ཆབ་མདོ་ངག་ཕུན།
དེ་རིང་ཁོ་བོ་རྗེས་དྲན་ཞུ་ས་འདི་ནི་གོང་བླ་མ་མ་རེད་ལ། མ་མཁའ་འགྲོ་མ་ཡང་མ་རེད། གོང་དཔོན་པོ་ཡང་དེ་ལས་ཀྱང་མ་རེད། མི་དམངས་དཀྱུས་མའི་ནང་མི་ཚེའི་ཚོར་བ་རོལ་ནས་བོད་རིགས་ལ་ཤ་ཞེན་ཆེ་བའི་སྐྱེད་མ་ཞིག་རེད།
དེ་ཡང་བོད་ཀྱི་དུས་བབ་འདོན་ཐེངས་བདུན་བརྒྱ་དོན་བརྒྱད་ནང་ལ། བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས་གློ་བུར་འདས་གྲོངས་སུ་ཕྱིན་སྐོར་བཀོད་འདུག་པས། འགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པའི་རྒྱུད་རིམ་ཁྲོད། སེམས་ཁོངས་སུ་ཧ་ཁ་སྙམ་པའི་སེམས་ཕམ་ཞིག་ཀྱང་དབང་མེད་དུ་སྐྱེས་བྱུང་ཞིང་། སེམས་ཕམ་སྐྱེ་དགོས་དོན་ནི་ཨ་མ་དེ་ཉིད་ཀྱི་བོད་མི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་ལས་འགུལ་རབས་དང་རིམ་པ་སྤེལ་བ་དངོས་སུ་མཐོང་མྱོང་བས་སོ།
རྒྱུ་མཚན་དེར་བརྟེན་ནས་རྗེས་དྲན་ཞུ་བཞིན་ཡོད་ཅིང་། དེ་ཡང་བོད་དོན་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་སྡོམ་པོ་སྐྱིད་ལགས་ནི། དྷ་སའི་རི་གྲོང་འདི་རུ་ལོ་ཤས་སྔོན་གཙུག་ལག་ཁང་གི་ཕྱི་ལོག་དེར་ཞི་བའི་བྱ་འགུལ་རབས་དང་རིམ་པ་སྤེལ་ནས་བཞུགས་ཀྱི་འདུག་ཅིང་། སྐབས་དེ་དུས་ཨ་མ་དེ་འདྲའི་སེམས་ཤུགས་ལ་ཨང་སྙམ་པའི་སེམས་ནང་ཚོར་སྣང་སྐྱེ་མྱོང་ཡོད་ལ།
དེ་རིང་དུས་བབ་གསར་ཤོག་ལས། “ཉིས་སྟོང་བརྒྱ་མེད་བཅུ་གཉིས་ལོའི་གསུམ་བཅུའི་དུས་དྲན་ཉིན་མོ་དང་བསྟུན། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ། བཞུགས་སྒར་དྷ་རམ་ས་ནས་མགོ་འཛུགས་ཀྱིས་བོད་ནང་ཞི་བའི་གོམ་བགྲོད་གནང་བ་”སོགས་བཀོད་གནང་འདུག་ཅིང་། ཁོང་མ་བུ་གསུམ་གྱིས་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་དཀའ་སྡུག་ཁག་ལ་གདོང་ལེན་གནང་སྟེ་སེམས་ཤུགས་ཞུམ་པ་མེད་པའི་གོམ་བགྲོད་གནང་ཡོད་ཅིང་། གོམ་བགྲོད་གནང་ཞེས་ང་ཚོ་ཞལ་ནས་གསུང་དུས་ཚིག་འབྲུ་གསུམ་པོ་དེ་ལས་སླ་པོ་ཞིག་གི་ཐོག་ནས་འཐོན་གྱི་འདུག་མོད། དངོས་སུ་གོམ་བགྲོད་ལ་ཕེབས་དུས་སླ་པོ་ཞིག་གཏན་ནས་མེད་ཅིང་། ང་ཚོ་དྷ་ཤོད་ནས་མེ་གྷན་བར་རྐང་ཐང་ལ་ཡོང་བ་ཡིན་ན་རྔུན་ནག་འཐོན་པ་དང་། རྐང་པ་ན་བ། ཁ་སྐོམ་པ་སོགས་དཀའ་ལས་ག་ཚད་གཅིག་ཡོད་པ་རྟོགས་ཐུབ་པ་དེ་རེད།
