དགོན་སྡེ་དང་སློབ་ཕྲུག་བར་འབྲེལ་ལམ་ཉེ་རུ་གཏོང་བ་དང་སློབ་ཕྲུག་རྣམས་ཀྱིས་སྤྱི་ཚོགས་མི་འདྲ་བའི་ནང་ནང་པའི་ལྟ་གྲུབ་སྐོར་འགྲེལ་བརྗོད་ཐུབ་སླད་གནའ་དེང་ཤེས་ཡོན་བརྗེ་ལེན་གྱི་བགྲོ་གླེང་ཐེངས་བཞི་པ་ཚོགས།
ཟླ་འདིའི་ཕྱི་ཚེས་༣ དང་༤ ཉིན་སེར་བྱེས་ཡིད་དགའ་ཆོས་གླིང་མགྲོན་ཁང་གི་ཚོགས་ཁང་དུ། རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་གི་དབྱིན་ཇིའི་སྐད་སྒྱུར་སྡེ་ཚན་དང་སྦེང་ལོར་གྲོང་ཁྱེར་གྱི་བོད་ཁྱིམ་མཐོ་རིམ་སློབ་གཉེར་བའི་བར་གནའ་དེང་ཤེས་ཡོན་བརྗེ་ལེན་གྱི་བགྲོ་གླེང་ཐེངས་བཞི་པ་ཚོགས་བཞིན་ཡོད་པ་དང་། བགྲོ་གླེང་ནང་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ཁྱབ་ཁོངས་མཐོ་སློབ་འདྲ་མིན་གྱི་བོད་རིགས་སློབ་མ་༢༧ དང་། སེར་བྱེས་དབྱིན་སྒྱུར་སྡེ་ཚན་གྱི་དགེ་འདུན་པ་ ༣༠ བཅས་ཁྱོན་མི་གྲངས་ ༥༨ འཛོམས་ཡོད་པ་རེད།
སེར་བྱེས་དབྱིན་སྒྱུར་སྡེ་ཚན་གྱི་འགན་འཛིན་གཞོན་པ་བློ་བཟང་སྦྱིན་པ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་བགྲོ་གླེང་སྐབས་ནང་པའི་ལྟ་གྲུབ་དང་། ནང་དོན་རིག་པ། ནང་པའི་ཚན་རིག ནང་དོན་རིག་པའི་གཞུང་ནས་བཤད་པའི་བདེན་གཉིས་ཀྱི་རྣམ་གཞག དེངདུས་ཚན་རིག་ ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད། དེང་དུས་ཚན་རིག་དང་ནང་པའི་ཚན་རིག་བར་མཐུན་པའི་ཆ་གང་དང་གང་ཡོད་མེད་བཅས་ཀྱི་བརྗོད་གཞི་ཁག་༦་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།
བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་རྒྱ་གར་གྱི་བུ་མོ་(Priya Stephen)ལགས་སུ་བགྲོ་གླེང་ནང་མཉམ་ཞུགས་བྱས་པའི་དགོས་དམིགས་དྲིས་པར་མོས། ང་སྡོད་ས་ནི་བོད་ཁྱིམ་གཞོན་ནུའི་སྡོད་ཁང་དང་ཐག་ཉེ་པོ་ཡིན་པ་མ་ཟད། བོད་པའི་སློབ་ཕྲུག་གྲོགས་པོ་མང་པོ་ཡོད་ལ་དེ་སྔོན་ཡང་བགྲོ་གླེང་དེ་འདྲ་ཞིག་ལ་མཉམ་ཞུགས་བྱས་མྱོང་ཡོད། དེ་དུས་ང་རང་ལ་ཕན་ཐོགས་ཆེན་པོ་བྱུང་། ང་རང་ནང་པའི་ཆོས་ལུགས་ཙམ་མ་ཡིན་པར་ལྟ་གྲུབ་ཐོག་ལ་དོ་སྣང་ཆེན་པོ་ཡོད་པས་ད་རེས་ཡང་བསྐྱར་བགྲོ་གླེང་འདིའི་ནང་མཉམ་ཞུགས་བྱས་པ་ཡིན། ཞེས་བརྗོད་བྱུང་།
