ཀླུ་སྨྱོན་ཧེ་རུ་ཀ
བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་ལོ།། འགྲོ་བ་ཐམས་ཅད་དཀར་ཟས་པར་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ།
འདས་པའི་ལོ་གཉིས་ལྷག་གི་རིང་བདག་གིས་ཉམ་ཐག་སེམས་ཅན་གྱི་ཤ་ཁྲག་ལ་མ་རོལ་བ་ཙམ་དུ་མ་ཟད། རང་དང་སེམས་ཐག་ཉེ་རིང་གི་ཆོས་གྲོགས་རྩོམ་གྲོགས་དྲ་གྲོགས་སོགས་ལ་རབ་དཀར་ཟས་པར་འགྱུར་རྒྱུ་དང་། དེ་ཙམ་མ་བྱུང་ཡང་ཕྱེད་དཀར་ཟས་པར་འགྱུར་རྒྱུའི་འབོད་སྐུལ་གང་མང་ཞུས་པ་ཡིན་ལ། གཙོ་བོ་ནུབ་ཕྱོགས་པ་དང་རྒྱ་རིགས་སོགས་བོད་རིགས་མ་ཡིན་པའི་ནང་པའི་དད་ལྡན་པ་མང་པོ་ཞིག་དཀར་ཟས་པར་གྱུར་པ་དང་། ཕྱེད་དཀར་ཟས་པར་གྱུར་པ་ཧ་ཅང་མང་པོ་ཞིག་བྱུང་སོང་། ཡིན་ན་ཡང་། རང་རེ་སྤྱན་རས་གཟིགས་ཀྱི་གདུལ་བྱ། རང་རེ་སྙིང་རྗེ་ཁ་ལ་ཁྱེར་བའི་བོད་མི། རང་རེ་མ་ཎིའི་མཉམ་དུ་སྐྱེས་པའི་བོད་མི། རང་རེ་མ་གྱུར་སེམས་ཅན་ཟེར་བའི་བོད་མི། རང་རེ་ཐེག་པ་ཆེན་པོར་སློབ་པའི་བོད་མི། རང་རེ་ཞི་བདེ་བག་ཕེབས་ལ་དགའ་བའི་བོད་མི་འདི་ཚོའི་ཁྲོད་ནས། བདག་གི་རེ་སྐུལ་ལ་ཉན་ནས་དཀར་ཟས་པར་འགྱུར་བའམ་ཕྱེད་དཀར་ཟས་པར་འགྱུར་མཁན་གཅིག་ཀྱང་བྱུང་མ་སོང་། དེ་ནི་བདག་སྐུལ་བ་པོ་མི་ཉམ་ཆུང་བས་ཡིན་ནམ། དུད་འགྲོ་སེམས་ཅན་གྱི་ཚེ་སྲོག་གལ་མི་ཆེ་བས་ཡིན་ནམ། བོད་མིའི་ཁ་ནང་གི་ལྕེ་དེའི་སྟེང་དུ་བདུད་ཞུགས་པས་ཡིན་ནམ། དེ་ནི་མ་རྒན་སེམས་ཅན་ཟེར་བའི་མིང་ཚིག་དེ་དོན་མེད་ངག་འཁྱལ་ཙམ་ཡིན་ནམ། བདག་གིས་མི་ཕྱེད་ཀ་དང་བདུད་ཕྱེད་ཀ་ཡིན་པའི་བོད་མི་ཚོར་དྲིས་པ་ལགས།
སྟོན་པས་གསུངས་པའི་མདོ་སྔགས་ཀྱི་ལུང་དུ་མ་ཞིག་ལས་ཤ་ཟོས་པའི་ཉེས་དམིགས་བསྟན་ཡོད་ལ། མདོར་བསྡུ་ན། ལུང་ལས། གང་ཞིག་ཤ་ཁྲག་ལོངས་སྤྱོད་ནི། །ཁམས་གསུམ་ཕུང་བར་བྱེད་པའི་ཟས། །ཐར་པའི་སྲོག་རྩ་གཅོད་པའི་མཚོན། །བྱང་ཆུབ་ས་བོན་བསྲེག་པའི་མེ། །དལ་འབྱོར་མཐོ་རིས་འཇོམས་པའི་ཐོག །སུས་ཀྱང་ཟ་བར་མི་རུང་ན། །རྒྱལ་བའི་བསྟན་ལ་རབ་བཞུགས་པའི། །སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནས། །དགེ་ཚུལ་དགེ་སློང་ཁྲིམས་ལྡན་པས། །བཟའ་བར་ནམ་ཡང་མ་གནང་ངོ་། །བྱང་ཆུབ་སེམས་དཔའི་ལམ་ཞུགས་པས། །ཕ་མར་གྱུར་པའི་སེམས་ཅན་ཤ །ཟོས་པའི་ཉེས་དམིགས་རྒྱ་ཆེར་འགྱུར།།ཞེས་པ་འདི་ཙམ་ཞིག་གིས་ཤ་ཟོས་པའི་ཉེས་དམིགས་རྟོགས་ཐུབ། སྤྱིར་ན་ཐེག་དམན་གྱི་མདོ་སྡེ་ལས་ཤ་མ་བཀག་ཟེར་མཁན་ཡོད་མོད། ཐེག་དམན་པའི་སྒོམ་བྱའི་གཙོ་བོ་སྙིང་རྗེ་མིན་པ་དང་། ཐེག་ཆེན་པའི་སྒོམ་བྱའི་གཙོ་བོ་སྙིང་རྗེ་ཡིན་པ་འདི་ཙམ་གྱིས་ཀྱང་རང་རེ་ཐེག་ཆེན་པ་ཚོས་རང་རང་གི་བསྒོམ་བྱའི་གཙོ་བོ་གང་ཡིན་ངོས་ཟིན་དགོས་པ་མ་ཡིན་ནམ།
ད་ནི་ཆོས་ཕྱོགས་ནས་ཤ་ཡི་ཉེས་དམིགས་ག་ཚོད་ཅིག་བཀག་ཡོད་མེད་བསྐྱུར་ཏེ་དུད་འགྲོ་སེམས་ཅན་ཁོ་རང་ཚོའི་ཕྱོགས་སུ་བསམ་བློ་རེ་བཏང་ན། དུད་འགྲོ་སུ་ཡིན་ཡང་འཆི་བ་ལ་མི་འཇིགས་མཁན་སུ་ཡང་མེད་པ་དང་། གྲི་སོགས་མཚོན་ཆ་རྣོན་པོས་སྐེ་འབྲེག་པ་དང་སྙིང་ཁར་འཛེར་བ། གསོན་པོར་རྐང་ལག་གཏུབས་པ། གསོན་པོར་ཆུ་ཁོལ་མའི་ནང་བཙོ་བ། གསོན་པོར་མེ་ལ་བསྲེགས་པ། ལུས་ཀྱི་ཤ་ཏོག་ཙམ་རེ་གཏུབ་ནས་ཉིན་ཞག་མང་པོར་མནར་གཅོད་བཏང་ནས་གསོད་པ་སོགས་ཀྱི་དུས་སུ། དང