དེ་འདྲའི་དཀའ་ངལ་ཁག་ལ་འཇིགས་ཞུམ་མེད་པའི་མི་རིགས་ཀྱི་བདེན་དོན་སེལ་ཐབས་སུ་དཀའ་སྡུག་ཁག་སེམས་ཁོངས་སུ་ཉར་ནས་ཆོད་སེམས་བརྟན་པོའི་ཐོག་ནས་བོད་མི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་ཟླ་བ་གཉིས་ཏག་ཏག་གོམ་བགྲོད་ལ་ཕེབས་གནང་བ་ནི་ཞི་བའི་འཐབ་རྩོད་རླབས་ཆེན་གྱི་ལས་འགུལ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ། དེ་བཞིན་སོ་སོའི་ཤ་ལས་ཆེད་པའི་བུ་ཕྲུག་གཅིག་གོ་རྒྱུ་འཚོ་རྒྱུ་མེད་པར་འགྱུར་ནས་ལོ་ངོ་ལྔ་ཙམ་ཕྱིན་པ་ནི་དུས་ཚོད་ཐུང་ཐུང་ཞིག་གཏན་ནས་མིན། རྒྱུད་རིམ་དེ་དག་གི་ཁྲོད་ཕ་མའི་སེམས་ཁམས་ལ་དཀའ་སྡུག་ག་ཚོད་ཡོད་པ་སུ་ཞིག་གིས་བརྗོད་མི་ནུས།
དེ་བཞིན་ཚེ་གཅིག་གི་གཏན་གྲོགས་ཀྱང་བློས་བཏང་ཆེན་པོ་གནང་བ་རེད་ལ། ཨ་མ་གཅིག་པུས་ཕྲུ་གུ་གཉིས་ལྟ་རྟོག་དང་གསོ་སྐྱོང་གནང་དགོས་དུས་ལས་སླ་པོ་ག་ལ་ཡོད། ཡིན་ནའང་དཀའ་སྡུག་ཁག་ལ་གདོང་ལེན་གནང་བ་དེར་ཡི་རངས་ཞུ་འདོད་བྱུང་། དེ་ཡང་བོད་ཀྱི་ཞི་བའི་འཐབ་རྩོད་ཅེས་པའི་དེབ་ལས། “ཆེས་གལ་ཆེ་བ་དང་རང་གི་ཚེ་སྲོག་ལོངས་སྤྱོད་དང་། ཁྱིམ་བཟའ་ཚང་ཞིག་གི་བདེ་སྐྱིད་དང་འབྲེལ་བ་ཧ་ཅང་ཟབ་པའི་རྒྱུ་མཚན་དེ་ངས་གསལ་བོར་ཤེས་ཀྱི་ཡོད་ཀྱང་། རང་ཉིད་སྐྱེ་སའི་མི་རིགས་ཀྱི་བདེ་སྡུག་དང་བསྡུར་ན། ངས་ཁོང་མ་སྨད་གསུམ་བསྐྱུར་ནས་འགྲོ་དགོས་ཀྱང་འགྲོ་ཕོད་དགོས་པ་དང་མི་རིགས་ཀྱི་ཞི་བདེ་དང་རང་དབང་ཆེད་དུ་བག་ཆགས་ཤིག་འཇོག་ཐུབ་པ་ཡིན་ན། ངའི་ཚེ་སྲོག་ཀྱང་རིན་ཐང་ཅི་ཡང་མེད་པ་ལྟ་བུ་ཞིག་ལ་བདག་གིས་དུས་རྒྱུན་དུ་བསམ་བཞིན་ཡོད་དུས། ང་རང་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་ཁྱོད་ཀྱིས་ང་རང་ལ་རང་དབང་སྤྲོད་ན། ང་རང་གིས་སེམས་ནང་དུ། གྲ་སྒྲིག་སྔ་ས་ཡོད་”ཅེས་དང་། དེ་འདྲའི་བོད་མི་རིགས་ལ་ཤ་ཞེན་དང་ཆོད་སེམས་བརྟན་པོ་དང་། དམ་བཅའ་བརྟན་པོས་ལས་འགུལ་སྤེལ་གནང་བ་རེད། དེ་ནས་མཛའ་མོས་ཀྱང་བློས་བཏང་ཆེན་པོའི་ཐོག་ནས་”ཁྱོད་རང་འགྲོ་འདོད་ན། ད་སོང་།” ཞེས་སོགས་བཀོད་གནང་དོན་ལྟར་བློས་བཏང་ཆེན་པོ་གནང་ཡོད་ཅིང་། དངོས་གནས་ཁོང་རྣམས་ལ་ཡི་རངས་ཞུ་བཞིན་ཡོད།
