རྒྱ་ནག་དབུས་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་པ་མཱ་ཅན་ཟེར་བ་ཞིག་གིས་ལྐོག་རྔན་བླངས་བ་དང་གོ་ཝིན་ཀེ་ལ་ངན་འབྲེལ་གཡོ་ཚོང་བྱས་པ་སོགས་ཀྱི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད།དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་བྱང་ཤར་གྲོང་ཁྱེར་ཏ་ལིན་འབྲིང་རིམ་མི་མང་ཁྲིམས་ཁང་(Dalian)གིས། རྒྱ་ནག་དབུས་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་པ་མྰ་ཅན་(马建)ཟེར་བས་དབང་ཆ་ལོག་སྤྱོད་བྱས་ཏེ། རྒྱ་སྒོར་དུང་ཕྱུར་ ༡ ལྷག་གི་དངུལ་དངོས་ལྐོག་རྔན་བླངས་ཡོད་པ་དང། ཕྱི་ལོ་ ༢༠༠༨ ནས་ ༢༠༡༤ བར་རྒྱ་ནག་གཞུང་གི་ཁ་གཏད་པ་ཕྱུག་བདག་གོ་ཝིན་ཀེ་(郭文贵)་ལ་ངན་འབྲེལ་གྱིས་ནང་བླ་ཕྱིར་ཚོང་དང་བཙན་སྐུལ་བརྗེ་བསྒྱུར་བྱས་ཏེ། གོ་ལ་ཁེ་ཕན་བསྐྲུན་ཡོད་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཆད་དང་། ཚེ་གང་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཅིང་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་གཞུང་བཞེས་བཏང་བའི་ཉེས་ཆད་བཅད་འདུག
ཏ་ལིན་ཁྲིམས་ཁང་གིས། མྰ་ཅན་གྱིས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་བྱས་ཏེ་བསྐྱར་དུ་ཁྲིམས་གཏུག་བྱ་རྒྱུ་མིན་ལུགས་བརྗོད་ཡོད་པ་དང་། ཁྲིམས་བཤེར་སྐབས་མཱ་ཡི་གཉེན་ཉེ་དང་མི་མང་འཐུས་མི། སྲིད་གྲོས་ཀྱི་རྒྱུན་ལས། ཕྱི་ནང་གི་གསར་འགོད་པ་བཅས་མི་གྲངས་ ༥༠ ལྷག་ཡོད་ལུགས་དང་། མཱ་ཡི་བྱ་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་མང་གི་མངོན་འདོད་ལ་གནོད་ཚབས་ཆེན་པོ་བཟོས་ཡོད་སྐོར་བསྒྲགས་འདུག
མཱ་ཅན་ནི་ཕྱི་ལོ་ ༡༩༥༦ ལོར་རྒྱ་ནག་ཅང་ཞི་ཞིང་ཆེན་དུ་སྐྱེས་ཤིང་ལྷོ་ནུབ་ཆབ་སྲིད་སློབ་ཆེན་ནས་མཐར་ཕྱིན་ཡོད་པ་དང་། ཁོས་དེ་སྔོན་རྒྱ་ནག་དབུས་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་དང་རྒྱ་ནག་ཁྲིམས་ལུགས་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་སོགས་བྱས་མྱོང་ཡོད་འདུག
ཞི་ཅིན་ཕིན་གཞུང་གིས་ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དབུས་ནས་ཞིང་ཆེན་དང་རྫོང་རིམ་པའི་བར་དུ་སྤེལ་ཏེ་ཁྱོན་དཔོན་རིགས་ས་ཡ་ ༡ ལྷག་ལ་ནག་ཉེས་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ལས་འགུལ་དེའི་ཁྲོད་ནག་ཉེས་ཕོག་པའི་དཔོན་རིགས་མཐོ་ཤོས་རྣམས་ནི་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་མགོ་འཁྲིད་ཀྲུའུ་ཡོང་ཁང་(Zhou Yongkang)དང་། ཁྲུང་ཆེན་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་སིན་ཀྲིན་ཚེ་(Sun Zhengcai)། དབུས་དམག་དོན་ལྷན་ཁང་གི་མགོ་གཙོ་གཞོན་པ་ཞོའུ་ཚེ་ཧུའུ་(Xu Caihou)དང་གོ་པོ་ཞོང་(Guo Boxiong)། དེ་བཞིན། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཁྲིད་ལིན་ཅི་ཧྭ་(Ling Jihua)སོགས་ཡིན་པ་དང་། མཱ་ཅིན་ནི་ཁྲིམས་ཆད་ཕོག་པའི་ཆེས་མཐོའི་དཔོན་རིགས་གསར་ཤོས་དེ་ཆགས་འདུག
གཞན་ཡང་། རྒྱ་ནག་གྲུ་གཟིངས་བཟོ་སྐྲུན་མཉམ་འབྲེལ་ལྟེ་གནས་ཁང་གི་ཞིབ་འཇུག་འགན་འཛིན་ཟུར་པ་དང་། རྒྱ་ནག་རང་གིས་བཟོ་བསྐྲུན་བྱས་པའི་མཁའ་དམག་གནམ་གྲུ་འབབ་ཚུགས་གསར་པའི་ལྟ་ཞིབ་པ་རྒན་པ་ཅིན་ཐོ་(Jin Tao)ཟེར་བ་ཞིག་ལ་འདས་པའི་ཟླ་ ༤ རིང་ཞིབ་བཤེར་བྱས་ཏེ། ཁ་སང་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཅིན་ཐོ་ཡིས་ལྐོག་རྔན་འབོར་ཆེན་བླངས་ཡོད་པས་ཁྲིམས་ཐག་ནན་མོ་བཅད་སྐོར་བསྒྲགས་ཡོད་ཀྱང་། ཁྲིམས་ཆད་ལོ་ག་ཚོད་ཡིན་པ་དང་ལྐོག་རྔན་གྱི་གྲངས་འབོར་སོགས་ཁ་གསལ་བརྗོད་མེད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།