་པོར་མནར་གཅོད་ཀྱི་སྡུག་བསྔལ། གཉིས་པ་འཆི་བའི་འཇིགས་སྣང་། གསུམ་པ་གསོད་མཁན་ལ་ཁོང་ཁྲོ་གསུམ་སྟེ། ཚོར་བ་ཧ་ཅང་མི་སྡུག་པ་འདི་གསུམ་མཉམ་དུ་འཛོམས་ནས་འཆི་བ་ཡིན་པས། ཚོར་བ་འདི་གསུམ་གྱིས་དུད་འགྲོ་དེ་ཚོའི་ལུས་ཀྱི་ཆ་ཤས་ཡོངས་རྫོགས་ཁྱབ་བསྡད་ཡོད་པས། ང་ཚོ་ཤ་བཟའ་བ་བོའི་ལུས་སེམས་གཉིས་ཀར་ཡང་ཚོར་བ་མི་སྡུག་པ་འདི་གསུམ་གྱིས་ཁྱབ་འགྲོ་བས། ཤ་ཟོས་པའི་རྗེས་སུ་ང་ཚོའི་ལུས་སེམས་ལ་ཚོར་བ་སྐྱིད་པོ་ཞིག་ཡོང་ཐབས་མེད་པ་དང་། དེ་ལས་ལྡོག་སྟེ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མེ་བཞིན་འབར་ཡོང་བ་དང་། ཆུ་བཞིན་ཁོལ་ཡོང་བ་མངོན་སུམ་ཚད་མ་མ་ཡིན་ནམ།
ཆོས་ལུགས་གཞན་པའི་རྗེས་འཇུག་པ་སྟེ། ཁ་ཆེ་བ་དང་ཡེ་ཤུ་བ། ཧིན་རྡུ་བ་ཁག་ཅིག་བཅས་ཀྱིས་དུད་འགྲོ་སེམས་ཅན་ནི་རང་རང་གི་དཀོན་མཆོག་དེ་དག་གིས་འགྲོ་བ་མི་ལ་ཁ་ཟས་སུ་གནང་བ་ཡིན་པས། དུད་འགྲོ་བསད་ན་ཉེས་པ་ཅི་ཡང་མེད་པ་དང་། ཡེ་ཤུ་བ་སོགས་ཁག་ཅིག་གིས་དུད་འགྲོ་དེ་དག་ལ་བདེ་སྡུག་གི་ཚོར་བ་མེད་པར་འདོད་པས། ཉ་སོགས་དུད་འགྲོ་གསོད་དུས་དེ་ཚོས་ཚོར་བ་སྡུག་བསྔལ་ཅི་ཡང་ཉམས་སུ་མྱོང་གི་མེད་ཅེས་མངོན་སུམ་ཚད་མ་ཁས་མི་ལེན་མོད། ང་ཚོ་སྟོན་པའི་རྗེས་འཇུག་ནང་བ་ཚོས་ནི་དང་པོ་ཉིད་ནས་དུད་འགྲོ་སེམས་ཅན་ཞེས་ཚིག་རང་གི་སྟེང་ནས་དེ་ཚོར་སེམས་ཡོད་པར་ཁས་ལེན་པ་དང་། མ་རྒན་སེམས་ཅན་ཞེས་དུད་འགྲོ་དེ་ཚོར་མ་རྒན་གྱི་མིང་ཚིག་སྦྱོར་བཞིན་དུ། སེམས་ཅན་འདི་དག་གི་ཤ་ཁྲག་ལ་བག་མེད་ལོངས་སྤྱོད་བྱེད་དུས་ཁ་ཆེ་དང་གཅིག་པ། ཡེ་ཤུ་དང་འདྲ་བ། ཧིན་རྡུ་དང་ཁྱད་མེད་ཡིན་པ་འདི་ནི་ཅི་འདྲའི་འཇིགས་སུ་རུང་བ། ཅི་འདྲའི་ངོ་ཚ་དགོས་པ། ཅི་འདྲའི་ཞབས་འདྲེན་བླ་མེད་ཅིག་མ་རེད་དམ། ཀྱེ་མ། གངས་ཅན་པ། ཀྱེ་ཧུད། ཐེག་ཆེན་པ།
དེང་སྐབས་བརྙན་འཕྲིན་དང་དུས་དེབ་སོགས་ལས་ནང་པ་དང་ནང་པ་མ་ཡིན་པའི་རྒྱལ་ཁབ་སོ་སོའི་ཟ་མའི་ཁྲོམ་ར་ངོ་སྤྲོད་ལ་ལྟ་སྐབས། དུད་འགྲོ་སེམས་ཅན་དང་སྐྱེ་བ་སྔ་མའི་ཕ་མར་ཁས་མི་ལེན་པའི་ཁ་ཆེ་དང་ཡེ་ཤུའི་རྒྱལ་ཁབ་དེ་ཚོའི་ཟ་མའི་ཁྲོམ་ར་དུད་འགྲོ་སེམས་ཅན་གྱི་ཤ་པགས་ཉོ་ཚོང་ནི། རང་རེ་ནང་པའི་རྒྱལ་ཁབ་རྒྱ་ནག་དང་ཐེ་ལན། ཝེ་ནམ་དང་ཁམ་སྦོ་སྒྲི་ཡ་སོགས་ལས་ལྡབས་འགྱུར་གྱིས་ཉུང་བ་འདུག དེ་ལས་ལྡོག་སྟེ་རང་རེ་ནང་པའི་རྒྱལ་ཁབ་ཚོའི་ཟ་ཁང་བརྒྱ་ཆ་དགུ་བཅུ་གོ་དགུའི་ནང་དུ་མ་རྒན་དུད་འགྲོ་ཚོའི་ཤ་ཁྲག་རུས་གསུམ་རི་ལྟར་སྤུངས་ཤིང་མཚོ་ལྟར་འཁྱིལ་འདུག་པ་འདི་ནི་ཀྱེ་མ་ཞེས་ངུ་སྐད་འདོན་དགོས་པ་དང་ཀྱེ་ཧུད་ཅེས་སྡུག་སྐད་འབྱིན་དགོས་པའི་གནས་ཤིག་མ་ཡིན་ནམ།
ངས་ནམ་རྒྱུན་རང་གི་སློབ་མ་ཤ་དགའ་ཚོར་འདི་ལྟར་བཤད་ཀི་ཡོད། གལ་སྲིད་ཟ་ཁང་ཞིག་གི་ནང་དུ་ཅོག་ཙེ་ལྔ་ཡོད་པའི་མཐའ་སྐོར་དུ། ནང་པ་དང་ཁ་ཆེ། ཡེ་ཤུ་དང་ཧིན་རྡུ། ཇུའུ་བཅས་ཆོས་ལུགས་ཆེན་པོ་ལྔའི་རྗེས་འཇུག་པ་ཚོ་བསྡད་ཡོད་ན། ནང་པ་ཚོའི་ཅོག་ཙེའི་སྟེང་དུ་ཆོས་ལུགས་གཞན་པའི་རྗེས་འཇུག་པ་ནང་བཞིན་མ་རྒན་དུད་འགྲོ་ཚོའི་ཤ་ཁྲག་གིས་ཁེངས་བསྡད་ཡོད་ན། དེ་ལས་ཞབས་འདྲེན་ཆེ་བ་ཞིག་དང་དེ་ལས་ངོ་ཚ་དགོས་པ་ཞིག་མི་ཚེ་འདིའི་ནང་བཙལ་ཀྱང་རྙེད་དུ་མེད་པ་ཞིག་རེད། དེ་བས་གལ་སྲིད་གནས་སྟངས་དེ་འདྲ་བའི་འོག་ཏུ་ཁྱོད་ཚོས་ཤ་ཁྲག་གི་ཟ་མ་དེ་དག་ཟོས་མ་ཚར་བར་དུ་སྟོན་པ་འཚེ་བ་མེད་པ་དང་དམ་ཆོས་འཚེ་བ་མེད་པ། དགེ་འདུན་འཚེ་བ་མེད་པ་དེ་གསུམ་གྱི་སྐྱབས་འོག་ནས་དགོངས་པ་ཞུས་པ་ཡིན་ན། སེམས་ནང་གནོང་འགྱོད་དང་ངོ་ཚ་ཆེན་པོ་དེ་འདྲ་ཡོང་གི་མ་རེད།
