ལྷ་མོའི་བླ་མཚོ།
བྱིས་སྒྲུང་གླིང་གི་ཚོགས་མི་ཡོངས་དང་གོང་དུ་གསུང་བཤད་གནང་མཁན་ཚང་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། ལྷག་པར་དུ་ཚོགས་པ་འདིའི་ནང་ཡོད་པའི་སློབ་གསོའི་རྐང་འཛིན་པ་ཚོར་བཀའ་དྲིན་ཆེ། རྣམ་པ་ཚོས་གསུང་བཤད་གནང་བ་རྣམས་རང་གིས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་ལ་ཕན་ཐོགས་ཀྱང་ཆེན་པོ་བྱུང་།
དེ་རིང་ང་རང་ཉིད་ཀྱི་བྱིས་པ་སྐྱོང་སྟངས་དང་འབྲེལ་བའི་བརྒྱུད་རིམ་དང་ཉམས་མྱོང་རགས་ཙམ་བཤད་རྒྱུ་ཡིན། ང་ལ་བུ་གཉིས་ཡོད། བུ་ཆེ་བ་ལོ་བཅུ་གཉིས་དང་། བུ་ཆུང་བ་ལོ་བརྒྱད་ཡིན། གཅེས་ཕྲུག་འདི་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ང་རང་ཉིད་ལ་སློབ་གསོ་མི་ཉུང་བ་ཞིག་རག་བྱུང་། གཅེས་ཕྲུག་འདི་གཉིས་མ་སྐྱེས་པའི་སྔ་རོལ་དུ་ངའི་ཁྱོ་གས་ང་ལ་དཔེ་ཀློག་བྱེད་པར་སེམས་ཤུགས་སྐྱེད་མྱངས་ནའང་། ཁོམ་ལོང་དང་དུས་ཚོད་མེད་པར་བརྗོད་དེ་དཔེ་ཀློག་གི་ལས་ལ་འཇུག་པའི་རྩོལ་བ་བྱས་མེད།
རང་ཉིད་ལ་མཚོན་ན་རྒྱ་ཡིག་དང་བོད་ཡིག་གཉིས་ཀློག་ཤེས་པ་ཙམ་ལས་རིག་གནས་ཡོན་ཚད་ཅན་ཞིག་མིན།འདི་ནི་སྐད་ཆ་དྲང་མོ་ཡིན། ཡིན་ནའང་ང་ལ་མངལ་འཁོར་བ་ནས་བཟུང་ངའི་མངལ་གྱི་ཕྲུ་གུའི་ཆེད་དུ་དཔེ་ཀློག་བྱེད་འགོ་བཙུགས་པ་ཡིན། སྦྲུམ་མའི་ཟས་སྤྱོད་སྟེན་སྟངས་དང་མངལ་གྱི་བྱིས་པའི་འཚར་ལོངས་སྐོར་གྱི་རྒྱ་ཡིག་གི་དཔེ་དེབ་ཅིག་བཀླགས་པ་ཡིན།དཔེ་དེབ་དེའི་ནང་དུ་དང་པོ་ཕྲུ་གུ་མངལ་དུ་ཆགས་ཚུལ་དང་། ཟླ་དགུ་ཞག་བཅུའི་རིང་ལ་ཕྲུ་གུ་འཕེལ་འགྱུར་འགྲོ་ཚུལ། ཕྲུ་གུའི་འཕེལ་འགྱུར་དང་འབྲེལ་བའི་ཟླ་བ་རེ་རེར་ཟས་དང་སྤྱོད་ལམ་བརྟེན་ཚུལ། སྦྲུམ་མ་རང་ཉིད་ཀྱི་ལུས་སེམས་ལ་བདག་གཅེས་བྱེད་ཚུལ་སོགས་ཀྱི་ཤེས་བྱ་མང་བོ་ཤེས་རྟོགས་བྱུང་།དཔེ་ཆ་དེའི་ནང་དུ་བརྗོད་པ་ལྟར་ཟླ་བ་རེ་རེར་རང་ཉིད་ཀྱི་ལུས་སེམས་ལ་འགྱུར་རྡོག་ག་རེ་འགྲོ་བཞིན་ཡོད་མེད་ཀྱི་ཐད་ལའང་གཟབ་ནན་གྱིས་དོ་སྣང་བྱས་པ་ཡིན། དཔེ་ཆའི་ནང་དུ་བརྗོད་པའི་མན་ངག་རྣམས་ཉམས་ལེན་བྱས་པ་ཡིན།ང་རང་ཉིད་ལ་མཚོན་ན་དཔེ་ཆ་དེ་ནི་མགོ་ནས་མཇུག་པར་དུ་གཟབ་ནན་བྱས་ནས་བཀླགས་པའི་དཔེ་དེབ་ཐོག་མ་དེའང་ཡིན།