ད་ནི་ང་ཚོ་ཚང་མས་ང་དང་ཁྱོད་ཅེས་ནང་ཁུལ་ལ་ཕན་ཐོགས་མེད་པའི་རྩོད་གླེང་ལ་མགོ་འཁོར་ནས་མ་བཞུགས་པར་ཚང་མ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གནང་ནས་མདུན་སྐྱོད་གནང་དགོས་པ་ཞིག་ཏུ་སེམས། ངས་མི་དམངས་དབྱིངས་ཀྱི་ནང་ཁུལ་ལ་རྩོད་གླེང་བྱེད་ཀྱི་འདུག་གཏན་ནས་བརྗོད་ཀྱི་མེད། འོན་ཀྱང་སྐབས་རེ་གང་ཟག་ག་གེ་མོས་གནང་སྟངས་ལ་བརྟེན་ནས་ཚོར་སྣང་སྐྱེ་ཡོང་གི་འདུག་ཅིང་། དེ་དག་ནི་ཞོར་འཕྲོས་ཙམ་ལས་མ་འདས་སོ།
ལྷག་པར་གླིང་ཚ་ཚེ་བརྟན་རྡོ་རྗེ་ཞེས་པའི་གསར་ཤོག་གི་མིང་ཡིན་པ་ཡོད། ད་ལྟ་ཡག་པོ་མི་དྲན་གང་ལྟར་གསར་ཤོག་གཅིག་ཀྱང་འདོན་སྤེལ་གནང་སོང་བས། རང་ངོས་ནས་དེའི་ནང་ལ་རྩོམ་ཡིག་གཅིག་སྤེལ་མྱོང་བ་ད་ལྟ་ཡང་དྲན་གྱི་འདུག་ཅིང་། ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་གསར་ཤོག་ཉོ་རོགས་ཞེས་གཙུག་ལག་ཁང་གི་ཕྱི་ལོག་དེར་གསར་ཤོག་ཕྱག་གི་བཟུང་ནས་མི་རེར་བརྗོད་པ་ངས་དངོས་སུ་ཐེངས་མང་མཐོང་མྱོང་ཡོད།
ཚགས་ཤོག་ཉོ་རོགས་ཞེས་བརྗོད་དུས་འགའ་རེས་གོ་ཡང་མ་གོ་མདོག་མདོག །འགའ་རེས་མཐོང་ཡང་མ་མཐོང་མདོག་མདོག །འགའ་རེས་ཐག་རིང་པོ་ནས་མཐོང་དུས་དེར་གཡོལ་གང་ཐུབ་བྱེད་པ་དང་། ལྟ་ཙམ་ཡང་མི་བྱེད་ཅིང་། གཡོལ་ནས་འགྲོ་བ་མཐོང་མྱོང་ཡོད། བྱེད་སྟངས་དེ་དག་མཐོང་དུས་ང་ཚོའི་མི་རིགས་ཨ་ཁ་སྙམ་པའི་སེམས་ཁམས་སུ་སྐྱོ་གདུང་དབང་མེད་དུ་ཤར་མྱོང་།
ཕྲུ་གུས་ཕ་མ་ལ་བརྔན་པ་རིགས་དགོས་ལབ་ཚེ་ལམ་སེང་དངུལ་ཁུག་བཏོན་ནས་བུ་ཕྲུག་ལ་བརྔན་པ་ཉོ་ནས་སྤྲད་ཀྱང་གནང་བ་ལས་དེ་ཉོ་དགོས་མ་རེད་གཏན་ནས་མི་གསུང་། ཕྲུ་གུས་དེབ་རིགས་ཉོ་དགོས་ལབ་ཚེ་ཨ་མ་འགའ་རེས་ཉོ་དགོས་མ་རེད་ཀློག་གིན་ནི་མི་འདུག་ཅེས་བཀའ་འགོག་གནང་བ་དངོས་སུ་མཐོང་མྱོང་།
གང་ལྟར་ང་ཚོས་སྤྱི་ཚོགས་འདིའི་འགོ་དམངས་ཚང་མས་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་གལ་ཆེན་པོ་དང་། རྩ་བ་ཆེན་པོ་ཡིན་རབས་ཁ་ཕོ་སྒྲོག་པ་ཙམ་ལས་དོན་ངོ་མར་ཁ་ཞེ་གཉིས་གཏན་ནས་མཚུངས་ཀྱི་མི་འདུག་སྙམ་པའི་སེམས་ཚོར་ཁོ་བོ་ལ་ཐེངས་མང་སྐྱེ་མྱོང་མེད་པ་གཏན་ནས་མིན་ལ། སྐབས་རེ་གནས་སྟངས་དེ་འདྲ་རེད་མཐོང་ཡོང་སྐབས་སེམས་ནང་ལ་སུན་སྣངརེ་ཡང་སྐྱེ་མྱོང་ཡོད་ཅིང་། གཅིག་བྱས་ན་ཁོ་བོ་ལྟ་སྟངས་ནོར་ཡོད་སྲིད། ཁོ་བོ་ལྟ་སྟངས་ནོར་ཡོད་པར་ཤོག་ཅེས་སྨོན་ལམ་བརྒྱབ་ཀྱི་ཡོད། དེ་བཞིན་རང་རིགས་འགའ་རེ་བོད་ཡིག་ཀློག་རྒྱུ་ཉོབ་སྣང་བྱེད་ཀྱི་ཡོད་པའི་རྣམ་པ་མཐོང་ཡོང་དུས་དེ་ལས་སེམས་ནང་མ་བདེ་པ་ཡོང་གི་འདུག །གཅིག་བྱས་ན་རང་ཉིད་འཛམ་གླིང་གི་ཤེས་བྱ་དབེན་པས་བླུན་རྒན་ཞིག་ཡིན་པར་བརྟེན་སྤྱི་ཚོགས་ཀྱི་ཁོར་ཡུག་འཕོ་འགྱུར་མ་རྟོགས་པ་དང་། སོ་སོའི་སྐད་ཡིག་ལས་མ་ཤེས་པའི་དབང་གིས་ལྟ་སྟངས་ནོར་འཁྲུལ་ཚ་ཆེ་ཞིག་ཡོང་གི་ཡོད་སྲིད་པ་ཞིག་རེད།
ལྷག་དོན་དེང་རབས་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དང་བསྟུན་ནས་བོད་མི་རིགས་ཀྱི་སྐད་ཡིག་ལ་གདུང་ཞེན་ཟབ་པའི་མི་བུ་འགས་གློག་ཀླད་དང་། ལག་ཐོགས་ཁ་པར་སོགས་སུ་བོད་ཡིག་བཀོལ་སྤྱོད་བྱེད་ཆོག་པ་སྟབས་བདེ་བཟོ་གནང་མཛད་ཡོད་ཀྱང་། ད་དུང་བོད་རིགས་ནང་ཁུལ་ལ་ན་གཞོན་འགའ་ཤས་ཀྱིས་བོད་ཡིག་བཀོལ་སྤྱོད་གཏན་ནས་མི་གནང་མཁན་ཡོད་ཅིང་། བོད་ཡིག་ཤེས་ཀྱི་ཡོད་ཀྱང་དབྱིན་ཡིག་འབྲི་བ་ལ་གཟི་བརྗིད་ཅིག་ལ་ངོས་འཛིན་ནས་དབྱིན་ཡིག་བེད་སྤྱོད་གནང་གི་ཡོད།
དེ་བཞིན་ང་ཚོ་མ་འོངས་པའི་སོན་རྩ་གསོ་སྐྱོང་གནང་ས་ལྟེ་གནས་ཡིན་རབས་སོགས་ཁ་ཕོ་སྒྲོག་སའི་ཤེས་ཡོན་གྱི་ལྟེ་གནས་སློབ་གྲྭ་འགའ་ཤས་ཀྱི་ངོ་དེབ་དང་དྲ་ཚིག །དུས་དེབ་ཀྱི་སྔོན་གླེང་སོགས་ལ་ཐེངས་གཅིག་གཟིགས་དང་། ལས་ཀྱི་སྣེ་བ་ཚོས་བོད་ཡིག་བཀོལ་སྤྱོད་ག་ཚོད་གཅིག་གནང་ཡོད་མེད་དེ་ནས་རོབ་ཙམ་ཞིག་རྟོགས་ཐུབ་སྙམ། དེ་དག་གིས་ན་གཞོན་སློབ་ཕྲུག་རྣམས་ལ་བག་ཆགས་ངན་པ་འཇོག་གི་མེད་དམ་སྙམ། ངས་དེ་དག་ལབ་དུས་དབྱིན་ཡིག་སྦྱོང་རྒྱུ་ཡོད་མ་རེད། འབྲི་རྒྱུ་ཡོད་མ་རེད་གཏན་ནས་བརྗོད་ཀྱི་མེད་ལ། དབྱིན་ཡིག་ཤེས་དགོས་ལ་དེ་བཞིན་སོ་སོའི་ཕ་སྐད་ངེས་པར་དུ་ཤེས་དགོས་པ་རེད། སའི་གོ་ལའི་གཅིག་འགྱུར་གྱི་དུས་སྐབས་འདིར་ངེས་པར་དུ་དབྱིན་ཡིག་ཤེས་དགོས་ལ། དབྱིན་ཡིག་མ་ཤེས་ན་མི་ཕྱེད་ཀ་ལྟ་བུ་ཞིག་ཏུ་གྱུར་གྱི་ཡོད། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། གང་ལྟར་འདབ་གཤོག་གཉིས་ལྡན་གྱི་ན་གཞོན་ཁྱུ་ཚོགས་ཤིག་གསོ་སྐྱོང་གནང་ཐབས་ལ་འབད་བརྩོན་གནང་དགོས་པའི་དམིགས་ཡུལ་དེ་རེད་སྙམ།