ང་ཚོ་མ་རྒན་སེམས་ཅན་གྱི་ཤ་ཁྲག་བཟའ་བ་ལ་དགའ་བ་འདི་མཐར་ཐུག་ན་ང་ཚོའི་ལུས་པོ་འདིའི་དབང་གིས་མ་ཡིན་པར། ལུས་པོ་འདིའི་ཆ་ཤས་ཆུང་ཆུང་ང་ཚོའི་ཁ་ནང་གི་ལྕེ་ལེབ་འདིའི་དབང་གིས་རེད། ལྕེ་ལེབ་འདིའི་སྟེང་དུ་འདྲེ་སྲིན་གནོད་སྦྱིན་གདུག་པ་ཅན་སེམས་ཅན་གྱི་སྲོག་ལ་འཚེ་ཞིང་ཤ་ལ་དགའ་བ་དེ་ཚོ་འཛུལ་བའི་རྐྱེན་གྱིས། ལྕེ་ལེབ་འདི་ཁོ་ནའི་དགོས་མཁོ་སྐོང་ཕྱིར་ཁྱོད་ཀྱིས་མ་རྒན་དུད་འགྲོ་ཚོའི་ཚེ་སྲོག་གི་རིན་ཐང་སྣང་མེད་དུ་བོར་ཞིང་། འཚོ་གནས་ཀྱི་ཐོབ་ཐང་རྡོག་རོལ་དུ་གཏོང་ཐུབ་པ་ཞིག་བྱུང་བ་རེད། དེ་བས་ཁྱོད་ཀྱི་སེམས་ལུས་པོའི་དབང་དུ་ཤོར། ལུས་པོ་ལྕེ་ཡི་དབང་དུ་ཤོར། ལྕེ་ལེབ་བདུད་ཀྱི་དབང་དུ་ཤོར་བ་ཤེས་ཡོད་དམ་མེད། ཤེས་ཡོད་ན་ཁྱོད་ཀྱིས་རང་གི་ཁ་ནང་ལ་ཞུགས་པའི་བདུད་ཤ་དགའ་ཚིལ་མཉེས་དེའི་རེ་བ་སྐོང་ཅི་ཐུབ་བྱེད་ཀྱི་ཡིན་ནམ། ཐོག་མ་མེད་པའི་དུས་ནས་གཅེས་པའི་མ་དང་བརྩེ་བའི་ཕ་བྱས་པ་གྲངས་ཀྱིས་མི་ཟིན་པའི་མ་རྒན་དུད་འགྲོ་འདི་ཚོའི་ཚེ་སྲོག་ལ་བརྩི་སྲུང་དང་ཤ་ཁྲག་ལ་འཛེམ་སྤང་བྱེད་ཀྱི་ཡིན། དྲི་བ་འདི་ངས་ཁྱོད་ལ་དྲིས་པ་མ་ཡིན་པར། ཁྱོད་དང་འདྲ་བར་ཚེ་སྲོག་ལ་གཅེས་ཤིང་འཆི་བ་ལ་འཇིགས་པའི་མ་རྒན་དུད་འགྲོ་གྲངས་ཀྱིས་མི་ལོངས་པ་ཞིག་གིས་ཁྱོད་ལ་དྲིས་པ་ལགས།
རྒྱ་བོད་གཉིས་འདི་ལྟར་དུད་འགྲོ་སེམས་ཅན་གྱི་ཤ་ལ་དགའ་ཞིང་ཁྲག་ལ་མཉེས་པའི་རྒྱུ་མཚན་ཆེན་པོ་ཞིག་གཞན་ཞིག་སྟེ། རྒྱ་བོད་གཉིས་ཀའི་གསོ་རིག་སྨན་གཞུང་དུ་དུད་འགྲོ་སེམས་ཅན་འདི་དང་འདིའི་ཤ་ཁྲག་རུས་པས་འགྲོ་བ་མིའི་ལུས་པོའི་ཆ་ཤས་འདི་དང་འདིའི་ནད་གསོ་བ་དང་སྟོབས་བསྐྱེད་པ་ལ་ཕན་ཞེས་བྲིས་ཡོད་པས་ཀྱང་ཡིན་ལ། ཆོས་ལུགས་གཞན་པའི་བསྟན་དོན་ཅི་བཞིན་འགྲོ་བ་མི་གཅིག་བུ་ནི་ས་སྟེང་གི་འགྲོ་བ་ཀུན་ལས་རྩ་ཆེ་ཞིང་། འགྲོ་བ་མི་གཅིག་བུར་མ་གཏོགས་ཚེ་སྲོག་རྣམ་ཤེས་ཚོར་བ་བདེ་སྡུག་མེད་པ་ཡིན་ན། དུད་འགྲོ་དེ་ཚོ་སྨན་དང་ཁ་ཟས་ཙམ་ཞིག་གི་ཚུལ་དུ་ལོངས་སུ་སྤྱད་ཆོག་མོད། སྟོན་པའི་གསུང་རབ་དང་དེའི་དགོངས་འགྲེལ། དུད་འགྲོའི་ཚེ་སྲོག་དང་དངོས་ཡོད་གནས་སྟངས་ཀྱིས་ལན་གྲངས་བརྒྱ་སྟོང་དུ་མར་ར་སྤྲོད་བྱས་པ་བཞིན། དུད་འགྲོ་སེམས་ཅན་འདི་ཚོར་ཡང་ང་ཚོ་འགྲོ་བ་མི་དང་འདྲ་བར་བདེ་སྡུག་གི་ཚོར་བ་སྐྱེད་བྱེད་སེམས་སམ་རྣམ་ཤེས་ཞེས་པ་དེ་ཡོད་པ་དང་། རྣམ་ཤེས་ཡོད་པ་ཙམ་ཞིག་མ་ཡིན་པར་རྣམ་ཤེས་དེ་ལས་ཉོན་གྱིས་དེད་ནས་ང་ཚོ་འགྲོ་བ་མི་དང་འདྲ་བར་ཐོག་མ་མེད་པའི་དུས་ནས་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཡོད་འདུག་ལ། སྐྱེ་བ་གྲངས་མེད་དེ་ཚོའི་དཀྱིལ་འཁོར་དུ་ང་ཚོའི་ད་ལྟའི་ཕ་མ་མིང་སྲིང་འདི་ཚོ་དང་འདྲ་བར་ང་ཚོའི་གཉེན་ཉེ་དུའི་སྐྱེ་བ་གྲངས་མེད་ཅིག་བླངས་ཡོད་ཅེས་ང་ཚོའི་ཁ་ན་ནའི་བར་དུ་བསྒྲགས་དང་སྒྲོག་བཞིན་པ་མ་ཡིན་ནམ།