ངའི་བུ་ཆེ་བ་ལོ་གཉིས་ཡིན་པའི་སྐབས་སུ་ངས་ཁའར་ཝེ་ཐིས(Karl Witt)མཛད་པའི་སྦྱངས་ཐོབ་སློབ་གསོའི་མན་ངག་ཅེས་པ་རྒྱ་ཡིག་གི་སྟེང་ནས་བཀླགས་པ་ཡིན། ཁའར་ཝེ་ཐིས་སློབ་གསོའི་ལྟ་གྲུབ་དང་མན་ངག་ལ་བརྟེན་ཏེ་ངས་བྱིས་སྐྱོང་སློབ་གསོའི་གོ་དོན་རྟོགས་སོང་ལ་ཁ་ཕྱོགས་ཀྱང་གསལ་བོ་རྙེད་སོང། མ་ཟད་རང་ཉིད་ཀྱིས་བྱིས་པ་སྐྱོང་སྟངས་འགྲིག་མེད་པའང་ཤེས་སོང་། ཐ་ན་བཟའ་བཏུང་སྤྲོད་སྟངས་ཀྱང་འགྲིག་མེད་པ་ཧ་གོ་སོང་།ངས་རང་གི་བུ་ཕྲུག་ལྡོག་ཕྱོགས་ནས་བསྐྱངས་འདུག་བསམ་སྟེ་སེམས་ཡང་སྐྱོ་བྱུང་ལ་སྙིང་ཡང་རྗེ་སོང་། སྐུ་ཞབས་ཁའར་ཝེ་ཐིས་མཆོག་གིས་རང་ཉིད་ཀྱི་ལྟ་བ་དང་མྱོང་བ་ཟུང་དུ་སྦྲེལ་ཏེ་གོ་རིམ་ལྡན་པའི་སྒོ་ནས་བྱིས་སྐྱོང་གི་མན་ངག་རྣམས་ཞིབ་ཕྲ་གསུངས་འདུག དེ་བརྟེན་ངས་ཀྱང་ཁའར་ཝེ་ཐིས་སློབ་གསོའི་མན་ངག་རྣམས་བྱིས་སྐྱོང་གི་རྨང་གཞིར་བཟུང་སྟེ་བུ་ཆུང་གཉིས་བསྐྱངས་པ་ཡིན། ཁའར་ཝེ་ཐིས་སློབ་གསོའི་མན་ངག་ནི་བདག་གིས་བྱིས་པ་བསྐྱངས་པའི་བརྒྱུད་རིམ་ཁྲོད་དུ་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་དང་སྐྱབས་གནས་ཀྱི་དཀོན་མཆོག་ལྟ་བུ་ཞིག་ཏུ་གྱུར་ཡོད། ཁའར་ཝེ་ཐིས་སློབ་གསོའི་མན་ངག་ནང་དུ་བྱིས་པ་རྣམས་དབང་ཤུགས་དང་དྲག་ཤུགས་ཀྱིས་སྐྱོང་མི་ཉན་པ་དང་། བྱིས་པའི་ཁམས་དང་མོས་པ་ལྟར་སྐྱོང་དགོས་པའི་སྐོར་གསུངས་འདུག བྱམས་པ་དང་བརྩེ་བའི་བར་དང་རྩེད་མོ་དང་དགོད་སྒྲའི་བར། ཁ་བརྡ་དང་སློབ་གསོའི་བར་དང་། བསམ་ཤེས་དང་བཟོད་སྒོམ་གྱི་བར། རོགས་རམ་དང་རྒྱབ་སྐྱོར་གྱི་བར་དང་། གོ་ཤེས་དང་ཉན་ཤེས་ཀྱི་བར། གོ་སྐབས་དང་མཐུན་རྐྱེན་གྱི་བར་ནས་ཕ་མས་བུ་ཕྲུག་སྐྱོང་དགོས་པ་གསུངས་འདུག
ངས་ཀྱང་ཨ་མ་ཞིག་གི་འགན་ཁུར་ཏེ་གཅེས་ཕྲུག་གཉིས་ཀྱི་ཆེད་དུ་དུས་ཚོད་དམ་འཛིན་བྱས་ཏེ་དཔེ་ཆ་མང་བོ་བཀླགས་པ་ཡིན། ག་ལེ་ག་ལེར་དཔེ་ཀློག་ནི་ངའི་གོམས་གཤིས་སུ་གྱུར་སོང་། ཁོམ་སྐབས་སུ་གྲོགས་པོ་དང་གྲོགས་མོ་ཚོ་དང་ལྷན་དུ་འཁྱམས་ནས་མ་བསྡད་པར་དཔེ་ཆ་བཀླགས་པ་ཡིན། ངའི་བུ་ཆེ་བ་ལོ་རིམ་དང་པོ་ཡིན་པའི་སྐབས་ནས་ལོ་རིམ་གསུམ་པའི་བར་དུ་ལས་བྱ་འབྲི་རོགས་བྱས་པ་ཡིན། ཁོ་ལོ་རིམ་གསུམ་པར་ཐོན་དུས་ནས་ངའི་བུ་ཆེ་བས་བསམ་ཤེས་སོང་། ལོ་རིམ་གསུམ་པ་ནས་བཟུང་ད་བར་དུ་ཁོ་རང་གིས་ལས་བྱ་འབྲི་ཐུབ་པར་གྱུར། ངའི་བུ་ཕྲུག་གཉིས་ལ་འགན་ཁུར་གྱི་འདུ་ཤེས་དང་བག་ཆགས་འཇོག་པའི་ཕྱིར་དུ་ཁོང་གཉིས་བུ་བཅོལ་ཁང་དུ་ཡོད་པའི་སྐབས་ནས་ངས་ཁོང