ཁ་སང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལར་ནང་ཉུང་མཐར་མི་གྲངས་ ༢༤ རྐྱེན་འདས་དང་ཡུལ་མི་སྟོང་ཕྲག་མང་པོ་གནས་སྤོར་དགོས་བྱུང་སྟེ་འདས་པའི་ལོ་ངོ་ ༥༠ ནང་བྱུང་མ་མྱོང་བའི་ཆུ་ལོག་གོད་ཆག་བྱུང་ཡོད་འདུག
དེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་ཆར་དུས་བསླེབས་ཏེ་རང་བྱུང་གནོད་སྐྱོན་མང་པོ་ཡོང་བཞིན་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལར་ནང་ཆར་བ་ཤུགས་ཆེན་བབས་པར་བརྟེན། ཁ་སང་ཆུ་ལོག་རྒྱུགས་པ་དང་ས་རྡོ་ཉུལ་བ་སོགས་ཀྱིས་ཉུང་མཐར་མི་གྲངས་ ༢༤ རྐྱེན་འདས་དང་། ཁ་ཤས་ཤིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཡུལ་མི་སྟོང་ཕྲག་མང་པོ་གནས་སྤོར་བཞིན་ཡོད་འདུག་ལ། ད་ལྟ་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་པས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཅི་ཙམ་ཐེབས་ཡོད་མེད་ཁ་གསལ་མེད་པ་རེད།
ཀེ་ར་ལའི་རང་བྱུང་གོ་ཆག་མྱུར་སྐྱོབ་ཚན་པའི་འགན་འཛིན་ཀེ་སན་ཐོ་ཤི་( K. Santhosh)ཡིས་བརྗོད་པ་ལྟར་ན། ད་ལོའི་ཕྱི་ཟླ་༦ པ་ནས་ད་བར་ཆར་ཆུ་རྒྱས་པའི་རང་བྱུང་གོད་ཆག་ཁྲོད་ཀེ་ར་ལ་ནང་མི་ ༡༧༥ ཚེ་སྲོག་ཤོར་ཡོད་པ་དང་། ཞིང་ས་སྤྱི་ལེ་གྲུ་བཞི་མ་༢༦༨.༢༤ ནང་ཧིན་སྒོར་དུང་ཕྱུར་ ༣ ལྷག་(༣.༤༢)ལྷག་གི་རིན་འབབ་འབྲུ་རིགས་ལ་གནོད་སྐྱོན་ཐེབས་ཡོད་འདུག
ཀེ་ར་ལ་གནམ་གཤིས་བརྟག་དཔྱད་ཁང་གིས་བརྗོད་པ་ལྟར་ན། ལོ་སྔོ་མའི་ཆར་དུས་དང་བསྡུར་ན་ད་ལོའི་ཆར་ཤུགས་བརྒྱ་ཆ་ ༡༧ ཆེ་རུ་ཕྱིན་ཡོད་སྐོར་བསྒྲགས་འདུག་པ་དང་། མངའ་སྡེ་དེའི་ནང་རྒྱུག་ཆུ་ཆེན་པོ་ ༤༤ ཡོད་པ་དང་། ཆར་ཆུའི་གོད་ཆག་སྔོག་འགོག་ཆེད་ཆུ་ཚོད་ ༢༤ སྒོ་ཕྱེས་ཡོད་འདུག
བསོད་ནམས་རྒྱ་མཚོ།