བལ་ཡུལ་གཞུང་གིས་འགྲོ་གྲོན་ཨ་སྒོར་དུང་ཕྱུར་ ༡༦ ཡིན་པའི་རྒྱ་ནག་གི་ཆུ་གློག་འཛུགས་སྐྲུན་གྲོས་ཆོད་རྩིས་མེད་བཏང་སྟེ་ང་ཚོས་རང་ཉིད་ཀྱི་ནུས་པ་བཏོན་ནས་ཆུ་མཛོད་རྒྱག་རྒྱུ་ཡིན་ཞེས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་བལ་ཡུལ་གཞུང་གི་ལོ་འཁོར་གྲོས་ཚོགས་ཐོག དཔལ་འབྱོར་བཀའ་བློན་ཡོ་བྷ་ར་ཇི་ཀ་ཏེ་ཝ་ཊ་(Yubaraj Khatiwada)ལགས་ཀྱིས་བལ་ཡུལ་རྒྱལ་ཡོངས་ཀྱི་གློག་གི་དཀའ་ངལ་སེལ་ཆེད། ཨ་སྒོར་དུང་ཕྱུར་ ༡༢༡ ཟུར་འཇོག་གཏན་འབེབ་བྱུང་བ་གསལ་བསྒྲགས་བྱས་ཡོད་པ་དང་བསྟུན། ཕྱི་ ༢༠༡༥ ལོར་བལ་གཞུང་དང་རྒྱ་ནག་བར་གྲོས་ཆོད་བཞག་སྟེ། ཕྱི་ལོ་ ༢༠༢༡ ནས་ ༢༠༢༢ བར་བཟོ་སྐྲུན་ལེགས་གྲུབ་ཡོང་འཆར་ཡོད་པའི་བལ་ཡུལ་ནུབ་ཕྱོགས་ཀྱི་སེ་ཏེ་རྒྱུག་ཆུའི་ཐོག་རྒྱ་ནག་གི་རོགས་སྐྱོར་འོག་ཆུ་མཛོད་རྒྱག་པའི་ལས་གཞི་དེ་རྩིས་མེད་བཏང་བ་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་འདུག
ཆུ་མཛོད་དེ་རྒྱ་ནག་གཞུང་འབྲེལ་རྒྱལ་སྤྱིའི་གཅོང་རོང་གསུམ་གྱི་མཉམ་ལས་ཁང་(Three Gorges International Corp)གིས་འགན་ལེན་གྲོས་མཐུན་བྱུང་བ་བརྒྱུད། མ་འོངས་པར་ཆུ་མཛོད་དེ་ནས་གློག་གི་ཤུགས་ཚད་ས་ཡ་ ༧༥༠ མཁོ་འདོན་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། མཉམ་ལས་ཁང་དེས་བལ་ཡུལ་གྱི་རྒྱལ་ཁྲལ་དང་ཆ་རྐྱེན། དེ་བཞིན་ཆུ་མཛོད་བཟོ་སྐྲུན་ཐད་ཀྱི་འགྲོ་གྲོན་ཐད་གོང་གཏམ་ནས་ད་བར་ལས་མགོ་འཛུགས་ཐུབ་མེད་རྐྱེན། རྒྱ་གར་ནས་གློག་གི་ཤུགས་ཚད་ས་ཡ་ ༥༠༠ ནང་འདྲེན་བྱེད་གྱིན་ཡོད་པ་བལ་ཡུལ་གཞུང་འབྲེལ་མི་སྣས་བརྗོད་འདུག
ཟླ་འདིའི་ཚེས་ ༡༡ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་བལ་ཡུལ་ནང་ཉིན་གྲངས་གཉིས་རིང་འཚམས་གཟིགས་སུ་ཕེབས་ཏེ། བལ་ཡུལ་ནང་འགྲོ་གྲོན་ཨ་སྒོར་དུང་ཕྱུར་ ༡༠ ཙམ་ཡིན་པའི་ཆུ་མཛོད་ཞིག་བལ་ཡུལ་ཤར་ཕྱོགས་ཀྱི་རྒྱུག་ཆུ་ཞིག་ཏུ་རྒྱག་པའི་ལས་གཞི་མགོ་བཙུགས་ཟིན་པ་མ་ཟད། ལས་གཞི་དེ་ལེགས་འགྲུབ་བྱུང་ཚེ་གློག་གི་ཤུགས་ཚད་ས་ཡ་ ༩༠༠ མཁོ་འདོན་ཐུབ་ཀྱི་ཡོད་འདུག
ཟླ་དྲུག་ཙམ་སྔོན་ལ་བལ་ཡུལ་གྱི་རྒྱུག་ཆུ་བྷོ་དྷི་གྷན་རྡ་ཀེ་(Budhi Gandaki river)བརྒྱུད་དུ་རྒྱ་ནག་གཞུང་གི་ཀུག་ཊོ་པྰ་བཟོ་ལས་ཚོགས་པ་(Gezhouba Group)ཟེར་བ་ཞིག་གིས་འགྲོ་གྲོན་ཨ་སྒོར་དུང་ཕྱུར་ ༢༥ གཏང་སྟེ་གློག་གི་ཤུགས་ཚད་ས་ཡ་ ༡༢༠༠ མཁོ་འདོན་ཐུབ་པའི་ཆུ་མཛོད་ཞིག་རྒྱག་འཆར་ཡོད་ཀྱང་བལ་གཞུང་གིས་རྩིས་མེད་བཏང་ཡོད་འདུག
བལ་ཡུལ་རྒྱལ་ཡོངས་ལ་གློག་གི་དཀའ་ངལ་ཤིན་ཏུ་ཆེ་ཞིང་། ཕྱི་ལོ་ ༢༠༡༦ ལོར་ཉིན་རེར་དུས་ཚོད་ ༡༣ ལའང་གློག་གིས་འདང་གི་མེད་པ་རེད། སྤྱིར་བལ་ཡུལ་གྱི་རྒྱུག་ཆུ་ཁག་ནས་ཆུ་གློག་གི་ཤུགས་ཚད་ས་ཡ་ ༤༢༠༠༠ མཁོ་འདོན་ཐུབ་པའི་ནུས་པ་ཡོད་ཀྱང་བལ་ཡུལ་གཞུང་གིས་གློག་གི་ཤུགས་ཚད་ས་ཡ་ ༡༠༠༠ མ་གཏོགས་འདོན་ཐུབ་ཀྱི་མེད་པ་རེད་འདུག
ཀླུ་མགོན་ཐར།
བལ་གཞུང་གི་རྒྱ་དཀར་ནག་གི་དཔེ་ཆ་ཟོས་།བོད་པ་ལས་འགུལ་སྤེལ་དུས་ཉེ་རྡུང་ཚད་མེད་བཏང།སྤྲང་གཞུང་རེད་།བཟའ་རྒྱུ་གང་རག
རྡུ་རྒྱུ་གང་རག