་གཉིས་ལ་ལས་ཀ་ཙག་ཙིག་སྤྲད་པ་ཡིན།དང་པོ་རྐང་ཤུབས་འཁྲུད་དུ་བཅུག་པ་དང་དེ་ནས་གྱོན་གོས་འཁྲུད་དུ་བཅུག་པ་ཡིན། ན་ནིང་ནས་བཟུང་སྟེ་ཟ་མ་གཡོ་བསྐོལ་བྱེད་དུ་བཅུག་པ་ཡིན། ཁོང་གཉིས་ལ་ཚོང་ལས་ཀྱི་འདུ་ཤེས་དང་འབྲེལ་མོལ་དང་འཇོན་ནུས་གོང་འཕེལ་གྱི་འདུ་ཤེས་ཡོད་པའི་ཆེད་དུ་། ནང་སྦྱོང་བྱས་ཚར་བ་དང་ཉིན་ལྟར་ཚོང་ཁང་དུ་ཅ་ལག་བཙོང་རོགས་བྱེད་དུ་བཅུག་པ་ཡིན།
ང་ལ་མཚོན་ན་ངའི་བུ་ཆེ་བ་ནི་རང་གི་བུ་ཕྲུག་ཡིན་པ་གཅིག་པོ་མ་ཡིན་པར་ངའི་འཚོ་བའི་ནང་དུ་སྐྱིད་སྡུག་བཤད་སའི་ཆེས་བློས་ཐུབ་གྱི་གྲོགས་པོའང་ཡིན། སྐྱིད་དུས་རྩེད་དགོད་བྱེད་རོགས་དང་སྡུག་དུས་སེམས་གསོ་བྱེད་མཁན་ཡང་ཁོ་རང་ཡིན། གནད་དོན་སྐོར་ལ་གྲོས་འདེབས་ས་དང་ཐག་གཅོད་བྱེད་རོགས་བྱེད་མཁན་ཡང་ཡིན།གཅེས་ཕྲུག་འདི་དང་ང་ཚོའི་བར་གྱི་བརྩེ་བ་ནི་འགྲེལ་བརྗོད་བྱེད་ཤེས་པ་ཞིག་མིན། ངའི་བུ་ཆེ་བས་ཉིན་རེར་ཐེངས་ཁ་ཤས་ལ་ངའི་སྐེར་འཐམས་ནས་ཨ་མ་ང་ཁྱེད་ཀྱི་བུར་སྐྱེས་པ་ནི་ངའི་བསོད་ནམས་རེད་ཅེས་དང་། མཚམས་རེར་ཁོ་རང་གི་ཨ་ཕའི་སྐེར་འཐམས་ནས་དེ་ལྟར་བཤད་ཀྱི་ཡོད། ད་ལྟ་ངའི་གཅེས་ཕྲུག་ལོ་བཅུ་གཉིས་ལ་ཐོན་ཡོད་ཀྱང་ངས་ཉིན་ལྟར་ཁོ་སློབ་གྲྭར་སྐྱེལ་བཞིན་ཡོད། ཁོས་ཨ་མ་ད་ང་སློབ་གྲྭར་སྐྱེལ་མི་དགོས་ང་རང་འགྲོ་ཐུབ་ཅེས་ཟེར་གྱི་ཡོད་ནའང་། སློབ་གྲྭར་མ་སྐྱེལ་ནའང་ངའི་བློ་བདེ་བོ་མི་འདུག ཁོ་སློབ་གྲྭའི་རྭ་བའི་ནང་དུ་བསྐྱལ་ཏེ་ཕྱིར་རང་ཁྱིམ་ལ་ལོག་ཡོང་དུས་བློ་བདེ་ལ་འབབ་གྱིན་འདུག མཚམས་མཚམས་སུ་ངེད་གཉིས་སློབ་གྲྭར་ཐོན་དུས་འཛིན་གྲྭ་འཚོག་པར་ད་དུང་སྐར་མ་བཅུ་ཁ་རེ་འདུག་པས། ངའི་བུ་ཆེ་བས་ཡ་ཨ་མ་ད་དུང་འཛིན་གྲྭ་འཚོག་པར་ཁོམ་པ་ཅུང་ཟད་ཡོད་པས་ངས་ཁྱོད་ཡར་སྐྱེལ་ཟེར་ནས་ཁོས་ང་ཕྱིར་སྐྱེལ་གི་རེད། ངེད་གཉིས་ཁ་འབྲལ་སྐབས་ནམ་རྒྱུན་ཕན་ཚུན་ལ་འཐམ་འཁྱུད་བྱེད་པ་ནི་གོམས་སྲོལ་ཡིན།
ངས་རང་གི་བུ་ཆེ་བ་དེ་ཁའར་ཝེ་ཐིས་སློབ་གསོའི་མན་ངག་ལག་བསྟར་གྱིས་བསྐྱངས་པའི་གྲུབ་འབྲས་ནི་ཁོ་བྱིས་པ་རང་ཚུགས་ཡོད་པ་ཞིག་དང་། ཡ་་རབས་གུས་ཞབས་ཅན་ཞིག་ཏུ་འཚར་ལོངས་བྱུང་བ་དེ་རེད་དྲན་གྱིན་ཡོད། ཁོས་རང་ཉིད་ལ་ཚོད་འཛིན་བྱེད་ཐུབ་པ་དང་གཞན་ལ་བསམ་ཤེས་བྱེད་ཐུབ་པ་ཞིག་ཏུ་གྱུར། བྱིས་པ་གཞན་ལྟར་ཁོས་ཕ་མ་ལ་ང་ལ་འདི་ཉོས་དང་ང་ལ་འདི་དགོས་ཟེར་བའི་ལང་ཤོར་གྱི་གཤིས་ཀ་རྩ་བ་ནས་མི་འདུག