རྒྱ་ནག་གཞུང་གིས་བོད་ཀྱི་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་ ༢༥ ལྷག་ཡོད་པའི་སྤྱི་གླིང་ཞིག་འཛུགས་འཆར་འདུགརྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༢༩ ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༨ ལོའི་གཙང་གསུམ་ཆུ་མགོའི་ཁོར་ཡུག་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཅེས་པ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་། དེབ་དེའི་ནང་ཕྱི་ལོ་ ༢༠༢༠ ལོ་ནས་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་འཛམ་གླིང་གི་རྒྱ་ཁྱོན་ཆེ་ཤོས་དང་ས་བབ་མཐོ་ཤོས། རང་བྱུང་གི་རྣམ་པ་མཛེས་ཤོས་ཀྱི་སྤྱི་གླིང་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱས་ཡོད་འདུག
སྤྱི་གླིང་འཛུགས་སྐྲུན་སྐོར་ལ་མཚོ་སྔོན་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པ་ཐན་ཅིན་ཁྲེང་ཟེར་བ་ཞིག་གིས། ལོ་གཉིས་ལྷག་ཙམ་གྱི་རིང་མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་གྱི་ཆུ་མགོར་སྤྱི་གླིང་བསྐྲུན་རྒྱུ་དེ་ཚན་རྩལ་ལ་བརྟེན་ནས་ཚོད་ལྟ་ལག་བསྟར་དང་། ད་ལྟའི་ཆར་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་དཔེ་ལྟ་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་བསགས་ཏེ། རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་དང་པོ་སྟེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་བཟོས་ཚར་ནས་ཡོངས་བསྒྲགས་བྱས་ཡོད་པ་དང་། ད་ལྟ་སྣོད་བཅུད་སྲུང་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཆར་འགོད་སོགས་གྲུབ་ཡོད་སྐོར་བརྗོད་འདུག
ཕྱི་ལོ་ ༢༠༡༧ ལོར་ཧོང་ཀོང་རང་དབང་གསར་ཁང་གིས་གཙང་གསུམ་མགོ་ཁུངས་སུ་སྤྱི་གླིང་འཛུགས་སྐྲུན་བྱེད་འཆར་སྐོར་བརྗོད་པའི་ནང་། གལ་སྲིད་རྒྱ་ནག་གིས་ལས་འཆར་དེ་དངོས་སུ་མགོ་འཛུགས་བྱས་པ་ཡིན་ན། བོད་ནང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་ ༢༥ ལྷག་ཡོད་པའི་སྤྱི་གླིང་ཞིག་འཛུགས་སྐྲུན་བྱེད་འཆར་ཡོད་པ་དང་། ད་སྔ་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་དེ་གྷི་རེན་ལན་ཌི་(Greenland)རྒྱལ་ཁབ་ནང་ཡོད་ཅིང་། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༩༧༢༠༠༠ ཡོད་འདུག འོན་ཀྱང་། གྷི་རེན་ལན་ཌིའི་བྱང་ཤར་ནི་བོད་དང་མི་འདྲ་བར་མི་འབོར་ཉུང་ངུ་ལས་མེད་ཅིང་། བོད་ནང་གི་སྤྱི་གླིང་ལས་འཆར་དེས་མི་གྲངས་ས་ཡ་ ༧།༨ ལྷག་གི་འཚོ་གནས་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་པ་དང་། འཛུགས་སྐྲུན་བྱེད་ཡུལ་གྱི་འབྲོག་པ་མང་ཚོགས་སྟོང་ཕྲག་མང་པོ་གནས་སྤོར་དགོས་ཁེལ་གྱི་ཡོད་སྐོར་བརྗོད་ཡོད་པ་རེད།