ཁོང་ལ་ནང་པའི་ཆོས་དང་ལྟ་གྲུབ་ཐོག་དོ་སྣང་ག་འདྲ་བསླེབས་སྐོར་དྲིས་པར། ང་རང་གིས་དུས་རྒྱུན་ནས་གོང་ས་ཏ་བླའི་བླ་མ་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་མང་པོ་ཀློག་ཀྱི་ཡོད་ལ། ལྷག་དོན་དུ་ཕྱི་ལོ་༢༠༡༡ ལོར་ཁོང་གིས་མོན་གྷོ་འདོད་རྒུ་གླིང་དུ་གསུང་ཆོས་གནང་སྐབས་མཇལ་ཁ་དང་གསུང་ཆོས་ཞུ་རྒྱུའི་གོ་སྐབས་བྱུང་བ་ནས་ང་རང་ལ་དབྱིངས་དང་དོ་སྣང་སླེབས་བྱུང་། ཞེས་བརྗོད་བྱུང་།
ནང་མིའི་ངོས་ནས་མོས་མཐུན་རྒྱབ་སྐྱོར་ཡོད་མེད་དྲིས་པར། ང་རང་གི་ཕ་མེས་ཀྱི་ཆོས་ལུགས་གཙོ་བོ་ནི་(Catholic) ཡི་ཤུའི་རྣམ་དག་ཆོས་ལུགས་རེད། ཡིན་ན་ཡང་གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་རྟག་ཏུ་ནང་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱས་པ་ཡག་པོ་ཡིན་ཡང་། སོ་སོའི་ཕ་མེས་ཀྱི་ཆོས་ལུགས་དེ་གཅེས་ཉར་བྱས་ན་ལེགས་པོ་ཡོད་པའི་བཀའ་སློབ་གནང་གི་ཡོད་སྟབས། ནང་མི་ཚོས་ངས་ནང་ཆོས་སྦྱོང་བར་རྒྱབ་སྐྱོར་གནང་གི་འདུག ཅེས་བརྗོད་བྱུང་།
༧གོང་ས་མཆོག་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་པའི་དུས་ལ་བསླེབས་ཡོད་པ་དང་། རྒྱ་གར་གཞོན་སྐྱེས་ཚོར་དེའི་ཐད་ལས་འགན་ཡོད་པའི་བཀའ་གནང་གི་ཡོད་པ་དེར་བསམ་ཚུལ་ཅི་ཡོད་དྲིས་པར་མོས། དེ་ནི་གཏན་གཏན་རེད། དེ་ལྟ་བུའི་བགྲོ་གླེང་དེ་བོད་པའི་སྤྱི་ཚོགས་ནང་ཁུལ་ཙམ་མ་ཡིན་པར་རྒྱ་གར་སྤྱི་ཚོགས་ནང་གང་མང་མང་གནང་ཐུབ་ན་རྒྱ་གར་གཞོན་སྐྱེས་ཀྱི་སྤྱི་ཚོགས་ནང་ནང་ཆོས་ཀྱི་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། ཅེས་བརྗོད་བྱུང་།
དེ་བཞིན་བགྲོ་གླེང་ནང་ཞུགས་པའི་བོད་རིགས་སློབ་མ་ཁག་ཅིག་ལ་བགྲོ་གླེང་ནང་ཞུགས་ནས་རེ་བ་དང་དམིགས་ཡུལ་གང་ཡོད་དྲིས་པར། སྦེང་ལོར་དུ་མཐོ་སློབ་འགྲིམ་བཞིན་པའི་བུ་མོ་ཀུན་དགའ་ཆོས་དབྱངས་ལགས་ཀྱིས། སྤྱིར་བཏང་ང་རང་ཚོ་ནང་པ་ཡིན་པའི་ཆ་ནས་ནང་ཆོས་ཤེས་པའི་གོ་སྐབས་ཡག་པོ་ཞིག་རེད་ལ། ཤེས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ང་ཚོ་མཐོ་སློབ་ལ་འགྲོ་སྐབས་རྒྱ་གར་སློབ་ཕྲུག་ཚོས་ནང་ཆོས་སྐོར་ལ་དྲི་བ་དྲིས་དུས་དེ་ལ་ལན་ཡག་པོ་ཞིག་སྤྲོད་ཐུབ་པའི་ཆེད་དུ་དེ་རིང་མཉམ་ཞུགས་གནང་བ་ཡིན། ཞེས་བརྗོད་བྱུང་།