ངའི་བུ་ཆེ་བ་ཧ་ཅང་ཆུང་བའི་སྐབས་ནས་བསམ་ཤེས་སོང་། ཟས་རིགས་དང་བཏུང་རིགས་བཙོང་སའི་ཚོང་ཁང་དུ་སོང་དུས་ཁོས་འདི་ཟ་བསམ་གི་དང་དེ་འཐུང་བསམ་གི་ཟེར་བའི་གཤིས་ཀ་དེ་མི་འདུག ཁོས་བྱིས་པ་མང་བོ་དང་ལྷན་དུ་རྩེད་མོ་བཞིན་པའི་སྐབས་ངས་མིང་གིས་ཐེངས་གཅིག་བོས་ན་ཁོ་རྒྱུགས་ཐེངས་གཅིག་གིས་ངའི་སར་རྒྱུགས་ཡོང་།བྱིས་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་གཅིག་ནི་ཆུང་དུས་ནས་ཁ་བརྡ་ལ་ཉན་ཤེས་པ་མ་ཟད་དྲི་བ་སྣ་ཚོགས་འདོན་ཤེས་པ་དེ་རེད། ཁོ་ལོ་རིམ་གསུམ་པར་ཐོན་དུས་ནས་རང་བཞིན་གྱི་སློབ་སྦྱོང་ལ་དགའ་བ་ཞིག་ཏུ་གྱུར།དུས་དེ་ནས་བཟུང་ངའི་སེམས་སུ་ངའི་གཅེས་ཕྲུག་གི་བསམ་ཤེས་སོང་བསམ་ནས་སེམས་པ་སྤྲོ་བས་ཁེངས་ཏེ་བསྡད་པ་ཡིན།ཉིན་རྟག་པར་ཞོགས་ཇ་འཐུང་བ་དང་ངེད་ནང་མི་ཚང་མ་རང་རང་གི་ལས་ཀར་ཞུགས་ཀྱི་ཡོད། ང་རང་ཚོང་ཁང་ལ་སོང་ནས་ཚང་རྒྱག་བཞིན་ཡོད།ངའི་གཅེས་ཕྲུག་གཉིས་ཀྱིས་ནང་སྦྱོང་བྱེད་ཀྱི་ཡོད། ཉིན་གུང་རྗེས་ནས་ངའི་བུ་ཆེ་བ་ཚོང་ཁང་ལ་ཡོང་སྟེ་ང་ལ་ཚོང་རྒྱག་རོགས་བྱེད་ཀྱིན་ཡོད།
སྐད་ཆ་དྲང་མོ་བཤད་ན་ངའི་བུ་ཆེ་བ་དེ་ང་ལ་བཀའ་དྲིན་ཆེན་པོ་ཡིན། སྔོན་ཆད་བདག་ལ་མངལ་ཆགས་མ་ཐུབ་པར་སེམས་སྡུག་བསྔལ་གྱི་ནང་དུ་ལྷུང་ནས་ཡོད་སྐབས་གཅེས་ཕྲུག་འདིས་ངེད་བཟའ་བ་གཉིས་ལ་སྙིང་རྗེས་བལྟས་ཏེ་འཇིག་རྟེན་འདིར་ངེད་གཉིས་ལ་འདུག་རོགས་བྱེད་དུ་ཡོང་བ་རེད། མ་ཟད་ང་རང་སྡུག་བསྔལ་ལས་བསྐྱབས་པ་རེད། དེར་བརྟེན་གཅེས་ཕྲུག་འདི་ང་ལ་བཀའ་དྲིན་ཆེན་པོ་ཡིན་དྲན་བསྡད་ཡོད། གཅེས་ཕྲུག་འདི་སྐྱེས་པ་ནས་བཟུང་ངས་ཀྱང་ཁོ་དང་མཉམ་དུ་དུས་ཚོད་ཧ་ཅང་མང་བོ་བསྐྱལ་ཏེ་ཁ་བརྡ་མང་བོ་བྱས་པ་ཡིན། ད་ལྟ་ངེད་གཉིས་ཀྱི་བར་དུ་འདི་འདྲིའི་བརྩེ་བ་ཟབ་མོ་ཞིག་ཆགས་ཐུབ་པ་ནི་མཉམ་དུ་དུས་ཚོད་མང་བོ་བསྐྱལ་བ་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད།ང་ལ་དཔེ་ཀློག་གི་གོམས་གཤིས་སྤྲད་མཁན་དེ་ཡང་གཅེས་ཕྲུག་འདི་ཡིན། མི་ཚེར་བདེ་སྐྱིད་སྤྲད་མཁན་ཡང་གཅེས་ཕྲུག་འདི་ཡིན། ད་ལྟ་ཁོ་ལོ་བཅུ་གཉིས་ཡིན་པ་དང་སློབ་གྲྭའི་ལོ་རིམ་དྲུག་པ་ཡིན། རྩེད་མོའི་ཕྱོགས་ནས་ཁོའི་དགའ་ཕྱོགས་ནི་ལག་རྩེད་སྤོ་ལོ་ཡིན།
འདིའི་མཚམས་ནས་ངས་གཅེས་ཕྲུག་ཆུང་བའི་སྐོར་མདོར་བསྡུས་ཤིག་བཤད་རྒྱུ་ཡིན། བྱིས་པ་ཆེ་བ་དེ་ཡག་པོ་ཞིག་བསྐྱངས་པ་ཡིན་ན་ཆུང་བ་དེ་སྐྱོང་རྒྱུ་ལས་སླ་བོ་ཆགས་འགྲོ་བཞིན་འདུག ངའི་གཅེས་ཕྲུག་ཆུང་བ་ནི་བློ་རྣོ་ཞིང་རྣམ་རིག་དྭངས་མོ་ཅན་ཞིག་ཡིན་པའི་ཁར། བྱིས་པ་སྤྲོ་སྣང་ཅན་དང་སེམས་ཁམས་སྐྱིད་པོ་ཅན་ཞིག་རེད། ཞོགས་པ་མལ་ལས་ལངས་དུས་ནས་ཁོའི་གདོང་འཛུམ་གྱིས་ཁེངས་ཡོད་པ་དང་ཁ་དགོད་ཀྱིས་ཁེངས་ནས་ཡོད་པ་རེད། མ་ཟད་ཁོ་ནི་དགའ་ཕྱོགས་མང་བའི་བྱིས་པ་ཞིག་རེད། ཁོ་གླུ་གཞས་གཏོང་བར་དགའ་ཞིང་ཞབས་བྲོ་འཁྲབ་པར་དགྱེས།སྤོ་ལོ་རྩེད་བ་དང་རི་མོ་འབྲི་བ་སོགས་དགའ་ཕྱོགས་མང་པོ་འདུགངེད་ཕ་མ་གཉིས་ཀྱིས་ཀྱང་ཁོ་རང་གི་དགའ་ཕྱོགས་ལྟར་མཐུན་རྐྱེན་དང་གོ་སྐབས་ཆ་ཚང་སྤྲོད་ཀི་ཡོད། ཁོ་ད་ལོ་ནས་ལོ་རིམ་གཉིས་པ་རེད། འདི་ནས་གསལ་བཤད་བྱེད་དགོས་པ་ཞིག་ལ། ངའི་བྱིས་སྐྱོང་གོ་རིམ་ཆ་ཚང་ལ་ང་དང་ལྷན་དུ་མཉམ་ཞུགས་བྱེད་མཁན་དེ་ནི་ངའི་ཁྱོ་ག་ཡིན། དེ རིང་ང་སྐད་ཆ་བཤད་མཁན་དེ་ཡིན་པའི་ཆ་ནས་ངའི་སྐད་ཆའི་ནང་ང་དང་ངས་མང་པོ་ཤོར་སོང་།
ངས་དང་པོ་གཅེས་ཕྲུག་ཆུང་བ་དེ་སྔོན་ཆད་ཁོ་རང་གི་ཕུ་བོ་འགྲོ་མྱོང་པའི་བྱིས་སྐྱོང་ཁང་དེར་བསྐྱལ་བ་ཡིན། སྔོན་ཆད་ཁོའི་ཕུ་བོ་བྱིས་སྐྱོང་ཁང་ལ་འགྲོ་བའི་སྐབས་སུ་རྔ་བ་རྫོང་དུ་བོད་རིགས་ཀྱིས་གཉེར་བའི་བྱིས་སྐྱོང་ཁང་ཞིག་མི་འདུག དུས་སྐབས་དེར་རྒྱ་རིགས་དང་ཁ་ཆེ་མི་རིགས་ཀྱིས་གཉེར་བའི་བྱིས་སྐྱོང་ཁང་ཏག་ཏག་རེད། སྐབས་དེར་སྲིད་གཞུང་གིས་གཉེར་བའི་བྱིས་སྐྱོང་ཁང་ཡང་མི་འདུག སྔོན་ཆད་ཁོའི་ཕུ་བོ་བྱིས་སྐྱོང་ཁང་དེར་འགྲོ་བའི་སྐབས་སུ་སློབ་གཙོ་རྒྱ་རིགས་ཤིག་རེད། ཡིན་ནའང་སློབ་སྤྱི་རྗེ་བོར་བརྒྱབ་འདུག སློབ་སྤྱི་གསར་བ་དེ་ནི་ཁ་ཆེ་བ་ཞིག་རེད། ངའི་གཅེས་ཕྲུག་བྱིས་སྐྱོང་ཁང་དེར་ཉི་མ་བདུན་སོང་བའི་རྗེས་སུ་ཁོ་འགྲོ་ཁ་མི་ཉན།ཁྲིམས་ཁང་ལ་སྐྱེལ་གྱི་ཡོད་པའི་རྣམ་འགྱུར་སྟོན་གྱི་འདུག ངོ་མ་སྙིང་རྗེ་བ་ཞིག་རེད། ཉིན་ཞིག་ངས་རང་གི་ཁྱོ་ག་ལ་འདི་ལྟར་བྱས་ན་ངའི་སེམས་ཀྱིས་བཟོད་ཀྱི་མི་འདུག