ལྷག་དོན་རྒྱ་གར་ལྟ་བུ་ཞིག་ལ་མཚོན་ན་འགོ་དམངས་ཚང་མར་གསར་ཤོག་ཉོ་ནས་ཇ་བཏུང་ཞོར་དང་། སྐད་ཆ་བཤད་ཞོར། འགྲོ་ཞོར་འདུག་ཞོར་སོགས་ལྟ་ཀློག་གནང་རྒྱུར་ཧ་ཅང་གི་དོ་སྣང་ཆེན་པོ་ཡོད་པ་མཐོང་གི་འདུག་པས། དེ་དག་མཐོང་དུས་སེམས་ཁམས་སུ་ཡིད་དབང་འཕྲོག་གི་འདུག་ཅིང་། ང་ཚོའི་མི་རིགས་འདི་ལ་དེ་འདྲའི་གོམས་གཤིས་མེད་པ་གང་ཡིན་ནམ། སློབ་གྲྭའི་སློབ་གསོའི་མ་འདང་བ་རེད་དམ། ནང་གི་སློབ་གསོ་མ་འདང་བ་རེད། གང་ལྟར་དེབ་ཀློག་ལ་གོམས་གཤིས་མེད་པའི་ནོར་འཁྲུལ་དེ་དག་གང་ནས་བྱུང་བ་རེད། ད་ནི་ང་ཚོ་ཚང་མས་དེབ་ཀློག་ལ་གོམས་གཤིས་ཡོང་ཐབས་ལ་སློབ་གསོ་གནང་དགོས་པ་ཞིག་ཏུ་སེམས། དེབ་ཀློག་གི་གོམས་བཤིས་མེད་ན་མི་རིགས་དེ་ལ་ཤེས་ཡོན་ཆུ་ཚད་ཡག་པོ་ཞིག་གཏན་ནས་མི་ཡོང་བ་དེར་བརྟེན་འགོ་འོག་ཚང་མས་ཡིད་གཟབ་གནང་དགོས་པའི་དུས་སྐབས་ཤིག་ཤར་འདུག་སྙམ།
ང་ཚོ་འདི་ཕྱོགས་ནས་ངེས་པར་དེ་ལ་དཔག་པའི་ཕྱག་ལས་གནང་དགོས་ཀྱི་འདུག །ངས་དེ་དག་ལབ་དུས་ཕྱག་ལས་གནང་གི་མི་འདུག་གཏན་ནས་བརྗོད་ཀྱི་མེད། ད་དུང་ཡར་རྒྱས་ལ་མཐའ་མེད་པ་ཡིན་དུས་ནོར་འཁྲུལ་ལ་གཡོ་སྲང་གནང་ནས་ང་ཚོ་ཚང་མས་ནུས་པ་གཅིག་ཏུ་སྤུངས་ནས་ལས་དོན་གནང་དགོས་ཀྱི་འདུག་ཟེར་བ་དོན་ཡིན་པས་སོ། དེ་དག་ནི་ཕན་ཐོགས་འདྲ་ཞིག་བྱུང་ན་བསམ་པའི་ཀུན་སློང་ཞིག་འཁུར་ནས་བསམ་ཚུལ་བཤད་པ་ཙམ་ཡིན་པ་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད་པའི་དེ་ལུགས་དགོངས་བཞེས་མཛོད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་དྲག་པའི་སྨན་ལ་ཞིམ་པོ་མེད་ཅེས་པ་ལྟར་རེད།
མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་། མགོན་པོ་མཆོག་གི་ཐུགས་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་དང་བཅས།
༄༅། སོ་སོ་རང་ཉིད་ནས་བྱེད་རྒྱུ་གང་ཡང་མེད་པར་མང་དག་གཅིག་བྲིས་འདུག་པར་
མི་་་་ཐུགས་རྗེ་ཆེ། ཕན་མ་ཐོག་ཀྱང་གནོད་ཅི་ལ་ཡོང། ཁྱོད་ཤ་ཞེན་གྱིས་བྲིས་པ་དགའ་བསུ་ཡོད།