ད་ལན་འགྲེམས་སྤེལ་བྱས་པའི་གཙང་གསུམ་ཆུ་མགོའི་ཁོར་ཡུག་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཅེས་པ་དེའི་ནང་། གཙང་གསུམ་འབྱུང་ཁུལ་གྱི་སྐྱེ་ཁམས་ལོ་རེ་བཞིན་མུ་མཐུད་དུ་ལེགས་པའི་ཕྱོགས་སུ་འགྲོ་བཞིན་ཡོད་པ་དང་། གཙང་གསུམ་ཆུ་མགོར་ད་ལྟའི་ཆར་ཁྱོན་བསྡོམས་གཅན་གཟན་རི་དྭགས་ཀྱི་རིགས་ ༦༢ དང་། འདབ་ཆགས་ཀྱི་རིགས་ ༡༩༦ བཅས་ཡོད་པ་མ་ཟད། རྒྱ་ནག་ཙམ་མ་ཟད་འཛམ་གླིང་ཡོངས་སུ་ཧ་ཅང་ཉུང་བའི་རྩ་ཆེའི་སྲོག་ཆགས་ཆེ་གྲས་མང་པོ་འདུས་ཡོད་པ་དང་། རི་སྐྱེས་སེམས་ཅན་ཚོའི་འཕེལ་ཁ་རྒྱས་བཞིན་ཡོད་པ་སོགས་རང་བྱུང་ཁོར་ཡག་ལ་གནོད་སྐྱོན་ཅི་ཡང་འགྲོ་བཞིན་མེད་སྐོར་བསྒྲགས་འདུག
ཡང་སྤྱི་གླིང་འཛུགས་སྐྲུན་སྐོར་གྱི་གཞུང་ཕྱོགས་གསར་འགྱུར་ནང་མཚོ་སྔོན་གྱིས་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་དེ་རྒྱ་ནག་གི་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ཀྱི་མིང་བྱང་དང་། སྣོད་བཅུད་མ་ལག་སྲུང་སྐྱོང་གི་མ་དཔེ། མཐོ་སྒང་སྐྱེ་དངོས་ཀྱི་རང་བྱུང་སྣ་འཛོམས་པའི་ཐོན་ཁུངས་མཛོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ལྷ་ཡུལ། སྣོད་བཅུད་མྱོང་རོལ་དང་ཁོར་ཡུག་སློབ་གསོའི་སྟེགས་བུ། སྣོད་བཅུད་ཁོར་ཡུག་གི་ཚན་རིག་ཞིབ་འཇུག་གི་རྟེན་གཞི། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ས་དང་། བུ་རབས་ཚ་རྒྱུད་ལ་བཞག་པའི་དག་ཞིང་བཅས་སུ་བསྐྲུན་རྒྱུ་དང་འབྲེལ་འཛམ་གླིང་ལ་རྒྱ་ཁྱོན་ཆེ་ཤོས་དང་། ས་བབ་མཐོ་ཤོས། རང་བྱུང་གི་རྣམ་པ་མཛེས་ཤོས། སྣོད་བཅུད་ཀྱི་ནུས་པ་བརྟན་པ། མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པ། མི་དང་རང་བྱུང་ཁམས་ཞི་མཐུན་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་བསྐྲུན་རྒྱུ་ཡིན་སྐོར་བཀོད་འདུག
རྒྱ་གཞུང་གིས་བོད་ཁུལ་དུ་འཛུགས་སྐྲུན་སྣ་ཚོགས་བྱེད་བཞིན་པ་ལྟར། ལས་གཞི་དེ་དག་གིས་བོད་ཁུལ་གྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་དབྱིན་ཇིའི་ཆབ་སྲིད་སློབ་དཔོན་རྩོམ་པ་པོ་ལྕམ་ཧྥི་ན་མེག་ཀཱེ་ཡིས་(Fiona McKay)ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་བཟོ་འཆར་ཡོད་འདུག་ཅེས་པའི་ཆེད་རྩོམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་ཁུལ་དུ་རྒྱལ་ཡོངས་སྤྱི་གླིང་བཟོ་འཆར་ཡོད་པའི་དཔྱད་རྩོམ་ཞིག་སྤེལ་ཡོད་པ་དང་། གལ་སྲིད་རྒྱ་ནག་གཞུང་གིས་ལས་འཆར་དེ་དངོས་སུ་མགོ་འཛུགས་བྱས་ཚེ། ད་ལྟ་བོད་མི་གནས་སྡོད་བྱེད་ཡུལ་མང་པོ་ཞིག་ལས་གཞི་དེའི་ཁོངས་སུ་ཚུད་རྒྱུ་ཡིན་པ་མ་ཟད། ཡུལ་མི་རྣམས་ཀྱིས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ལས་རིགས་མང་པོ་ཞིག་ཀྱང་མཚམས་འཇོག་དགོས་ཆགས་ངེས་རེད། ཅེས་བརྗོད་ཡོད་འདུག