དེ་རིང་ངས་གཅེས་ཕྲུག་ལ་འདུག་རོགས་བྱེད་ཀྱི་ཡིན་ཞེས་བཤད་དེ་ངའི་གཅེས་ཕྲུག་དང་ངེད་གཉིས་ཀྱིས་དུས་ཚོད་གསུམ་ལ་སླེབས་པའི་བར་ཁ་བརྡ་བྱས་པ་ཡིན་ལ།ངས་བྱིས་སྐྱོང་ཁང་དེའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་གནས་ཚུལ་ཆ་ཚང་ཤེས་སོང་། སྒྲིག་ཁྲིམས་དམ་དྲགས་ཏེ་བཙོན་ཁང་ཆུང་ཆུང་ལྟ་བུ་ཞིག་རེད། གཅེས་ཕྲུག་ལ་ཁག་མེད་པ་ཤེས་སོང་། བྱིས་པ་རྣམས་ཡར་འཛིན་ཁང་དུ་འཛུལ་བ་དང་ལག་པ་རྒྱབ་ལ་བཞག་སྟེ་གཟིགས་པོ་དྲང་མོ་དང་འགུལ་སྐྱོད་བྱེད་མི་ཆོག་པ་རེད། གསང་སྤྱོད་དུ་འགྲོ་དུས་བྱིས་པ་ཚོས་གཅིག་གི་ལག་པ་གཅིག་གི་ཕྲག་ལ་འཇུས་ནས་འགྲོ་དགོས་ཀྱི་ཡོད་པ་དང་། གལ་སྲིད་བྱིས་པ་ཞིག་གི་ལག་པ་ཤོར་སོང་ན་དགེ་རྒན་གྱིས་འགྲམ་ལྕག་གཞུ་བ་རྒྱུན་ལྡན་རེད། བྱིས་པ་ཚོས་ཡིག་གེ་འབྲི་དུས་ཕར་ཚུར་ལ་ལྟ་བ་དང་ཕན་ཚུན་ལ་སྐད་བཤད་མི་ཆོག གལ་སྲིད་སྒྲིག་ལམ་ལས་ཅུང་ཟད་འགལ་ན་འགྲམ་ལྕག་གཞུ་རྐྱང་རེད། དགེ་རྒན་ཚོའི་གདོང་བ་ནག་མེར་རེ་འདུག་པ་ལས་འཛུམ་མདངས་ཤིག་མཐོང་རྒྱུ་མི་འདུག དེ་ནས་ངེད་བཟའ་བ་གཉིས་ཀྱིས་གྲོས་བྱས་ཏེ་གཅེས་ཕྲུག་ཆུང་བ་བྱིས་སྐྱོང་ཁང་དེ་ནས་བླངས་པ་ཡིན།
དེ་ནས་བྱིས་སྐྱོང་ཁང་གཞན་ཞིག་ལ་བསྐྱལ་བ་ཡིན། བྱིས་སྐྱོང་ཁང་དེར་ཆ་རྐྱེན་བཏོན་པ་ཡིན། ཆ་རྐྱེན་ནི་ཡི་གེ་མ་ཤེས་ན་མི་སྐྱོན་པ་དང་ཁོའི་ལུས་སེམས་གཉིས་སྐྱིད་དགོས་ཞེས་བཤད་པ་ཡིན། བྱིས་སྐྱོང་ཁང་དེའི་ཆ་རྐྱེན་ཁས་བླངས་སོང་། དེ་ནས་ཁོ་སློབ་སྐབས་གཅིག་ལ་བྱིས་སྐྱོང་ཁང་དེར་བཞག་པ་ཡིན། དེ་ནས་སྲིད་གཞུང་གིས་བྱིས་སྐྱོང་ཁང་བཙུགས་སོང་བ་དང་། གཅེས་ཕྲུག་དེ་བྱིས་སྐྱོང་ཁང་དེར་ལོ་གཅིག་གི་རིང་ལ་བསྐྱལ་བ་ཡིན། བྱིས་སྐྱོང་དེིའི་ནང་དུ་ཞོགས་པ་སྔ་བོ་ནས་དགེ་རྒན་ཚོས་བྱིས་པ་ཚོ་དང་མཉམ་དུ་ཞབས་བྲོ་འཁྲབ་གྱི་འདུག བྱིས་པ་ཚོར་དེ་ལ་སྤྲོ་སྣང་ཧ་ལས་པ་འདུག་པ་མ་ཟད་བྱིས་སྐྱོང་ཁང་དེ་སྣང་འགྲོ་འདུག ཡིན་ནའང་བྱིས་སྐྱོང་ཁང་དེར་བོད་སྐད་བཤད་སའི་ཁོར་ཡུག་མེད་པ་དང་རྒྱ་སྐད་ཁོ་ན་བཤད་དགོས་ཀྱི་འདུག
གཅེས་ཕྲུག་གིས་རང་སྐད་བརྗེད་སོང་ན་མི་འགྲིག་བསམ་སྟེ་སེམས་ཁྲལ་ཆེན་པོ་བྱུང་། ལོ་གཅིག་གི་འཕྲོ་ནས་སྒེར་བཙུགས་བོད་ཀྱི་བྱིས་སྐྱོང་ཁང་ཞིག་ཏུ་བཞག་པ་ཡིན། བྱིས་སྐྱོང་དེ་ནི་བྱིས་སྐྱོང་ཁང་སྔོན་མ་ཚོ་དང་མི་འདྲ་བར་ས་གནས་བོད་རིགས་ཀྱི་ཡུལ་སྲོལ་དང་གོམས་གཤིས་མང་པོ་འདུག སློབ་གསོ་སྤྲོད་སྟངས་ཀྱི་ཆ་ནས་ཀྱང་ང་རང་གི་བློ་ལ་བབས་སོང་། རྩེད་ཆས་ཀྱི་སྐོར་ནས་ཀྱང་བོད་ཀྱི་ཁྱད་ཆོས་ཡོད་པ། ནང་ལས་ཀྱང་སྟབས་བདེ། ཕན་ཐོགས་ཡོད་པ་དཔེར་ན། ཞོགས་པ་སྔ་བོར་ལངས་ཏེ་མལ་གོས་ལྟེབ་ཚིགས་རྒྱག་པ། གདོང་དང་སོ་འཁྲུ་པ། ཁྱིམ་ཕྱག་རོགས་དང་། ནང་དུ་སླེབས་དུས་རྐང་ཤུབས་དང་གྱོན་པ་འཁྲུད་པ། མཚམས་མཚམས་ལ་གནའ་སྒྲུང་བཤད་པ་དང་ཁེད་བཤད་པ་ལ་སོགས་པ་བྱིས་པའི་སེམས་ཁམས་ལ་སྤྲོ་སྣང་སྟེར་བའི་ལས་བྱ་ཡག་པོ་འཇོག་གི་འདུག
