རྒྱ་ནག་གཞུང་གིས་བོད་མཐའ་མཚམས་ཀྱི་ཡུལ་མིའི་འཚོ་བ་ཡར་རྒྱས་དང་རྒྱལ་མཚམས་སུ་དམག་འཁྲུག་སྐབས་ཕན་ཐོགས་ཡོད་སྐོར་བརྗོད་དེ་གནམ་གཤིས་བརྟག་དཔྱད་ཁང་གསར་པ་ཞིག་བཙུགས་འདུག
འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་ས་མཚམས་སུ་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ་གཞུང་ལམ་གསར་རྒྱག་དང་དམག་སྤྱོད་གནམ་གྲུ་ཐང་འཛུགས་སྐྲུན། དེ་བཞིན་མཐའ་མཚམས་ཁུལ་གྱི་ཡུལ་མིར་”མེས་རྒྱལ་གྱི་མཐའ་སྲུང་དཔའ་བོ་”ཟེར་བ་སོགས་ཀྱི་མིང་བྱང་བཏགས་ཏེ། ཁྱིམ་ཚང་མང་པོར་རོགས་སྐྱོར་བྱེད་པ་སོགས་ཀྱི་སྲིད་བྱུས་མང་པོ་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། དེ་རིང་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རུ་ན་ཅལ་ས་མཚམས་ནས་སྤྱི་ལེ་བཅུ་གྲངས་ལས་མེད་པའི་བོད་ལྷོ་ཁ་ལྷུན་རྩེ་རྫོང་ཡུལ་སྨད་གྲོང་ཚོའི་ནང་དུ། རྒྱ་ནག་གཞུང་གིས་མིང་བཏགས་མེད་པའི་གནམ་གཤིས་བརྟག་དཔྱད་ཁང་ཞིག་གསར་དུ་བཙུགས་ཡོད་འདུག
གནམ་གཤིས་བརྟག་དཔྱད་ཁང་དེའི་ལག་རྩལ་པ་བཀྲ་ཤིས་ནོར་བུ་ཞེས་པ་ཞིག་གིས། གནམ་གཤིས་བརྟག་དཔྱད་ཁང་འདིས་མཁའ་རླུང་གི་དྲོད་ཚད་དང་སྐམ་ཚད། རླུང་གི་མགྱོགས་ཚད་དང་ཁ་ཕྱོགས། རླན་གཤེར་གྱི་མཐུག་ཚད་དང་ཆར་ཆུ་འབབ་ཚད་བཅས་འཁྲུལ་མེད་ངང་བརྟག་དཔྱད་ཡག་པོ་བྱེད་ཐུབ་ཀྱི་ཡོད་པ་རེད་ལ། འདིས་མཐའ་མཚམས་རྒྱལ་སྲུང་གི་འགྲིམས་འགྲུལ་དང་འབྲེལ་མཐུད་ལ་རམ་འདེགས་བྱེད་ཐུབ་པ་མ་ཟད། ཡུལ་དེར་དམག་འཁྲུག་བྱུང་ཚེ་ཕན་ཐོགས་ཀྱི་རེད། ཅེས་བརྗོད་འདུག
ཡུལ་དེའི་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ཟླ་བ་ཞེས་པ་ཞིག་གིས། གནམ་གཤིས་སྔོན་བརྡ་དུས་ལྟར་རག་པ་ལ་བརྟེན་ནས་ས་གནས་ལམ་བཟོ་དང་ཡར་རྒྱས་འཛུགས་བསྐྲུན་སོགས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་དང་། སྔར་ལོ་ནས་ཡུལ་དེར་གཞུང་ལམ་བཟོ་མགོ་ཚུགས་ཡོད་པས། གཞུང་ལམ་ཆ་ཚང་འགྲུབ་ཚེ་གནམ་གཤིས་བརྟག་དཔྱད་ཁང་མང་པོ་འཛུགས་འཆར་ཡོད་སྐོར་བརྗོད་འདུག
རྒྱ་ནག་གི་དམག་དོན་ཆེད་ལས་མཁས་པ་སུང་ཀྲུང་ཕིན་ (Song Zhongping) ཟེར་བ་ཞིག་གིས། དམག་འཁྲུག་སྐབས་ས་གནས་ཀྱི་གནམ་གཤིས་ནི་གནམ་གྲུའཕུར་བསྐྱོད་དང་མེ་ཤུགས་འཕུར་མདེལ་སོགས་འཕེན་གཏོང་བྱེད་པར་ཤུགས་རྐྱེན་ཆེན་པོ་ཡོད་དང་། གནམ་གཤིས་བརྟག་དཔྱད་ཁང་ཆུང་ཆུང་ཞིག་གིས་ཀྱང་དམག་འཁྲུག་སྐབས་ཁྱད་པར་ཆེན་པོ་བཟོ་ཐུབ་པ་རེད། ཅེས་བརྗོད་འདུག
བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ལྷུན་རྩེ་རྫོང་ཡུལ་སྨད་འཚོ་བའི་གནམ་གཤིས་བརྟག་དཔྱད་ཁང་དེ་ད་ལོའི་ལོ་མགོ་ནས་བཟོ་མགོ་ཚུགས་ཡོད་པ་དང་། གནམ་གཤིས་སོགས་ཀྱི་རྐྱེན་པས་དུས་ལྟར་འགྲུབ་མེད་ན་ཡང་། ད་ལོའི་ཕྱི་ཟླ་ ༦ ཚེས་ ༢༢ ཉིན་ཡུལ་དེའི་གནམ་གཤིས་སྔོན་བརྡའི་ལེན་ཚན་དངོས་སུ་གཏོང་མགོ་བཙུགས་ཡོད་འདུག
གསར་འགོད་པ། ཀླུ་མགོན་ཐར།