ཁ་བྲལ་ངོ་རྒོལ་གྱི་སློབ་གསོ་ཤུགས་ཆེ་རུ་བཏང་ནས་བརྟན་བརླིང་ངང་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་བྱ་རྒྱུ་ཡིན་ཟེར།
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་བོད་རང་སྐྱོང་ལྗོངས་ཏང་གི་རྒྱུན་ལས་ལྷན་ཚོགས་ཟེར་བ་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡེན་ཅེ(Wu Yingjie)ཟེར་བ་དེས། བོད་རང་སྐྱོང་ལྗོངས་ཀྱིས་ཁ་བྲལ་གྱི་སིམ་འཛུལ་དང་སྟོབས་ཤུགས་ལ་ཕྱོགས་ཡོངས་ནས་ཡིད་གཟབ་ཆེན་པོའི་ངང། ཁ་བྲལ་བར་ངོ་རྒོལ་བྱེད་པའི་སློབ་གསོའི་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱས་ཏེ། ཁ་བྲལ་བར་ངོ་རྒོལ་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་དགོས་སྐོར་བརྗོད་འདུག
ཚོགས་འདུ་དེའི་བརྗོད་དོན་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཚོས་མགོ་འཁྲིད་ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱ་དགོས་ཞེས་པ་ཡིན་པ་དང་། ཚོགས་ཐོག་ཏུ་ཝུ་ཡེན་ཅེ་ཡིས་ཏང་ཡོན་ཚོས་ཆབ་སྲིད་ཀྱི་བསམ་བློ་གོང་འཕེལ་དུ་བཏང་ནས་མི་མང་གི་སྣེ་ཁྲིད་དེ། སྤྱི་ཡོངས་ནས་འཆར་འགོད། རྩ་བ་དང་རྨང་གཞི་བརྟན་དུ་གཏོང་བ། རྩ་བ་གཙང་མ་བརྟན་སྲུང་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ནན་ཏན་གྱིས། ཁ་བྲལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་སློང་ཤུགས་ཆེན་དང་མཐའ་མཚམས་སྲ་བརྟན། སྤྱི་ཚོགས་བདེ་འཇགས་སོགས་ལ་འགན་ལེན་ཐུབ་པ་བཅས་བྱས་ནས་རང་འགུལ་གྱིས་བརྟན་ལྷིང་གི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་སྐོར་བརྗོད་འདུག
ཡང་ཁོས་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཁག་གི་སློབ་གཉེར་གྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་མོ་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་དང་བླ་མ་སྐྱེས་ཆེན་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་བེད་སྤྱོད་དང་། ཁ་བྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་ཀྱི་སློབ་གསོ་འབུར་དུ་ཐོན་བ་བཅས་བྱས་ཏེ། རྒྱ་ཆེའི་སློབ་མ་ཚོའི་ཁ་བྲལ་ངོ་རྒོལ་གྱི་འཐབ་རྩོད་མོས་སེམས་ཤུགས་ཆེ་རུ་གཏོང་དགོས་པ་དང་། གནད་དོན་གང་གི་མདུན་དུ་ཁོ་ཚོས་ཁ་བྲལ་བའི་ཐོག་བཟུང་བའི་ངོ་རྒོལ་གྱི་དར་ཆ་ཧ་ཅང་གསལ་པོ་དང་། དགེ་རྒན་ཚོས་ཆབ་སྲིད་ཀྱི་བླང་བྱ་དང་ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལངས་ཕྱོགས་ཧ་ཅང་བརྟན་པོ་དང་། བྱ་སྤྱོད་ཧ་ཅང་ནན་ཏན་བཅས་ཡོང་བ་བྱེད་དགོས་སྐོར་བརྗོད་འདུག