སློབ་གྲྭ་གཅིག་པ་ཡིན་ནའང་དགེ་རྒན་ཚོའི་བར་ལ་ཁྱད་པར་ཆེན་པོ་འདུག ངའི་གཅེས་ཕྲུག་གི་དགེ་རྒན་གྱི་མིང་ལ་ལྷ་མཛེས་འབོད་པ་དང་། ཁོ་མོ་ནི་མི་གཤིས་ཡ་རབས། སེམས་བཟང་བ་དང་སྤྱོད་པ་བཟང་བ་ཞིག་ཡིན། མོའི་འཛིན་གྲྭའི་ནང་དུ་སློབ་མ་མང་པོ་ཡོད་ནའང་། མོས་སློབ་མ་རེ་རེར་རྒྱུས་ལོན་བྱས་ཏེ་སློབ་མའི་ཁམས་ལ་གཞིགས་ཏེ་སློབ་གསོ་སྤྲོད་ཀྱི་འདུག མོ་ནི་སློབ་གསོའི་བྱེད་ཐབས་ལ་མཁས་པ་གང་ཞིག་ལ་ལས་ལ་བརྩོན་པ་ཞིག་རེད། མོས་སློབ་མ་ཚོར་ལས་བྱ་ཉུང་ཉུང་དང་། ལེགས་བཤད་དང་འབྲེལ་བ་ཡོད་པ་དེ་འདྲ་འཇོག་གི་འདུག གུང་གསེང་གི་སྐབས་སུ་མོས་བྱིས་པ་ཚོར་བློ་དང་འཚམ་པའི་དཔེ་ཀློག་གི་ལས་བྱ་འཇོག་གི་འདུག ཁྱིམ་བདག་གི་ཚོགས་འདུའི་སྐབས་སུའང་སློབ་མ་ཚོའི་བཟང་ཕྱོགས་དང་མོ་རང་གི་འོས་འགན་སྐོར་ནས་གླེང་བའི་དགེ་རྒན་མཚན་ཉིད་ཚང་བ་ཞིག་ཡིན། ང་རང་ལ་མཚོན་ན་དགེ་རྒན་འདིར་གུས་ཞབས་ཡོད་པ་མ་ཟད་ངའི་གཅེས་ཕྲུག་དེ་དགེ་རྒན་འདི་འདྲ་ཞིག་ལ་འཕྲད་པ་ནི་ཁོའི་བསོད་ནམས་རེད་དྲན་བསྡད་ཡོད། ངོ་མ་ཡིན། དགེ་རྒན་ཁོང་ལ་བཀའ་དྲིན་ཆེ།དཔེ་ཀློག་ནི་བྱིས་སྐྱོང་སློབ་གསོའི་མ་ལག་ཁྲོད་དུ་ཆེས་གལ་ཆེའི་སློབ་གསོའི་བྱེད་ཐབས་ཤིག་ཡིན་པ་ལྟར། ངས་ཀྱང་བུ་ཕྲུག་གཉིས་ཀྱི་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་འཇགས་ཆེད་ཁོང་གཉིས་ལ་ཆུང་དུས་ནས་བཟུང་དཔེ་ཆ་ཀློག་ཏུ་བཅུག་པ་ཡིན། ད་ལྟ་ཁོང་གཉིས་ལ་དཔེ་ཀློག་གི་གོམས་གཤིས་ཡག་པོ་འདུག ཡིན་ན་ཡང་དཔེ་ཆ་མང་ཤོས་རྒྱ་ཡིག་གི་དཔེ་ཆ་ཀློག་གི་འདུག རྒྱ་ཡིག་གི་དཔེ་ཆའི་ནང་དུ་བྱིས་སྒྲུང་སྙིང་རྗེ་བོ་དང་གོ་བདེ་བོ་མང་པོ་འདུག བོད་ཡིག་གི་དཔེ་ཆ་ཀློག་པར་སྤྲོ་སྣང་དེ་ཙམ་མི་འདུག བོད་ཡིག་གི་དཔེ་ཆའི་ནང་དུ་དེ་འདྲའི་བྱིས་སྒྲུང་སྙན་པོ་དང་གོ་བདེ་བོ་དེ་འདྲའང་མང་བོ་མི་འདུག སྤྱིར་བྱིས་པའི་དེབ་མང་བོ་མི་འདུག གཟའ་ཉི་མ་དང་སྤེན་པར་ངས་ཁོང་གཉིས་ལ་ཆེད་དུ་བོད་ཡིག་གི་ལས་བྱ་འཇོག་གི་ཡོད། ཉི་མ་རེ་ལ་བོད་ཡིག་གི་དེབ་ཀློག་ཏུ་འཇུག་གི་ཡོད། ཉིན་རེར་ཤོག་གྲངས་སུམ་ཅུ་རེ་ཀློག་ཏུ་འཇུག་གི་ཡོད། ཁོང་གཉིས་ཀྱིས་བཀླགས་པའི་དཔེ་དེབ་གྲངས་ཐོ་འབྲི་སའི་རེའུ་མིག་ཅིག་བཟོས་ཡོད། དཔེ་ཆ་རེ་བཀླགས་ཚར་དུས་དཔེ་ཆའི་མཚན་བྱང་རེའུ་མིག་ནང་དུ་འབྲི་དགོས། ངའི་བུ་ཆེ་བས་དཔེ་ཆ་གྲངས་བརྒྱད་ཅུ་ལྷག་བཀླགས་འདུག་པ་དང་བུ་ཆུང་བས་དཔེ་ཆ་གྲངས་བཞི་བཅུར་ཉེ་བ་བཀླགས་འདུག