ཡང་སྦེང་ལོར་མཐོ་སློབ་ཏུ་འཆར་འགོད་རིག་པའི་ཐོག་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བསྟན་འཛིན་དབྱངས་སྐྱིད་ལགས་ཀྱིས། ང་རང་འདིར་ཡོང་དགོས་དོན་ནི་ང་རང་དེ་སྔ་གཞི་རིམ་སློབ་གྲྭར་འགྲོ་སྐབས་ནང་ཆོས་སྐོར་ལ་དོ་སྣང་མེད་ལ། ཉན་གྱི་ཡང་མེད། འདོད་པ་ཡང་སླེབས་ཀྱི་མི་འདུག ག་ལེར་སྤྱི་ཚོསག་ནང་བསླེབས་རྗེས་ནང་ཆོས་དེ་གལ་ཆེན་པོ་ཆགས་ཀྱི་འདུག ད་དུང་ཕྱི་རྒྱལ་མི་རིགས་ཚོས་ཀྱང་ནང་ཆོས་སློབ་སྦྱོང་བྱེད་ཀྱི་ཡོད་དུས་ང་ཚོ་བོད་པ་ཡིན་པའི་ཆ་ནས་མ་སྦྱང་ན་ཐབས་སྐྱོ་པོ་འདྲ་ཞིག་མཐོང་གི་འདུག བྱས་ཙང་གོ་སྐབས་བླངས་ནས་འདིར་ཡོང་བ་ཡིན། ཞེས་ཟེར།
སྦེང་ལོར་རྒྱལ་སྤྱིའི་ཚོང་རིགས་མཐོ་སློབ་ལ་གཙུག་ལག་རམས་འབྱམས་པའི་སློབ་གཉེར་བྱེད་བཞིན་པ་བུ་མོ་ཚེ་དབང་སྒྲོལ་མ་ལགས་ཀྱིས། ང་རང་འདིར་ཡོང་དགོས་དོན་ནི་ང་རང་སློབ་སྦྱོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་དུས་རྒྱུན་སོ་སོའི་བསམ་བློ་གཏོང་ཕྱོགས་ཐོག་དཀའ་ངལ་ཡོད་དུས་ནང་ཆོས་ཀྱིས་ཕན་ཐོགས་ཡོང་གི་འདུག་བྱས་ཙང་འདིར་ཡོང་བ་ཡིན། ཞེས་བརྗོད་བྱུང་།
སེར་བྱེས་དབྱིན་སྒྱུར་སྡེ་ཚན་གྱི་འགན་འཛིན་བཞོན་པ་བློ་བཟང་སྦྱིན་པ་ལགས་ཀྱིས་གསར་འགོད་པར། སེར་བྱེས་མཁས་སྙན་གྲྭ་ཚང་དང་མཐོ་རིམ་སློབ་ཕྲུག་བར་གྱི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དེ་ནི་ད་རེས་ཐེངས་བཞི་པ་དེ་ཡིན་པ་དང་། བགྲོ་གླེང་གོ་སྒྲིག་གནང་དགོས་དོན་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་དགོན་སྡེ་དང་སློབ་ཕྲུག་བར་འབྲེལ་ལམ་ཉེ་རུ་གཏོང་བ་དང་། སློབ་ཕྲུག་རྣམས་ཀྱི་སྤྱི་ཚོགས་མི་འདྲ་བའི་ནང་གི་ཕྱིའི་མི་སྣ་ཚོར་ནང་པའི་ལྟ་གྲུབ་སྐོར་འགྲེལ་བཤད་ཐུབ་པའི་ཆེད་དུ་ཡིིན་ཞེས་བརྗོད་བྱུང་།
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།
སེར་བྱེས་ཨིན་སྒྱུར་སྡེ་ཚན་འགན་འཛིན་གཞོན་པ་གྲྭ་བློ་བཟང་སྦྱིན་པ་ལགས་གཙོས་པའི་འབྲེལ་ཡོད་ཚང་མར་བསྔགས་བརྗོད་ཞུས།
འདི་རིགས་ཇི་ཙམ་མང་པོ་དེ་ཙམ་གྱི་ཡག་པོ་རེད་སེམས། བཀྲིས་བདེ་ལེགས།