མཇུག་ཏུ་ཁོས་ཁ་བྲལ་བའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་འཐབ་རྩོད་དང་། སློབ་གྲྭ་ཁག་གི་སློབ་གཉེར་བ་ཚོར་ཁ་བྲལ་ངོ་རྒོལ་གྱི་སློབ་གསོ་ཤུགས་ཆེ་རུ་བཏང་སྟེ། བོད་ཀྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད། བརྟན་བརླིང་བཅས་ཀྱི་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས། རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༧༠ འཁོར་བར་དགའ་བས་བསུ་དགོས་སྐོར་བརྗོད་འདུག
སྤྱིར་ན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གཙོའི་བོད་ཁུལ་དུ་ཁ་བྲལ་བར་ངོ་རྒོལ་དགོས་སྐོར་ཤུགས་ཆེར་བསྒྲགས་བཞིན་བཞིན་ཡོད་ན་ཡང་། འདི་ལོ་ནས་རྒྱ་ནག་གཞུང་ཕྱོགས་ནས་ནག་སེལ་ངན་འཇོམས་ཟེར་བའི་ལས་འགུལ་དང་འབྲེལ། ཁ་བྲལ་བ་དང་ཁ་བྲལ་ལ་རྒྱབ་སྐྱོར་མཁན་ཚོར་ངོ་རྒོལ་དང་རྩ་མེད་དགོས་སྐོར་བརྗོད་ནས་ཁ་བྲལ་འཐབ་རྩོད་ཀྱི་ངན་སྐུལ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་ཟེར་བའི་སྟེང་། བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཆེ་དགྲ་ལྷ་ཟེར་བས། རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ ༧༠ དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ ༦༠ འཁོར་བའི་ལོ་སོགས་འགག་རྩའི་ལོ་ཞིག་ཆགས་ཀྱི་ཡོད་པས། ཚང་མས་ངེས་པར་དུ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་ ༥ ནང་། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཆབ་སྲིད་མགོ་འཁྲིད་ཝང་དབྱང་ཟེར་བས། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་དང་ཐུག་འཕྲད་ཀྱིས་རྒྱལ་མཚན་ནོར་བུ་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཙུགས་ཏེ། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་། ཆབ་སྲིད་ལངས་ཕྱོགས་བརྟན་པོ་བཙུགས་ཏེ་རྒྱ་ཆེའི་ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁ་བྲལ་གྱི་སྟོབས་ཤུགས་མཐའ་དག་དང་འཐབ་རྩོད་བྱ་རྒྱུའི་རེ་བ་ཡོད་སྐོར་གྱི་ངན་སྐུལ་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གི་གཙང་སེལ་ལས་འགུལ་ཞེས་པ་གཞི་རྩར་བཟུང་ནས་ནག་ཚོགས་ངན་སེལ་ཞེས་པའི་ལས་འགུལ་བོད་ཁུལ་དུ་སྤེལ་སྐབས། བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ནག་ཚོགས་འབུར་འཇོམས་ལས་འགུལ་གྱི་དམིགས་གཏད་གཙོ་བོ་གསུམ་ནི། ཁ་བྲལ་རིང་ལུགས་པ་དང་། དྲག་སྤྱོད་རིང་ལུགས་པ། ཐལ་སྤྱོད་རིང་ལུགས་པ་བཅས་ཡིན་ལ། ལྷག་པར་དུ་ཁ་བྲལ་རིང་ལུགས་པ་ཚོར་ལས་འགུལ་འདིའི་ཁྲོད་ནས་གུ་ཡངས་གཅིག་ཀྱང་མེད་ཅེས་བརྗོད་ཡོད་པ་དང་། ལྷ་སའི་ནག་ཚོགས་འབུར་འཇོམས་གསལ་བསྒྲགས་ནང་། ནག་ཚོགས་ཀྱི་དམིགས་གཏད་གཙོ་བོ་དེ་ཏཱ་ལའི་ཁ་བྲལ་ཤོག་ཁག་དང་ཏཱ་ལའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་ནས་ལས་འགུལ་སྤེལ་མཁན་རིགས་ཡིན་སྐོར་བརྗོད་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག