རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་གཞོན་པ་ཟུར་པ་ཀྲང་ཧྭ་ཝེ་ཟེར་བ་ཞིག་གིས་དབང་ཆ་ལོག་སྤྱོད་ཀྱིས་ལྐོག་རྔན་རྒྱ་སྒོར་ས་ཡ་ ༣༢ ལྷག་བླངས་བའི་དོགས་གཞིའི་འོག་ཁྲིམས་བཤེར་བྱས་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༧ ཉིན། པེ་ཅིན་འབྲིང་རིམ་ཁྲིམས་ཁང་གཉིས་པས་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་ཆེད་ལས་ལྟ་ཞིབ་དཔོན་གཞོན་པ་ཟུར་པ་ཀྲང་ཧྭ་ཝེ་(张化为)ཟེར་བ་ཞིག་གིས། ཕྱི་ལོ་ ༢༠༠༦ ནས་ ༢༠༡༤ བར་དབང་ཆ་ལོག་སྤྱོད་ཀྱིས་ལྐོག་རྔན་འབོར་ཆེན་བླངས་ཡོད་པའི་དོགས་གཞིའི་འོག་ཡོངས་ཁྱབ་ཁྲིམས་བཤེར་བྱས་ཡོད་པ་དང་། ཀྲང་ནི་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་ནག་ཉེས་ཕོག་མཁན་དཔོན་རིགས་མཐོ་ཤོས་ཨང་དང་པོ་དེ་ཆགས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་དྲ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཀྲང་ཧྭ་ཝེ་ཡིས་ཕྱི་ལོ་ ༢༠༠༦ ནས་ ༢༠༡༤ བར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་རྒྱུན་ལས་དང་ལྟ་ཞིབ་ཚན་པའི་ཆེད་ལས་ཞིབ་འཇུག་དཔོན་གཞོན་པ། རྒྱ་ནག་དབུས་རིམ་པ་དང་པོའི་ཁེ་ལས་དངུལ་རྩ་ལྟ་ཞིབ་ཚན་པའི་མགོ་འཁྲིད་གཞོན་པ་བཅས་ཀྱི་འགན་འཁུར་ཏེ། རྒྱལ་ཡོངས་ཀྱི་ལས་ཁུངས་ཁག་དང་མི་སྒེར་གྱི་ཁེ་ལས། ས་ཁང་ཉོ་ཚོང་། ལས་གནས་སྤོར་འཇོག གྱོད་དོན་ཞིབ་བཤེར་སོགས་བྱས་ཡོད་པ་དང་། སྐབས་དེར་ཀྲང་ཧྭ་ཝེ་ཡིས་ཐད་ཀར་བླངས་བ་དང་བཟའ་ཟླ་བརྒྱུད་ནས་གསེར་དང་གཡང་ཊི། མུ་ཏིག་སོགས་ཁྱོན་རྒྱ་སྒོར་ས་ཡ་ ༣༢ ལྷག་གི་ལྐོག་རྔན་བླངས་ཡོད་པ་དང་། ཁྲིམས་རའི་ནང་ཀྲང་གིས་རང་གི་ནག་ཉེས་ངོས་ལེན་དང་སྦྲགས་འགྱོད་བཤགས་བྱས་ཡོད་ལུགས་དང་། དུས་ཚོད་ངེས་གཏན་བྱས་རྗེས་ཁོའི་ཁྲིམས་ཆད་གསལ་བསྒྲགས་བྱ་རྒྱུ་ཡིན་ལུགས་བསྒྲགས་དུག
འདས་ལོའི་ཕྱི་ཟླ་ ༨ པའི་ནང་ཀྲང་ཧྭ་ཝེ་ལ་ཞིབ་བཤེར་མགོ་འཛུགས་བྱས་ཏེ་ཏང་གི་སྒྲིག་འཛུགས་ནས་ཕྱིར་འཕུད་བཏང་བ་དང་། རྒས་ཡོལ་ལྟ་སྐྱོང་སོགས་ཀྱང་མེད་པ་བཟོས་ཡོད་པ་མ་ཟད། ཀྲང་གིས་ཡུན་རིང་ནས་ལྟ་ཞིབ་ཀྱི་དབང་ཆ་བེད་སྤྱད་དེ་ལས་ཁུངས་དང་མི་སྒེར་གྱི་ཁེ་ལས་ཁང་ལ་ཞིབ་བཤེར་བྱེད་པར་བཀག་འགོག་བྱས་ཡོད་ལུགས་སོགས་བརྗོད་འདུག
ཞི་ཅིན་ཕིན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ནང་ཁུལ་དུ་གཙང་བཟོ་དགོས་པའི་བཀའ་ཁྱབ་ཐེངས་མང་སྤེལ་ཡོད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཟུར་པ་ཝང་ཅི་ཧྲན་གྱིས་ཀྱང་སྒྲིག་ཁྲིམས་ཞིབ་བཤེར་ཁང་དུ་ནང་འདྲེ་ཡོད་སྐོར་བརྗོད་དེ་ཞིབ་བཤེར་བྱས་པ་བརྒྱུད། དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༨ པ་ཚུད་ཆད་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་ལས་བྱེད་ཁྱོན་ ༧༢༠༠ ཕྱིར་འཕུད་བཏང་ཡོད་པ་དང་། དེའི་ནང་ནས་མི་ ༢༡༠༠ ལྷག་ལ་ཉེས་ཆད་ཕོག་ཡོད་འདུག
བསོད་ནམས་རྒྱ་མཚོ།