ངས་སྔོན་མར་ཉིག་ཡོར་ལ་རྩེ་དཔེ་མཛོད་ཁང་དུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་བཀའ་འདྲི་ཞུས་ལན་ཞིག་ཏུ་ཁོང་གིས། བདག་ཅག་གི་སྟོན་པ་དཀར་ཟས་རིང་ལུགས་པ་ཞིག་མ་རེད་ཅེས་གསུངས་མྱོང་བ་དྲན། ངས་ནི་ཁོང་གི་དྲི་ལན་དེའི་བསྟན་བྱ་ནི་ཐེག་དམན་པ་ཚོའི་ངོར་སྟོན་པ་ཁོང་དཀར་ཟས་རིང་ལུགས་པ་ཞིག་མིན་ཞེས་པ་དེ་རེད་མ་གཏོགས། བསྟན་པའི་སྙིང་པོ་སྙིང་རྗེ་ཡིན་པའི་ཐེག་ཆེན་པ་ཚོའི་ངོར་སྟོན་པ་ཁོང་དཀར་ཟས་རིང་ལུགས་པ་ཞིག་ཡིན་པ་ནི་ཐེག་ཆེན་གྱི་སྡེ་སྣོད་དག་ཏུ་ཁོང་གིས་ལན་གྲངས་དུ་མར་ཟ་བཟའ་བ་བཀའ་ཧ་ཅང་ནན་པོའི་སྒོ་ནས་བཀག་འདུག་པ་དེ་དག་གིས་རྟོགས་ཐུབ་ཀྱི་ཡོད། དེ་མིན་ན་སྟོན་པ་རང་ཉིད་ཀྱིས་ཤ་མཆོད་ཞོར་གཞན་ལ་ཤ་བཟའ་བ་ཅི་ལྟར་འགོག་སྟེ། སྟོན་པ་ནི་རང་ལ་གནང་གཞན་ལ་འགོག་པའི་སྟོན་པ་རྒྱབ་མདུན་མི་མཚུངས་པ་དེ་ཚོ་དང་ག་ལ་འདྲ།
དེང་གི་བོད་ཀྱི་ནང་བསྟན་པ་རེ་ཟུང་གིས་སྔོན་གྱི་བོད་པའི་བླ་མ་དག་གིས་ཤ་མ་བཀག་པའི་སྒྲུབ་བྱེད་དུ། རྗེ་ཙོང་ཁ་པས་ལྷ་ལྡན་སྨོན་ལམ་ཆེན་མོར་ཤ་ཁོག་བུབ་ཉིས་སྟོང་ཙམ་ཞིག་དྲངས་པ་ལུང་འདྲེན་བྱེད་བཞིན་འདུག་མོད། དེ་ནི་ཡུལ་དུས་གནས་སྐབས་ཀྱི་དབང་གིས་ཡིན་པ་མ་ཟད། དེང་སང་འཛམ་གླིང་གི་ས་ཕྱོགས་གང་སར་དཀར་ཟས་རིང་ལུགས་པ་ཇེ་མང་དུ་འགྲོ་བཞིན་པའི་དུས་སྐབས་འདིར་སྔོན་གྱི་ལོ་རྒྱུས་འདི་འདྲ་བ་དྲངས་ན་ང་ཚོའི་ངོ་ཚ་ཞིག་མ་གཏོགས་གཞན་ཡིད་འགུག་ཐུབ་པའི་རྣམ་ཐར་ཚད་མ་ཅི་ཡང་མ་ཡིན། ཞབས་དཀར་ཚོགས་དྲུག་རང་གྲོལ་ལྟ་བུའི་བོད་ཀྱི་བླ་མ་ཤ་དགའ་དེ་ཡིས་ཀྱང་ལྷ་སར་བཤན་པས་ལུག་གསོད་པ་གཟིགས་ནས་སྐུ་ཚེ་གང་བོར་ཤ་མ་མཆོད་པ་དང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཡབ་སྲས་ཀྱང་སྔོན་ཆད་འབྲོག་བླ་གཞན་དག་དང་འདྲ་བར་ཟོག་ཤ་མཆོད་པར་མཉེས་མོད་རྗེས་སུ་བསྟན་པའི་མིག་ལྟོས་ལ་དགོངས་ནས་དཀར་ཟས་རིང་ལུགས་པར་གྱུར་པ་ཡང་དངོས་ཡོད་གནས་ཚུལ་ལགས།
ང་ཚོའི་འབྲོག་དགོན་ཚོའི་དགོན་དཀྱིལ་ནས་ཆོས་སྒྲ་སྒྲོག་དུས་དགོན་འདབས་ནས་ནོར་ལུག་བཤའ་བཞིན་པ་ལན་མང་མཐོང་རྒྱུ་ཡོད་པ་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོར་ངོ་གནོངས་དགོས་པ་དང་། དེ་ནི་ལག་གཡས་པས་མ་ཎི་སྐོར་ཞོར་ལག་གཡོན་པས་སྲོག་གཅོད་བྱས་པ་དང་གཅིག་མཚུངས་ཅི་ལ་མིན། ད་རུང་འབྲོག་དགོན་ཚོའི་འདུ་ཁང་གི་གྲལ་བར་དུ་དུད་འགྲོའི་ཤ་ཚིལ་འཕེན་རྒྱུ་མང་དྲགས་ནས་ཞག་དྲེགས་ཆགས་ཏེ་ཕྱག་མ་ཡང་འབྱར་འགྲོ་བ་དེ་འདྲ་ཁོ་བོས་ལོ་མང་སྔོན་བོད་དུ་ཡོད་དུས་མིག་གིས་མཐོང་ཞིང་ཉམས་སུ་མྱངས་པ་ལགས་ཤིང་། ད་ལྟ་ཕྱི་མིག་བལྟས་ན་སྡིག་པ་ཅི་ཡང་མི་བྱ་ཞིང་། གཞན་གནོད་གཞིར་བཅས་སྤོང་བ་ཞེས་པ་ནི་རང་གི་ཉིན་རེའི་བཟའ་བཏུང་གི་འབྱུང་ཁུངས་ནས་མགོ་འཛུག་དགོས་པ་མ་གཏོགས། ཤོག་བུ་དཀར་པོའི་ངོས་ཀྱི་ཡི་གེ་ནག་ཆུང་དེ་ཚོ་དེ་ཁ་མི་གྲགས་པའི་མིང་ཚིག་སྐམ་པོ་ཏག་ཏག་རེད་ཨང་། ང་ཚོའི་ལག་ལེན་ཚང་མ་དཔེ་ཐོག་ཏུ་ལུས་པའི་ཉེར་ལེན་གྱིས་ང་ཚོས་གཟན་ཤམ་ལོ་མང་གྱོན་ཡང་། ང་ཚོ་དགོན་པར་ལོ་མང་བསྡད་ཀྱང་། ང་ཚོས་སློབ་གཉེར་ཅི་ཙམ་བྱས་ཀྱང་། ང་ཚོའི་སེམས་རྒྱུད་འདི་ཇེ་རྩུབ་ནས་ཇེ་རྩུབ་དང་། ང་ཚོའི་ཉོན་མོངས་འདི་ཇེ་དྲགས་ནས་ཇེ་མཁྲེགས། རང་ཚོའི་གཤིས་ཀ་འདི་ཇེ་སྡུག་ནས་ཇེ་ངན་དུ་སོང་དང་འགྲོ་བཞིན་པ་མ་ཡིན་ནམ།
