དངུལ་དངོས་ཁྱོན་ཧིན་སྒོར་འབུམ་ ༡༡་ཙམ་འཕྲོག་བཅོམ་བྱས་པའི་གྱོད་གཞི་དེ་དེ་རིང་ནས་ཁྲིམས་གཏུག་གནང་གི་ཡོད་འདུགཉེ་སྔོན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེའི་དགེེ་འདུན་པ་བྱང་ཆུབ་རིན་ཆེན་ལགས་ཀྱི་གྲྭ་ཤག་ནས་དངུལ་དངོས་ཁྱོན་ཧིན་སྒོར་འབུམ ༡༡ ཙམ་འཕྲོག་བཅོམ་བྱེད་མཁན་རྒྱ་གར་བ་ལྔ་དེ། ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་འདྲི་རྩད་བྱེད་བཞིན་པའི་སྒང་ཡིན་འདུག
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་གཞིས་མགོ་ལྷག་པ་ཚེ་རིང་ལགས་སུ། ཇག་པ་དེ་ཚོའི་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས། རྐུན་མ་དེ་ཚོ་ཕྱི་ཚེས་ ༢༢ ཉིན་གྱི་ཐོ་རངས་ལ་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་ས་གནས་རྒྱ་གར་ཉེན་རྟོག་ཁང་དུ་བཅུག་འདུག ང་ཚོས་དེ་སྔོན་མཐོང་དུས་མི་བཞི་མ་གཏོགས་མིན་འདུག འོན་ཀྱང་། ད་ལྟ་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། དེ་སྔོན་མི་གཅིག་ཕྱི་ལོགས་ནས་བསྡད་དེ་མི་ཡོང་གི་ཡོད་མེད་བལྟས་བསྡད་ཡོད་འདུག དེར་བརྟེན། ད་ལྟ་ཉེན་རྟོག་པས་མི་ལྔ་དེ་བཟུང་འདུག ཅེས་བརྗོད་བྱུང་།
འཕྲོག་བཅོམ་བྱས་པའི་དངུལ་དངོས་རྣམས་ཚུར་རག་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་ཉེན་རྟོག་པས་ང་ཚོ་དང་རྐུན་མ་དེ་ཚོ་གདོང་ཐུག་བཅུག་མ་སོང་ལ། དངུལ་དང་གསེར་ཆས་དེ་ཚོའང་གཞི་ནས་ལག་པར་རག་རྒྱུ་རེད། གསེར་དངུལ་དེ་ཚོ་ཕྱིར་ལེན་པར་ཁྲིམས་གཞིར་བཟུང་འགྲོ་དགོས་ཀྱི་ཡོད་དུས། ཁ་སང་ང་ཚོས་ཁྲིམས་རྩོད་པ་བཙལ་ཏེ་བརྒྱུད་རིམ་ཚང་མ་ཧ་གོ་སོང་ལ། དེ་རིང་ནས་གྱོད་གཞི་ཁྲིམས་གཏུག་གི་སྙན་ཞུ་ཡར་ཁྲིམས་ཁང་ལ་ཕུལ་རྩིས་ཡོད། ཅེས་བརྗོད་བྱུང་།
སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྐུན་མ་གཏེ་བོ་དེས་སྔོན་མ་དགོན་པ་དང་གཞིས་ཆགས་ནང་ལས་ཀ་བྱས་མྱོང་སྐོར་བརྗོད་པ་དེའི་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་གདོང་པ་མཐོང་མེད་པས་སྐད་ཆ་དེ་བདེན་པ་ཡིན་མིན་བཤད་ཚོད་མི་ཐིག་སྐོར་བརྗོད་བྱུང་།
དངུལ་སྨར་འབོར་ཆེན་ལག་ཏུ་ཉར་ཡོད་པ་དེའི་སྐོར་ལ་ཁོང་གིས། དངུལ་དེ་ཁོ་རང་གི་མ་རེད་གྲྭ་ཚང་གི་རེད། ཨར་ལས་རྒྱག་བྱེད་ཀྱི་དངུལ་ཡིན་པ་དང་། ཁོས་ད་ལྟ་ཁང་ཚན་གྱི་ཁང་པ་རྒྱག་གི་ཡོད་པ་རེད། དངུལ་དེ་ཚོ་འཛུགས་སྐྲུན་གྱི་གན་རྒྱ་འཇོག་མཁན་དང་ལས་བཟོ་བ་ སོགས་ལ་སྤྲོད་རྒྱུ་ཡིན་པ་རེད། འོན་ཀྱང་། དངུལ་བླངས་པ་ཧ་གོ་བར་བརྟེན་མཚན་མོ་ཇག་པ་རྒྱུག་པ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།
གནས་ཚུལ་མ་ལྷག་གོང་གཟབ་གཟབ་མ་་བཟོས་ན་།ད་དཀའ་ལས་ཁག་པོ་རེད་།རྒྱ་གར་ཁྲིམས་ཁང་གི་ཕྱོགས་གཞན་མེད་པ་ཁྲིམས་ཐག་བཅོད་པའི་རེ་བ་ཡོད།