ཡང་མོས་རྒྱལ་ཁབ་མང་པོས་ས་ཆ་གཙང་བཟོ་(Land Clearance)སྐོར་གྱི་ལོ་རྒྱུས་ཤེས་ཀྱི་ཡོད། སི་ཁོ་ལན་ཌི་རྒྱལ་ཁབ་(Scotland)ཀྱིས་ཕྱི་ལོ་ ༡༨༠༠ ལོར་ས་མཐོ་གཙང་བཟོ་(Highland Clearance)ལས་འགུལ་སྤེལ་རྗེས། ས་གནས་ཀྱི་སོ་ནམ་པའི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། ཡུལ་མིའི་རིག་གཞུང་ལ་དོ་ཕོག་ཆེན་པོ་བཏང་ཡོད། ཡིད་སྐྱོ་བ་ཞིག་ལ། ད་ལྟ་དེ་འདྲ་བའི་གཏོར་བཤིག་ཆེན་པོ་ཞིག་བོད་མི་རྣམས་ཀྱི་མགོ་ཐོག་ཏུ་ལྷུང་ལ་ཉེ་འདུག སྤྱིར་རྒྱལ་ཡོངས་སྤྱི་གླིང་བཟོས་ན་གཏེར་ཁ་སྔོག་འདོན་ལས་གཞི་བཀག་འགོག་དང་། རྒྱུག་ཆུ་དང་གཙང་བོར་ཆུ་མཛོད་སོགས་རྒྱག་མི་ཆོག་ཀྱང་། རྒྱ་ནག་གི་རྒྱལ་ཡོངས་སྤྱི་གླིང་ལས་གཞི་དེའི་ཁོངས་སུ་ཆུ་རགས་མང་པོ་རྒྱག་རྒྱུའི་འཆར་གཞི་ཡོད་འདུག གལ་ཏེ་བོད་ཀྱི་རྒྱུག་ཆུ་དང་གཙང་བོ་དེ་དག་ལ་ཆུ་མཛོད་བརྒྱབ་ཚེ། ཨེ་ཤ་ཡའི་མི་འབོར་དུང་ཕྱུར་མང་པོར་གནོད་སྐྱོན་ཚབས་ཆེན་ཐེབས་ངེས་རེད། ཅེས་བརྗོད་ཡོད་པ་རེད།
ད་ལྟའི་འཆར་གཞི་ལྟར་ན། རྒྱ་ནག་གཞུང་གིས་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་ཟེར་བ་ནི་ཕྱི་ལོ་ ༢༠༡༥ ལོར་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི་ཚོགས་འདུ་ཞེས་པ་ཚོགས་པ་ནས་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ལྷན་ཁང་ཟེར་བས་ཆོག་མཆན་སྤྲད་དེ་དངོས་སུ་ཚོད་ལྟ་བྱས་ཡོད་པ་དང་། འདི་ལོར་རྒྱ་ནག་གཞུང་གིས་སྤྱི་གླིང་འཛུགས་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ནས་དངོས་སུ་ལས་མགོ་འཛུགས་རྒྱུ་དང་། ཕྱི་ལོ་ ༢༠༢༥ ལོར་ཁྲིམས་སྲོལ་སྲིད་བྱུས་ཚད་ལྡན་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ། ཕྱི་ལོ་ ༢༠༣༥ ལོར་དེང་རབས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་ཟེར་བ་ཞིག་ཏུ་བཟོ་རྒྱུ་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
བོད་པ་ཚོས་སྔ་སེ་ནས་གཟབ་མ་ཐུབ་ན། རྒྱ་གཞུང་གི་འཛུགས་བསྐྲུན་ལས་རིགས་འདིས་བོད་ཀྱི་འབྲོག་སྡེ་གང་མང་ཞིག་རྩ་མེད་གཏང་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད།
མདོ་དབུས་མཐོ་སྒང་གི་འབྲོག་སྦྲ་ནག་ཅན་གི་ཕ་ས་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་འདི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་ ༢༥ ལྷག་ཡོད་པའི་སྤྱི་གླིང་ཞིག་ཏུ་བསྒྱུར་རྒྱུ་ཞེས་པ་དེ་ནི་མིང་རྫིགས་པོ་འདྲ་ཞིག་ཡིན་ཡང་། དོན་དངོས་སུ་ས་ཁྱོན་དེར་གནས་པའི་འབྲོག་སྡེ་མང་ཚོགས་རྩ་མེད་གཏང་ཉེན་ཡོད། ཚང་མ་མགོ་འཁོར་མི་ཉན། ཚང་མ་མགོ་སྐོར་འོག་ལ་ཤོར་མི་ཉན། གཟོབས། གཟོབས། གཟོབས།