དུད་འགྲོ་སེམས་ཅན་འདི་དག་ལ་ལོངས་སྤྱོད་དང་ཟ་མ་ཁོ་ནའི་འདུ་ཤེས་ལས་མ་བཟུང་བའི་ཉེར་ལེན་གྱིས། ཟོག་ཤའི་བཟོ་ཚོང་ཁང་དེ་ཚོས་དུད་འགྲོ་འདི་དག་ལ་ཟ་མ་སྡུག་རིགས་ངན་ཚད་མ་གཏོགས་སྤྲོད་ཀི་མེད་པ་དང་། ཟ་མ་དེ་ཚོས་ལུས་པོ་གསོས་པའི་དུད་འགྲོ་འདི་ཚོའི་ཤ་ཚིལ་རྒྱུས་པ་སོགས་ང་ཚོའི་ཁ་ནང་བརྒྱུད་ནས་ཁོག་པར་སོང་ཚེ། དུད་འགྲོ་དེ་དག་གིས་ཟོས་པའི་ཟས་ངན་དེ་ཚོ་དང་དེ་དག་གིས་བསྐྱེད་པའི་ནད་འབུ་ཡོད་ཚད་ང་ཚོའི་ལུས་ཧྲིལ་བོར་ཁྱབ་འགྲོ་བ་མ་ཡིན་ནམ། སྔོན་ཆད་རྒྱ་ནག་དང་བོད་དུ་གསོ་ཕག་གི་རིགས་མང་པོ་གྲོང་མཐའ་ཉུལ་ནས་སྡེ་མི་ཚོའི་སྐྱག་པ་བཟའ་བ་ཡིན་པས། ཕག་པ་འདི་རིགས་ཀྱི་ཤ་ནི་སྡེ་མི་དེ་ཚོའི་སྐྱག་པ་འབའ་ཞིག་ལས་བསྐྱེད་པ་མ་ཡིན་ནམ། ང་ཚོས་ཆོས་གྲྭའི་ནང་དུ། མ་ཚང་མེད་རྒྱུ་དེ་ལ་ནི།། འབྲས་བུ་གང་གིས་ཟློག་པར་བྱེད།། ཅེས་ཁ་ན་ནའི་བར་དུ་སྐྱོར་བཞིན་ཡོད་ཀྱང་། ཟས་རིགས་ངན་པས་གསོས་པའི་དུད་འགྲོ་སེམས་ཅན་གྱི་ཤ་ཁྲག་ལ་ལོངས་སུ་སྤྱོད་དུས། ཉོན་མོངས་པ་གཏི་མིག་གིས་མིག་བཀབ། འདོད་ཆགས་ཀྱིས་སེམས་བཀབ་སྟེ་རྒྱུ་ཤ་ངན་ཟོས་ན་འབྲས་བུ་ནད་ངན་འབྱུང་བའི་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་འདི་གཏིང་བརྗེད་དུ་འགྲོ་གི་ཡོད་པ་མ་ཡིན་ནམ།
དེ་རིང་གསར་འགྱུར་ཡག་པོ་ཞིག་མཐོང་བ་སྟེ། ལྷོ་ཀོ་རི་ཡའི་ཁྱིའི་བཤས་ར་ཆེ་ཤོས་ཐེ་པུང་ཏོང་ཞེས་པ་དེ་རྩ་གཏོར་བཏང་ནས་དེའི་ཤུལ་དུ་མི་དམངས་སྤྱི་གླིང་ཞིག་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་བཏང་བ་དེ་ནི་ཡིན་ཞིང་། གསར་འགྱུར་འདི་དང་འབྲེལ་ཏེ་གནས་ཚུལ་སྤེལ་བར་གཞིགས་ན། ཁྱིའི་བཤས་ར་དེར་ལོ་རེར་ཁྱི་ས་ཡ་གཅིག་ཙམ་བསད་ནས་བཙོང་གི་ཡོད་པ་དང་། ལོ་རྟག་པར་རྒྱ་ནག་དང་ཝི་ཐི་ནམ། ལྷོ་ཀོ་རི་ཡ་བཅས་སུ་ཁྱི་བྱེ་བ་གཅིག་ཙམ་རེ་བསད་ནས་ཁྱི་ཤའི་དུས་སྟོན་དང་འབྲེལ་ལོངས་སུ་སྤྱོད་བཞིན་ཡོད་འདུག ཡིན་ན་ཡང་དེང་སྐབས་ཡེ་ཤུའི་ཆོས་ལུགས་ཤུགས་ཆེན་དར་བའི་ལྷོ་ཀོ་ར་རྒྱལ་ཁབ་ཏུ་ཡང་དུད་འགྲོའི་ཚེ་སྲོག་དང་བདེ་སྡུག་གི་ཚོར་བར་བརྩི་བཀུར་གྱི་ལས་འགུལ་འདི་འདྲ་སྤེལ་བཞིན་ཡོད་པ་དང་། ཟླ་ཤས་སྔོན་ངོ་དེབ་ནང་ཨེ་ཟི་རལ་གྱི་གྲོང་ཁྱེར་ཞིག་ཏུ་ཤ་དང་འོ་མ་སྒོ་ང་སོགས་དུད་འགྲོ་ལས་བྱུང་བའི་ཟས་རིགས་ཡོངས་རྫོགས་གཏན་སྤངས་ཀྱི་མི་གྲངས་ཁྲི་ཉི་ཤུར་ལོངས་པ་ཞིག་ཡོད་ལུགས་བཀོད་འདུག་པས། ད་ནི་རང་རེ་སྟོན་པ་སྙིང་རྗེ་ཆེན་པོའི་བདག་ཉིད་དེའི་རྗེས་སུ་འཇུག་པའི་ནང་པའི་རྒྱལ་ཁབ་དང་ནང་པའི་མི་དམངས་སྤྱི་དང་། ཁྱད་པར་དུ་བོད་སྤྱན་རས་གཟིགས་དང་མ་ཎི་སྙིང་རྗེ་གསུམ་གྱི་ལུང་པའི་མི་རིགས་འདིས་མིག་ཡས་ཞ་ར་དང་རྣ་ཡས་འོན་པ་བྱས་ནས་འདུག་ཐུབ་མི་འདུག་ལགས།
རང་རེ་བོད་ལ་མཚོན་ན་ནོར་ལུག་ས་ཡ་དུ་མས་རྩྭ་ཐང་ཁེངས་ཏེ་ཡོད་ཀྱང་མཐར་ཕལ་མོ་ཆེ་ང་ཚོའི་ནག་ཉེས་ཅན་གྱི་ཁ་དང་ཕོ་བ་འདིའི་ཆེད་དུ་གསོད་དགོས་པ་དང་། ཨ་མེ་རི་ཀར་མཚོན་ན་ལོ་རེ་རེ་བཞིན་ཐུགས་རྗེ་ལེགས་འབུལ་གྱི་དུས་ཆེན་ཞེས་པའི་དགོང་མོའི་ཟས་ཐུན་གཅིག་བུའི་ཆེད་དུ་ཁྲིར་ཁེ་ཞེས་པའི་བྱ་ཆེན་དེ་ས་ཡ་བཞི་བཅུ་ཞེ་དྲུག་ཙམ་རེ་གསོད་དགོས་ཤིང་། ཁེ་ན་སྒྲ་རྒྱལ་ཁབ་གཅིག་པུར་མཚོན་ན། ལོ་རེ་བཞིན་བྱ་ཏེ་ས་ཡ་བདུན་བརྒྱ་བཅུ་གཅིག་དང་འབུམ་གསུམ། བྱ་ཆེན་ཁྲིར་ཁེ་ས་ཡ་ཉི་ཤུ་དང་འབུམ་གཉིས། ངང་པ་དང་བྱ་གག་ས་ཡ་དྲུག་དང་འབུམ་བཞི་གསོད་པ་དང་། དེ་བཞིན་དཔྱད་གཞིའི་ཡིག་རིགས་ལྟར་ན། ཉི་མ་རེ་རེ་བཞིན་འགྲོ་བ་མིའི་ཁ་ཟས་ཀྱི་ཆེད་དུ་དུད་འགྲོ་ཐེར་འབུམ་ང་བཅུ་ང་དྲུག་ཙམ་རེ་གསོད་བཞིན་ཡོད་པ་དང་། འཛམ་གླིང་སྤྱི་དང་ཁྱད་པར་རང་རེ་ནང་པའི་རྒྱལ་ཁབ་དག་ཏུ་ལོ་རེ་རེ་བཞིན་བསད་པའི་དུད་འགྲོ་འདི་དག་གི་ཕུང་པོ་ཚང་མ་ཕྱོགས་གཅིག་ཏུ་སྤུངས་པ་ཡིན་ན་ཇོ་མོ་གླང་མ་ལྟ་བུར་དཔང་མཐོ་ཞིང་མདོག་དམར་པའི་ཤ་ཁྲག་གི་རི་བོ་འཇིགས་སུ་རུང་བ་ཞིག་སྐྱི་གཡའ་བའི་བཤས་དྲི་མི་སྡུག་པ་ཞིག་འཐུལ་བཞིན་ང་ཚོའི་མིག་མདུན་ནས་བར་སྣང་ཁམས་སུ་ཟུག་བསྡད་ཡོད་པ་མ་ཡིན་ནམ། ཁྱེད་ཀྱི་རྒྱབ་ན་གཟན་ཤམ་ཡོད་དམ། ཁྱེད་ཀྱི་ལག་ན་ཕྲེང་བ་ཡོད་དམ། ཁྱེད་ཀྱི་ཁ་ན་མ་ཎི་ཡོད་དམ། ཁྱེད་ཀྱི་རྒྱུད་ན་སྙིང་རྗེ་ཡོད་དམ།
ང་ཚོ་ནང་པ་ཐུན་མོང་གི་མཐར་ཐུག་གི་དམིགས་ཡུལ་དེ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ཡིན་ཞིང་། ཐེག་པ་ཆེན་པོའི་ལུགས་ལྟར་ན་བྱང་ཆུབ་སེམས་དཔའི་ས་བཅུ་ལྔ་ལམ་མ་བགྲོད་པར་སངས་རྒྱས་ཀྱི་གོ་འཕང་འཐོབ་སྲོལ་ཞིག་རྩ་ནས་མེད་ལ། ས་བཅུ་ལམ་ལྔའི་འཇུག་སྒོ་དང་པོ་དེ་ནི་བྱང་ཆུབ་ཀྱི་སེམས་གཉིས་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཞེས་པ། འགྲོ་བ་ཀུན་ལ་མ་བཞིན་བྱམས་ཤིང་བུ་བཞིན་གཅེས་པའི་སྙིང་རྗེ་ཚད་མེད་དེ་ཡིན་པ་དང་། སྙིང་རྗེ་ཚད་མེད་དེ་རང་རྒྱུད་ལ་སྐྱེ་བར་འགྲོ་བ་ཐམས་ཅད་དྲིན་ཅན་ཕ་མར་ངོ་ཤེས་དགོས་པ་དང་། ཕ་མ་དེ་དག་གི་བཀའ་དྲིན་དྲན་དགོས་པ་སོགས་རྒྱུ་འབྲས་མན་ངག་བདུན་པོ་ཉམས་སུ་མ་བླངས་པར་བྱང་ཆུབ་ཀྱི་སེམས་ཞེས་པའི་སྐད་པོ་ཆེ་དེ་ང་ཚོའི་སེམས་གྱོང་པོ་འདིའི་སྟེང་དུ་ཡོང་ཐབས་མེད་པས། ང་ཚོ་བོད་ཀྱི་ཐེག་ཆེན་པར་རློམ་པ་ཚོས་ཁ་ཡི་མ་ཎི་འདི་ལ་དོན་སྙིང་ཞིག་དང་ལག་གི་ཕྲེང་བ་འདི་ལ་གཟི་འོད་ཅིག་འབར་དུ་འཇུག་དགོས་ན། ཆེས་ཐོག་མར་མ་རྒན་དུད་འགྲོ་འདི་ཚོ་མཐོང་དུས་ཟ་མའི་འདུ་ཤེས་དང་ལོངས་སྤྱོད་ཀྱི་ཧམ་སེམས་དེ་འདོར་དགོས་པ་མ་ཡིན་ནམ།
དུད་འགྲོ་ཚང་མ་ཁྱི་དང་འདྲ་པར་ཕར་བརྩེ་བ་སྤྲད་ན་ཚུར་ཡང་དེ་བཞིན་བརྩེ་བའི་རྣམ་འགྱུར་ཚད་མེད་སྟོན་མཁན་ཏག་ཏག་ཡིན་ཞིང་། ཕར་བལྟས་ཚོད་ལ་གདུག་རྩུབ་ཆེ་བའི་སྟག་དང་སེང་གེས་ཀྱང་ཁོ་ཚོར་བརྩེ་བའི་མི་ལ་ཇི་ལྟར་བརྩེ་བའི་རྣམ་འགྱུར་སྟོན་པའི་བརྙན་དང་འདྲ་པར་རྫོགས་མཐའ་མེད་པ་ཞིག་ང་ཚོའི་མངོན་སུམ་མིག་ལ་བསྟན་དང་སྟོན་བཞིན་ཡོད་པ་དང་། དུད་འགྲོ་འདི་ཚོས་རང་རང་གི་ཕྲུ་གུ་དང་ཨ་མ་སོགས་བརླགས་པའི་དུས་སུ་འགྲོ་བ་མི་དང་འདྲ་པར་སྡུག་བསྔལ་གྱི་རྣམ་འགྱུར་ཤུགས་དྲག་པོ་སྟོན་ཤེས་པ་ཙམ་དུ་མ་ཟད། རང་རང་གི་རིགས་སུ་གཏོགས་པ་རེ་བསད་པའམ་ཤི་བའི་རྗེས་ཤུལ་དུ་མྱ་ངན་གྱི་ཆོ་ངེ་འདེབས་པ་དང་དུར་འདེབས་ཀྱི་བྱེད་སྒོ་སྤེལ་བ་སོགས་ཀྱང་མཐོང་དུ་ཡོད་པ་མ་ཡིན་ནམ། དེ་ལྟར་ཆོས་ཕྱོགས་དང་ཚན་རིག་གི་ཕྱོགས་གཉིས་ཀ་ནས་འགྲོ་བ་མི་དང་མཚུངས་པར་ཀླད་པ་དང་ཚོར་རྟོགས་ཀྱི་ནུས་པ་ཡོད་པར་ཁས་བླངས་ཟིན་པའི་དུད་འགྲོ་ཉམ་ཆུང་གི་རིགས་འདི་དག་ལ་ས་སྟེང་འདིར་སྐྱབས་དང་སྐྱོབ་པ་ཞིག་ཡོད་དམ་མེད། གལ་སྲིད་ཡོད་ན་དེ་ནི་རང་རེ་ཐེག་པ་ཆེན་པོ་སྙིང་རྗེའི་བསྟན་པ་འདིའི་རྗེས་འཇུག་བོད་བརྒྱུད་ནང་བསྟན་པ་ཚོ་ཡིན་ནམ་མིན།