ཐེངས་ཤིག་དགེ་རྒན་ཆེན་མོ་ཞིག་གིས་ང་ཚོས་བྱིས་པ་ཚོར་ཁ་ལ་ཉོན་ཨ་ཞེས་པའི་བསླབ་བྱ་བྱེད་སྟངས་དེ་ཡག་པོ་མེད་པ་དང་དེ་ནི་རྒྱ་རིགས་ཀྱི་བསླབ་བྱ་བྱེད་སྟངས་ཤིག་རེད་ཅེས་གསུངས་པ་དང་། ཁ་ལ་ཉོན་ཨ་ཟེར་བའི་ཚབ་ཏུ་གནས་ལུགས་བརྩིས་ཨ་ལབ་ན་ཡག་པོ་འདུག་ཅེས་གསུངས་སོང་། ཁོང་གི་གསུངས་དེ་གནས་ལུགས་ཡོད་པ་མཐོང་སྟེ་ངའི་གཅེས་ཕྲུག་གཉིས་ལོ་གཉིས་ཡིན་དུས་ངས་ཁོང་གཉིས་ལ་གནས་ལུགས་བརྩིས་ཨ་ཞེས་བསླབ་བྱ་བརྒྱབ་པ་ཡིན། ཆུང་དུས་གནས་ལུགས་ཟེར་བ་ཆེན་པོ་ཧ་གོ་གྱིན་མི་འདུག་མོད། རིམ་གྱིས་གནས་ལུགས་ཀྱི་དོན་རྟོགས་ཡོང་གི་འདུག་ལ་ད་ལྟ་བྱ་བ་གང་ཞིག་ཡིན་ནའང་གནས་ལུགས་ཡོད་མེད་ལ་བསམ་བློ་གཏོང་ཐུབ་པ་ཞིག་ཏུ་གྱུར་འདུག གནས་ལུགས་ཞེས་པའི་ཐ་སྙད་དེ་ནི་བྱིས་པ་ལ་གནོན་ཤུགས་སྤྲོད་བྱེད་ཅིག་མ་ཡིན་པའི་ཁར་བསམ་བློ་གཏོང་བའི་གོ་སྐབས་སྤྲོད་བྱེད་ཀྱི་ཐ་སྙད་ཕུལ་དུ་བྱུང་བ་ཞིག་རེད། བོད་ནང་གི་ཕ་མ་མང་བོ་ཞིག་གིས་བྱིས་པར་གཅར་རྡུང་བྱེད་མི་ཉན་པའི་སློབ་གསོ་དེ་ནི་ཕྱི་རྒྱལ་གྱི་སློབ་གསོ་ཞིག་རེད། སློབ་གསོ་དེ་ང་ཚོའི་བྱིས་པ་ཚོར་རན་པ་ཞིག་མ་རེད། ང་ཚོའི་བྱིས་པ་ཚོར་མ་གཅར་མ་རྡུང་ན་ཁ་ཉན་ནི་མ་རེད་ཅེས་ལབ་གྱིན་འདུག ང་རང་ཉིད་ལ་མཚོན་ན་རང་གི་གཅེས་ཕྲུག་གཉིས་ལ་གནས་ལུགས་ལ་བསམ་བློ་ཐོངས་ཞེས་གསོ་སྐྱོང་བྱས་ནས་ཡོང་བ་ཡིན། ང་རང་གི་ཉམས་མྱོང་ལ་གཞིགས་ན་རྒྱུ་མཚན་དང་གནས་ལུགས་བཤད་དེ་བསླབ་བྱ་བྱས་ན་གཅར་རྡུང་བྱེད་པ་ལས་ལྷག་པའི་གྲུབ་འབྲས་དང་དགེ་མཚན་མང་བོ་འདུག ཕ་མ་སུ་ཡིན་ནའང་བུ་ཕྲུག་ལ་གནས་ལུགས་བཤད་དེ་བསམ་གཞིགས་གཏོང་བའི་གོ་སྐབས་སྤྲོད་རྒྱུ་ནི་གལ་ཆེ་བར་བསམ་མོ། །
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་སྤྱི་ལོ་ ༢༠༡༩ ལོའི་ཟླ ༡ པོའི་ཚེས་ ༣ ཉིན། གཡག་རྒོད་བྱིས་སྒྲུང་གླིང་ནས་ཡིག་ཐོག་ཏུ་ཕབ་པའོ།།
བྱིས་པ་གསོ་སྐྱོང་བྱེད་སྟངས་ཐོག་དོན་སྙིང་ལྡན་པའི་རྩོམ་ཡིག་སྤེལ་གནང་འདུག་པར་ཐུགས་རྗེ་ཆེ་ཞུ།