ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་གི་རྩོད་རྙོག་འོག་འདི་ལོའི་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་འདུར་གྲོས་ཆོད་འཇོག་ཐུབ་མེད་པ་རེད།དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༡༨ བར་ཨོ་སི་ཊོ་ལི་ཡའི་ལྷོ་ནུབ་མཚམས་ཀྱི་(PNG)གླིང་ཕྲན་དུ། ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་འདུ་ཐེངས་ ༣༠ པ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་འཛམ་གླིང་རྒྱལ་ཁབ་ ༢༡ མཉམ་ཞུགས་བྱས་ཏེ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཚོ་ཁུལ་བརྟན་ལྷིང་དང་ཞི་བདེ། ཚོང་འབྲེལ་རང་དབང་སྲུང་སྐྱོབ་དང་། མཉམ་འབྲེལ་ཚོང་ལས་གོང་འཕེལ་གྱིས་མདུན་སྐྱོད་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གླེང་སློང་བྱས་སྐབས། ཚོགས་ཐོག་ནས་ཨ་རིས་རྒྱ་ནག་གིས་འཛམ་གླིང་གི་ཚོང་འབྲེལ་སྒྲིག་སྲོལ་ལ་བརྩི་སྲུང་མ་བྱས་པར་དྲང་བདེན་མིན་པའི་ཚོང་འབྲེལ་སྲིད་བྱུས་བེད་སྤྱོད་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གིས་ཚོགས་ཐོག་ནས་ལན་འདེབས་བྱས་མེད་ནའང་། ཨ་རིའི་སྐྱོན་བརྗོད་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་སྐོར་བཤད་དེ་གྲོས་ཆོད་གཏན་འབེབ་ཡོང་ཐབས་མེད་པའི་རྣམ་འགྱུར་བསྟན་པར་བརྟེན། ཐེངས་འདིའི་དཔལ་འབྱོར་ཚོགས་འདུའི་ཐོག་གྲོས་ཆོད་གང་ཡང་འཇོག་ཐུབ་མེད་པ་རེད་ལ། ད་རེས་ནི་ཉེ་བའི་ལོ་ངོ་༣༠ མ་ཟིན་ཙམ་གྱི་རིང་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་འདུར་གྲོས་ཆོད་འཇོག་མ་ཐུབ་པ་ཐོག་མ་དེའང་ཆགས་ཡོད་པ་རེད།
ཚོགས་འདུའི་ཐོག་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་ལགས་ཀྱིས། རྒྱ་ནག་གིས་འདས་པའི་ལོ་ངོ་མང་པོའི་རིང་བཟོ་ཚོང་དང་ཚོང་འབྲེལ་གྱི་ཁྲིམས་འགལ་སྲིད་བྱུས་ལག་བསྟར་བྱས་ཏེ། ཁྲོམ་རའི་ནང་ཨ་རིའི་བཟོ་གྲྭ་ཁག་གི་ཚོང་འབྲེལ་གྱི་ལམ་ཁ་ཡོངས་རྫོགས་བཀག་ཡོད་པར་བརྟེན། རྒྱ་ནག་གིས་ལོ་མང་རིང་ཨ་རི་བརྒྱུད་ཁེ་སྤོགས་ཟ་ཡི་ཡོད་པའི་དུས་ཚོད་ད་ནས་མཇུག་རྫོགས་པ་མ་ཟད། རྒྱ་ནག་གིས་དྲང་བདེན་མིན་པའི་བཟོ་ཚོང་སྲིད་བྱུས་བཅོས་སྒྱུར་མ་བཏང་བར་ཨ་རིས་རྒྱ་ནག་ལྷན་དུ་ཚོང་འབྲེལ་འཐབ་འཁྲུག་མུ་མཐུད་རྒྱག་གི་ཡིན། ཞེས་བརྗོད་ཡོད་པ་རེད།
དེ་རིང་རྒྱ་ནག་གིས་གཞུང་འབྲེལ་གོ་ལའི་དུས་བབ་ནང་ཨ་རིར་ལན་འདེབས་བྱས་ཡོད་པའི་ནང་། ད་ལོར་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་འདུར་གྲོས་ཆོད་འཇོག་མ་ཐུབ་པ་ནི་ཧང་སང་དགོས་པའི་གནས་སྟངས་ཤིག་མིན་ལ། ཨ་རིས་རྒྱ་ནག་ནས་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་ཁྲིམས་རྩིས་མེད་གཏོང་གི་ཡོད་པའི་སྐྱོན་བརྗོད་དེ་ནི་རྫུན་མ་ཡིན་པ་མ་ཟད། རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་སྟབས། ཨ་རིས་རྒྱལ་སྤྱིའི་སྡིངས་ཆའི་ནང་དེ་སྐྱོན་ལ་བཟོས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་གཏོགས། རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཕན་ཐོགས་བྱས་པ་དང་སོ་སོས་དཀའ་ལས་བརྒྱབས་པའི་འབྲས་བུར་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ཕྱིན་ཡོད་པ་ཚོར་ཡོད། ཅེས་ལན་འདེབས་བྱས།