ང་རང་གི་ཉམས་མྱོང་གཞིར་བཞག་ནས་བརྗོད་ན། ཤ་མ་ཟོས་པའི་ཐོག་མའི་བདུན་ཕྲག་རེ་ཟུང་ནང་འཚོ་བའི་ནང་ཅི་ཞིག་ཆད་སོང་བའི་སྣང་བ་འཆར་བ་ནི་ཤིན་ཏུ་བདེན་མོད། ཟླ་གཅིག་ཙམ་གྱི་རྗེས་སུ་རིམ་བཞིན་འཚོ་བའི་ཁྲོད་ཤ་ཞེས་པ་དེ་ག་ལེ་ག་ལེར་བོར་བརླག་ཏུ་འགྲོ་བ་དང་། དེ་ནི་ཤིན་ཏུ་མཛའ་བའི་དགའ་རོགས་ཤིག་ལ་འཁོན་པའི་རྗེས་སུ་རིམ་བཞིན་མི་དེ་ཁྱེད་རང་གི་མི་ཚེའི་ནང་དྲན་པའི་ཡུལ་ལས་འདོར་བ་དང་ཧ་ཅང་འདྲ། ཟླ་ཤས་རྗེས་སུ་གཟུགས་པོའི་ནུས་པ་སོར་ཆུད་རྗེས་ཤ་ཟོས་པའི་ནུས་པ་འཚིག་ཇའི་ངར་ཤུགས་ལྟ་བུ་རེས་ཡོད་རེས་འཇགས་དེ་འདྲ་མ་ཡིན་པར། སྔོ་ཚལ་གྱི་ཐུན་མིན་ནུས་པ་ཞིག་གཟུགས་པོའི་ཆ་ཤས་གང་སར་ཁྱབ་སྟེ། ཆེས་བརྟན་འཇགས་དང་བདེ་སྣང་ཅན་གྱི་ནུས་ཤུགས་ཁྱད་པར་བ་ཞིག་གཟུགས་པོའི་ནང་བསླེབ་ཡོང་གིན་འདུག་ལ། ནུས་ཤུགས་འདི་ཡིས་ཁྱོད་ཀྱི་བྱམས་པ་དང་སྙིང་རྗེ། སྟོང་ཉིད་དང་དག་སྣང་སོགས་དམ་པའི་ཆོས་ཀྱི་གཞུང་ནས་གསུངས་པའི་ཐུན་མིན་རྟོགས་པའི་ཡོན་ཏན་དུ་མ་ཞིག་ངམ་ངམ་ཤུགས་ཀྱིས་འདྲེན་ཡོང་།
གོང་དུ་བརྗོད་པ་བཞིན་དང་པོར་ཁྱེད་རང་ཕྱེད་དཀར་ཟས་པར་འགྱུར་བར་ཚོད་ལྟ་ཞིག་གྱིས་དང་། སྔོན་ཆད་ཁྱེད་རང་གིས་ཉི་མ་རྟག་པར་ཤ་བཟའ་གི་ཡོད་ན། དེ་རིང་ནས་བཟུང་ཉི་མ་གཅིག་ལ་ཤ་ཡོད་དང་ཉི་མ་གཅིག་ལ་ཤ་མེད་ཀྱི་འཚོ་བ་རོལ་མགོ་རྩོམས། དེས་ཁྱེད་ཀྱི་ཟླ་བ་ཕྱེད་ཀ་དང་ལོ་ཕྱེད་ཀ། མི་ཚེ་ཕྱེད་ཀ་ཤ་མེད་དཀར་ཟས་པར་བསྒྱུར་ཐུབ་ལ། དེས་དུད་འགྲོ་ཉམ་ཆུང་སྟོང་ཕྲག་དུ་མ་ཞིག་གི་ཚེ་སྲོག་དང་དེའི་བུ་ལོན་འཇིགས་སུ་རུང་བ་ཞིག་དང་ཁྱེད་ཀྱི་བར་ཐག་ཡོངས་སུ་གཅོད་ཐུབ། དེས་ཁྱེད་ཀྱི་གཟུགས་པོར་བདེ་སྣང་དང་སེམས་པར་སྙིང་རྗེ་མཐའ་མེད་དུ་འཕེལ་ཡོང་ལ། དེས་ཁྱེད་རང་བྱང་ཆུབ་སེམས་དཔའ་རྗེ་བཙུན་སྒྲོལ་མའི་ནུ་བོ་དང་སྤྱན་རས་གཟིགས་ཀྱི་སྲིང་མོར་བསྒྱུར་ཐུབ། དེས་ཁྱེད་རང་སངས་རྒྱས་འབུམ་ཕྲག་དུ་མའི་ཐུགས་ཀྱི་སྲས་དང་སྲས་མོར་འགྱུར་ཐུབ་ལ། དེས་ཁྱེད་རང་ཐེག་པ་ཆེན་པོའི་སྙིང་རྗེའི་ཤིང་རྟ་མཆོག་ཏུ་གྱུར་པ་ཞིག་ཏུ་ཡང་འགྱུར་ཐུབ། དེས་ཁྱེད་རང་གི་ཐུགས་རྒྱུད་ཀྱི་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་འོད་ཀྱི་ཐིག་ལེ་དེ་ཇེ་གསལ་ནས་ཇེ་གསལ་དུ་འགྱུར་ཐུབ་ལ། དེས་ཁྱེད་རང་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་སངས་རྒྱས་ཞེས་པའི་སྐྱེས་བུ་དམ་པ་དེར་འགྱུར་ཐུབ། དེ་བས་ཁྱེད་ཀྱིས་དེ་རིང་ནས་བཟུང་སྟེ་ཆ་ཚང་དཀར་ཟས་པའམ་ཕྱེད་དཀར་ཟས་པ་ཞིག་ཏུ་འགྱུར་བར་ཚོད་ལྟ་གྱིས་ཤིག །
མིའི་སྲོག་ལ་མེད་ཐབས་མེད་པའི་ཁ་ཟས་ཕྱིར་དཀའ་ངལ་གང་ཡང་མེད་པའི་འབྱོར་ལྡན་ཅན་དང་བླ་མ་སོགས་ལ་མཚོན་ན། དུད་འགྲོའི་སྲོག་མ་གཅོད། ཤ་སྤོངས་ཟེར་བ་ལས་སླ་པོ་རེད། ཡིན་ནའི་དཔལ་འབྱོར་དུད་འགྲོ་ཁོ་ནར་བརྟེན་མཁན་མི་རྣམས་ལ་མཚོན་ན་དེ་འདྲའི་ལས་སླ་པོ་ཞིག་ག་ནས་ཡིན།
བཀྲིན་ཆེ་ཐུགས་ཞིབ་ཡག་པོ་གནང་འདུག།
ང་ཚོ་མི་གི་སྒོ་ཟོག་དུད་འགྲོའི་ཤ་ཟ་རྒྱུའི་ལམ་
ལུགས་འདི་དུས་རབས་ག་དུས་ནས་དར་བ་ཡིན་ཤ་ཟ་རྒྱུའི་
འགོ་སུའི་བཙུགས་པ་ཡིན་དེའི་ཐོག་ཞིབ་འཇུག་གནང་བའི་
