི་རིན་འབབ་ཨ་སྒོར་ཐེར་འབུམ་ ༦༠ ལྷག་ཡིན་པ་དང་། དེ་བཞིན་ཧི་མ་ལ་ཡའི་མཐའ་མཚམས་ཁུལ་གྱི་ས་ཁུལ་ཁག་སྤྱི་དང་། བྱེ་བྲག་ཏུ་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཆེ་ཤོས་སུ་གྱུར་ཡོད་པའི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་མཐའ་མཚམས་བདག་བཟུང་བྱེད་ཆེད། ལྷུན་རྩེ་རྫོང་གཙོས་ས་མཚམས་སུ་འཁེལ་བའི་མཐའ་ཁུལ་ཁག་ཏུ་མི་སེར་གནས་སྤོར་བྱེད་དུ་བཅུག་སྟེ། ཕྱོགས་གཅིག་ནས་གཞུང་ལམ་དང་གནམ་ཐང་སོགས་འཛུགས་སྐྲུན་བྱས་ཏེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཏེར་ཁ་སྔོག་འདོན་དང་། ཕྱོགས་གཞན་ཞིག་ནས་རྒྱ་གར་གྱི་བདག་དབང་འོག་གནས་པའི་བོད་ལྷོ་ཁུལ་གྱི་ས་མཚམས་ཁག་ཏུ་བཙན་འཛུལ་བྱེད་ཐབས་སུ་ལས་གཞི་སྣ་ཚོགས་སྤེལ་གྱི་ཡོད་སྐོར་འཁོད་འདུག
གཞན་ཡང་རྒྱ་ནག་གིས་ལོ་ཤས་སྔོན་ནས་རྒྱ་དཀར་ནག་གི་ས་མཚམས་ཁུལ་དུ་ལམ་དང་ཁང་པ་སོགས་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ། ས་མཚམས་སུ་འཁེལ་བའི་ས་ཁུལ་ཁེར་ཆད་ཀྱི་མི་མང་གི་དཔལ་འབྱོར་ལ་རོགས་སྐྱོར་དང་དེ་དག་ལ་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོབ་པ་དང་། མི་རབས་མང་པོའི་མེས་རྒྱལ་གྱི་མཐའ་མཚམས་དཔའ་བོ་སོགས་ཀྱི་མིང་བཏགས་པ་དང་། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་དང་མཐོ་རིམ་དཔོན་པོ་ཚོས་མི་དེ་དག་ལ་ཡིག་ངག་གཉིས་ནས་བསྟོད་བསྔགས་ཕུལ་བ་སོགས་བྱས་ཏེ། རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་བརྒྱུད་བསྒྲགས་དང་རྒྱ་ནག་གི་གར་སྟེགས་སོགས་ཀྱི་སྟེང་འཁྲིད་ནས་ཨ་རུ་ན་ཅལ་མི་མང་གི་ཡིད་སེམས་འགུག་ཐབས་བྱེད་ཀྱི་ཡོད་འདུག
ཕྱི་ཚུལ་ཙམ་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚསས་ཀྱི་དམག་མི་སོགས་ཕྱིར་འཐེན་བྱས་ཏེ་འགྲིག་མཐུན་ཡོང་གི་ཡོད་པའི་རྣམ་པ་ཙམ་སྟོན་གྱི་ཡོད་ན་ཡང་། རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་ཁག་ཏུ་དམག་མི་རྒྱ་བསྐྱེད་དང་དམག་སྦྱོང་གནམ་ཐང་སོགས་ཤུགས་ཆེར་འཛུགས་སྐྲུན་བྱེད་ཀྱི་ཡོད་འདུག ཕྱི་ཚེས་༢༣ ཉིན་དེ་རིང་གི་རྒྱ་གར་ཞེས་པས་སྤེལ་བའི་གནས་ཚུལ་ནང་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་སྲིད་བློན་ལས་ཁུངས་དང་། ཕྱི་འབྲེལ་ལས་ཁུངས། རྒྱལ་སྲུང་ལས་ཁུངས་བཅས་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཏེ། རྒྱ་ནག་གིས་རྒྱ་གར་ལ་ཁ་གཏད་གཅོག་ཆེད་གནམ་སྲུང་ཡོ་བྱད་དང་གནམ་ཐང་མང་པོ་གསར་འཛུགས་དང་ཡར་རྒྱས་གཏོང་བཞིན་ཡིན་པ་དང་། མི་འགྱངས་པར་ཡོ་བྱད་དེ་དག་གིས་རྒྱ་གར་གྱི་མཁའ་དམག་འགྲུལ་སྐྱོད་ལ་ལྟ་སྲུང་བྱ་ངེས་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཉེ་སྔོན་རྒྱ་གར་གྱིས་དུས་གཅིག་ལ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལ་ཁ་གཏད་པའི་མཁའ་དམག་སྦྱོང་བརྡར་ཆེན་པོ་ (Gagan Shakti) ཞེས་པར་རྒྱ་ནག་གིས་གསང་བའི་ངང་ལྟ་སྲུང་ནན་པོ་བྱས་ཡོད་པའི་གནས་ཚུལ་སོགས་སྙན་གསེང་ཞུས་ཡོད་འདུག
རྒྱ་ནག་གིས་ད་ལྟའི་ཆར་ཤིན་ཅང་གི་གྲོང་ཁྱེར་ཧོ་ཐན་དང་། བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཡོད་པའི་དམག་དོན་གནམ་ཐང་རྣམས་རྒྱ་སྐྱེད་བྱེད་ཀྱིན་ཡོད་པ་དང་། ཧོ་པིང་(Hoping)ཞེས་པའི་དམག་དོན་གནམ་ཐང་དུ་མཁའ་དམག་འགོག་བྱེད་ཀྱི་གདུགས་ཕུབ་གཏན་འཇགས་སུ་བཙུགས་ཡོད་པ་དང་། བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། རྒྱ་ནག་ལ་རྒྱ་གར་དང་ཁ་སྤྲོད་ཡིན་པའི་དམག་དོན་གནམ་ཐང་ ༡༤ ཡོད་པ་དང་། ལྷ་སར་ཡོད་པའི་དམག་དོན་གནམ་ཐང་གཉིས་དེ་རྒྱ་སྐྱེད་ཀྱིས་མི་འགྱངས་བར་ལས་གཞི་འགྲུབ་འཆར་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་ཚེ་རིང་ནོར་བུ།
ཁྱོད་བདེན། 1950 བར་ TIBET ཡིན། Arunachal since 1982