བྷི་བྷི་སི་གསར་ཁང་གི་དེའི་སྐོར་གྱི་གསར་འགྱུར་ནང་། ཨ་རིས་རྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་ཁག་ནི་དམར་ཤོག་ཚོགས་པ་རང་གི་རྐང་པ་ལྟ་བུ་ཡིན་སྟབས། ཁོ་ཚོས་བཟོ་གྲྭ་དེ་དག་སྲུང་སྐྱོབ་བྱེད་པར་ཨ་རིའི་བཟོ་གྲྭ་ཁག་བེད་སྤྱོད་གཏོང་གི་ཡོད་པ་དང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ནི་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་མ་དངུལ་གཡར་ཏེ་འཛུགས་སྐྲུན་གྱི་ལས་གཞི་ཁེ་གཉེར་བྱེད་བཞིན་ཡོད་ནའང་། འཛུགས་སྐྲུན་བྱས་ཡོད་པ་ཚང་མ་རྒྱུ་སྤུས་ཞན་སྟབས་མགྱོགས་པོ་ཆག་སྐྱོན་བྱུང་གི་ཡོད་པ་སོགས་གཞན་ལ་མགོ་སྐོར་བཏང་སྟེ་བུ་ལོན་ནང་གཡུག་ཐབས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་ཨ་རིས་གླེང་བཞིན་པའི་གནད་དོན་དེ་དག་བདེན་པ་མིན་པ་མ་ཟད། ཨ་རིས་རྒྱ་ནག་འཛམ་གླིང་གི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཞིག་ཏུ་གྱུར་བར་ཐབས་ལམ་སྣ་ཚོགས་བརྒྱུད་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་སྐོར་སོགས་བཀོད་འདུག
ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་ཁྲོད། ད་སྔ་བར་ཨ་རིས་རྒྱ་ནག་གི་ཚོང་ཟོག་ཁག་གི་ཐོག་དཔྱ་ཁྲལ་སྤར་ཏེ་ཁྱོན་ཨ་སྒོར་ཐེར་འབུམ་ ༢༥༠ ཚོང་འཐབ་བྱས་ཡོད་པ་དང་། རྒྱ་ནག་གིས་ཨ་རིར་ཁྱོན་ཨ་སྒོར་ཐེར་འབུམ་ ༡༡༠ ཚོང་འཐབ་བྱས་ཡོད་འདུག་ལ། ཨ་རིའི་སྲིད་འཛིན་ཊོམ་ཕུས་འབྱུང་འགྱུར་ལོའི་ཕྱི་ཟླ་དང་པོ་ནས་རྒྱ་ནག་གི་ཚོང་ཟོག་ཁག་གི་དཔྱ་ཁྲལ་བརྒྱ་ཆ་ ༡༠ ནས་ ༢༥ བར་སྤར་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། རྒྱ་ནག་གིས་ཀྱང་གཅིག་མཚུངས་དཔྱ་ཁྲལ་སྤར་རྒྱུ་ཡིན་སྐོར་སོགས་རྒྱལ་ཁབ་གཉིས་པར་གྱི་ཚོང་འབྲེལ་འཐབ་འཁྲུག་གི་གནས་སྟངས་ཛ་དྲག་ཏུ་གཏང་སྲིད་པའི་གནས་སྟངས་ཆགས་ཡོད་པ་རེད།
བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། འདི་ལོའི་ལྷོ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ཚོགས་འདུའི་ཐོག་གི་གནད་དོན་གལ་ཆེན་ཞིག་ནི། ཨོ་སི་ཊོ་ལི་ཡི་དང་ཨ་རི་གཉིས་ནས་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༡།༧ བཏང་སྟེ། པྰ་པོའོ་ནེའུ་གྷ་ནེ་ཡ་གླིང་ཕྲན་དུ་དམག་སྦྱོང་ལྟེ་གནས་ཁང་ཞིག་རྒྱ་སྐྱེད་གཏོང་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་དང་། ཆབ་སྲིད་དཔྱད་བརྗོད་པ་ཚོས་དམག་སྦྱོང་ལྟེ་གནས་དེ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྒྱ་ནག་གིས་བཙན་བཟུང་བྱེད་བཞིན་པའི་ཉ་འཛིན་གླིང་ཕྲན་(钓鱼岛)གཙོས་རྒྱ་ནག་གི་དམག་ཤུགས་སྤྱི་ལ་ཁ་གཏད་གཅོག་ཐབས་ཤིག་ཡིན་སྐོར་སོགས་བརྗོད་ཡོད་འདུག
ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ལྷན་ཚོགས་དེ་ལོ་རེར་ཐེངས་རེ་ཚོགས་ཀྱི་ཡོད་པ་དང་། ཚོགས་འདུའི་ནང་རྒྱལ་ཁབ་དང་དམིགས་བསལ་འཛིན་སྐྱོང་གི་གཞུང་སོགས་ཚོགས་མི་ཁྱོན་༢༡ ཡོད་འདུག་ལ། ཚོགས་འདུའི་དམིགས་ཡུལ་ནི། ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཁག་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༣༠༠༠ ལྷག་གི་ཚོང་རྒྱག་གི་ཡོད་པ་དག་སྲུང་སྐྱོབ་བྱས་ཏེ། སྔར་ལྷག་ཚོང་འབྲེལ་རང་དབང་སྒོ་འབྱེད་དང་འདྲ་མཉམ། ཞི་བདེ་ཡོང་ཐབས་བྱ་རྒྱུ་དེ་ཡིན་ཞིང་། ཚོགས་པ་དེ་ཕྱི་ལོ་ ༡༩༨༠ ལོར་ཐོག་མར་བཙུགས་ཏེ་ད་བར་ཚོགས་འདུ་རིམ་པ་༣༠ ཚོགས་མྱོང་བ་རེད། ལོ་རྗེས་མའི་དཔལ་འབྱོར་ཚོགས་འདུ་དེ་ལྷོ་ཨ་མི་རི་ཁའི་སྤྱི་མཐུན་རྒྱལ་ཁབ་ཆི་ལིའི་ནང་འཚོག་རྒྱུ་གཏན་འཁེལ་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།