ཟིན་མཐོ་ཡོད་ན་འདིར་བཀོད་རོགས་གནང་བཀྲིན་ཆེ་
ཐུགས་རྗེའི་གཟིགས།
བོད་མིའི་ཁ་རྒྱུན་ལ་སྙིང་རྗེ་ཅན་གྱི་ཤ་ཟ།
རྟོགས་པ་ཅན་གྱི་ཆང་འཐུང་ཟེར་སྲོལ་འདུག་པ་
དེ་ཚོ་དོན་དངོས་ག་འདྲ་ཡིན་འབྲེལ་བཤད་བཀྲིན་
ཆེ་བ་ཞུ།
མཁས་པ་དག་གི་རྩོམ་རིག་སོགས་སྤེལ་བ་སྟོད་འོས་ཀྱང་མཐའ་གཉིས་སུ་མ་ལྷུང་པ་ཤིན་ཏུ་ནས་གག་ཆེ་སྙམ། གངས་རི་ཁྲོད་དུ་མའི་འགྲོ་བ་ཆགས་པ་ནས་འཁོར་ཡུག་གནས་བབས་ལ་ཞིག་ཏེ་རང་རིགས་བརྒྱ་ཆ་༩༥% འབྲོག་པའམ་ས་མ་འབྲོག་ཡིན། ང་ཚོས་ཉིན་རེ་འཚོ་རྟེན་དང་འབྲེལ་ཆགས་གནས་སྟངས་འདི་ལ་སྔོན་ནས་ད་བར་གཡོལ་ཐབས་དཀའ། རྒྱ་དམར་གྱི་བོད་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལྟར་འབྲོག་ཁྱིམ་གྲོང་འཁྱེར་ཅན་ཏུ་འགྱུར་ནས་བོད་མི་རིགས་ཀྱི་མེས་པོ་རྣམས་ནས་བརྒྱུད་པས་གོམ་གཤིས་འཚོ་རྟེན་དེ་དག་གཏན་བྲལ་བགྱིས་དུད་འགྲོ་སེམས་ཅན་ལ་འཚེ་བ་སྤོངས་ཐུབ་སྲིད་ཡིན་ནའང་སྔོན་གྱི་དམ་པ་དག་གི་གསུང་ལས་བསམ་མེད་བརྒྱ་ལ་ཕན་ཐོག་བགྱིས་པ་ལས་ཤེས་ལྡན་གཅིག་ལ་ཕན་ཐོག་བྱས་པ་ཡག་ཟེར་བ་ལྟར་བོད་མི་རིགས་ཀྱི་གོམ་གཤིས་ངོ་མ་བདག་ཉར་གནང་མཁན་འབྲོག་བདག་དེ་ཚོ་གྲོང་འཁྱེར་གྱི་གསང་ལམ་དུ་ཁྱི་འཁྱམས་ལྟར་ཆགས་ན་ཤིན་དུ་ནས་ཕངས། རང་གི་འཚོ་བའི་དོན་དུ་འཚོང་བ་དང་བེད་སྤྱད་ཀྱང་ནམ་རྒྱུན་གསོ་སྐྱོང་གནང་སྐབས་བྱམས་པ་དང་བརྩེ་བས་སྐྱོང་བའི་འབྲོག་བདག་ཤ་དག་ཡིན་ནོ། ཞུས་ཙང་གོང་གི་རྩོམ་རིང་འདི་ནོར་ལུག་གསོ་སྐྱོང་གནང་མཁན་ཚོས་གཟིགས་ཚེ་ཡིད་མི་བདེ་བ་ཡོང་པ་ངེས་སོ། དེ་ན་རང་རེ་བྱེས་འབྱོར་རྣམས་དཀར་བཟས་སྤྱད་ཀྱང་སླ་སྟེ། དཔེ་ན་བཟས་རིགས་མཐུན་རྒྱན་འཛོམས་པ་དང་ལས་རིགས་སྣ་མང་བ། ངོས་རང་ཡང་ཕྱི་ལོ་༢༠༡༠ ཟླ་༣ ནང་༧རྒྱལ་བ་ཀརྨ་པས་གསུང་ཕྲིན་ཞིག་རྙན་འཕྲིན་ནས་མཇལ་སྐབས་རང་གི་ངག་ནས་ཡ་ཉི་མ་དེ་རིང་གི་ཤ་དེ་ངའི་ཚེ་འདིའི་ཤ་ཐ་མ་དེ་ཡིན་ནོ་བརྗོད་དེ་གཏན་སྤང་ངོ། དེང་སང་རང་རེ་སྐྱབས་བཅོལ་སྤྱི་ཚོགས་ནང་ཤིན་ཏུ་དར་ཁྱབ་ཆེ་བ་ནི་(Happy Birth day) ཟེར་བ་བུ་དང་བོུ་སྐྱེས་སྐར་རམ་སླབ་བ་མཐར་སོན་གྱི་རྟེན་འབྲེལ་སྲུང་རྩི་ཡིན་ཁུལ་གྱི་མགྲོན་ཁང་གླ་ནས་མགྲོན་པོ་གསུམ་བརྒྱ་བཞི་བརྒྱ་སྐད་་བཏང་ནས་ཤ་ཁྲག་ལ་ལོངས་སྤྱད། དེ་ཞིབ་པར་རྟགས་ཚེ་དེ་ནི་བརྩེ་བས་བུ་ཕྲུག་འདིའི་སྐྱིད་པའི་ཉི་མ་མ་ཡིན་སྡུག་པས་ཉིན་མོ་ཡིན་ནོ། ཉིན་དེར་ཤ་ཁྲག་ཇི་ཙམ་ལོངས་སྤྱད་པ་དེས་སྡིག་པ་ཡོངས་རྫོག་བརྩེ་་བས་ཕྲུག་གུ་དེའི་སྟེང་བབ་ཏེ་ཚེ་བསོད་གཉིས་ལ་ཤིན་ཏུ་གནོད་སྙམ། དེ་བས་མཆོད་ཁང་ཞིག་ཡོད་ངེས་པ་དེར་འཕགས་པས་དགེ་བདུན་རྣམས་གདན་འདྲེན་ཞུས་ཏེ་རྒྱལ་བའི་བཀའ་ཀློག་ན་སྐྱིད་པ་ལ། སྙིང་སྡུག་དེའི་མའོང་ཚེ་བསོད་ཀྱང་རྒྱས་སྲིད་དོ།
? ཁྱེད་ཀྱི་འཛིན་གྲོགས་ཚོ་ སྟག་དང་སྤྱང་ཀི་རེད་མིན་འདུག་ག ད་ཁྱེད་རང་ཁ་ཁ་བྱེད་ཤ་མེད་བསྟན་ན་སྒྲིག་པ་རེད། སྔ་མོ་ལྷས་ས་ནས་ སེམས་ཅན་ལས་ལ་ཐུག་དུས་ཀུན་དགའ་བོ་ མྱ་ངན་མ་བྱེད་ཅིག་ བཤད་མཁན་བྱུང་ཡོད། ཨཾ་མ་ཎི་པདྨེ་ཧཱུཾ། མོག་མོག་པེལེཊ་གསུམ། ཤ་བཀྲག་པེལེཊ་གཅིག ? ཤ་ཟ་མཁན་གཅིག་ འཆི་བདག་ཌིན་རྗེ་སྐུ་རྗེན་པ་ཐོ་བ་འཁྱེར་ནས་ཡོང་ན་དཀའ་ལས་ཁག་མོ།
དང་པོ་བོད་པའི་དགེ་ཚུལ་སློང་ནས་འདི་ལྟར་འགོ་འཛུགས་རོགས།
ཧ་ལས་པ་ཞིག་བྲིས་འདུག།