རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་བ་དང་བསྟུན་བོད་ནང་གི་ཛ་དྲག་གནས་སྟངས་གསལ་སྟོན་ཆེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞི་རྒོལ་བ་ ༣༥ ལྷག་གིས་ངོ་རྒོལ་སྐད་འབོད་བྱས།
ཁ་སང་རྒྱ་ནག་ཕྱི་དྲིལ་ལས་ཁུངས་ཀྱི་བློན་ཆེན་ཀྲའོ་ཁེ་ཀྲི་(Zhao Kezhi)ཡིས་མགོ་འཁྲིད་འོག་རྒྱ་ནག་གི་ཆེས་མཐོའི་འཐུས་ཚབ་ཁག་ཅིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལི་རོ་ཧི་ནི་ས་གནས་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མི་ ༣༥ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་གར་ཉེན་རྟོག་པས་ཞི་རྒོལ་བ་རྣམས་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་ཁ་སང་ཕྱི་དྲོར་ཀློད་གྲོལ་བཏང་ཡོད་འདུག
འདི་གའི་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲི་ཐར་ལགས་སུ་གནད་དོན་དེའི་སྐོར་དྲིས་པར་ཁོང་གིས། ཐེངས་འདིར་རྒྱ་ནག་གི་མགོ་འཁྲིད་ཚོ་རྒྱ་གར་དུ་ཡོང་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་ནང་སྲིད་བློན་ཆེན་གཙོའི་བློན་ཆེན་ཁག་ཅིག་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། ང་ཚོས་དེ་དང་བསྟུན་ནས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་སྟོན་ཆེད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བ་དང་། ལས་འགུལ་སྤེལ་མ་ཐག་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་སོང་། འོན་ཀྱང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད ༧ པ་ཙམ་ལ་ལས་འགུལ་བ་ཚང་མ་ཀློད་གྲོལ་བཏང་སོང་། ཁོང་ཚོར་དམིགས་བསལ་རྡུང་རྡེག་དང་རྨས་སྐྱོན་སོགས་གང་ཡང་བཟོས་མི་འདུག ཅེས་བརྗོད་བྱུང་།
ཐེངས་འདིར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དགོས་པའི་སྐོར་ལ་ཁོང་གིས། ང་ཚོས་ངོ་རྒོལ་ལས་འགུལ་སྤེལ་དགོས་དོན་གྱི་དམིགས་ཡུལ་གཙོ་བོ་དེ་རྒྱ་ནག་གཞུང་གིས་བོད་ནང་ཕྱོགས་གང་ཐད་ནས་རང་དབང་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་ཉིན་རེ་ལས་ཉིན་རེར་ཛ་དྲག་ཏུ་འགྲོ་བཞིན་པ། ལྷག་པར་དུ་ཕྱི་ལོ ༢༠༠༩ ལོ་ནས་བོད་ནང་དུ་སྐུ་ལུས་མེར་སྲེག་གནང་མཁན་ ༡༥༠ ལྷག་བྱུང་བསྡད་ཡོད་པ་རེད། དེ་དང་མཉམ་དུ་ང་ཚོས་རྒྱ་གར་གཞུང་ལ་རྒྱ་གར་དེ་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་དུས། རྒྱ་ནག་གི་མགོ་འཁྲིད་ཚོ་དང་ཐུག་འཕྲད་སྐབས་བོད་ཀྱི་གནད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས་པ་སོགས་ཀྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ཅེས་བརྗོད་བྱུང་།
རྒྱ་གར་གྱི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིར་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོ་རྒྱ་གར་དུ་ཡོང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་དཔལ་འབྱོར་མཉམ་འབྲེལ། འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་གཙོའི་དེ་མིན་གྱི་གནད་དོན་ཁག་ཅིག་གི་ཐོག་གྲོས་མོལ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
ངོ་རྒོལ་དེའི་རིགས་མཚམས་འཇོག་ན་བཟང་སྙམ། བཟང་ཕྱོགས་ཀྱི་འབྲས་བུ་སོན་ཐུབ་པ་ནི་ཉིན་མོའི་སྐར་མ་བཞིན་རེད། དེ་ལས་ཟློག་སྟེ་གཞིས་བཞུགས་སྤུན་ཟླ་ཚོར་དེའི་རྐྱེན་པས་ལུས་སེམས་གཉིས་ཀར་སྡུག་པོ་གཏོང་གིན། བོད་ནམ་ཡང་མཐོང་མ་མྱོང་བའི་གཞོན་ནུ་ཚོར་སེམས་ཤུགས་ཡོད་ན་ཡང་། ཁྱེད་ཅག་ལ་འཆར་གཞི་དང་ཕུགས་འདུན་གྱི་མ་འདང་བའི་དབང་གིས་རང་བཙན་རྩོད་པ་ལ་འཆར་གཞི་ཅི་གང་མེད་པར་ངོ་རྒོལ་དེའི་རིགས་འཇོག་མཚམས་ཀྱིས།།
ཞི་རྒོལ་བ་༣༥་ལྷག་ཟེར་ན་ཅི་འདྲ་ཞིག་ལ་ཟེར་བ་རེད། མི་སོ་ལྔ་ལ་གྲངས་བཅད་བཟོ་ཚར་དུས་ལྷག་ཟེར་བ་མི་ཕྱེད་ཀ་ཅན་ཞིག་ཡོད་པ་རེད་དམ།