སློབ་མས་ཞི་རྒོལ་ལས་འགུལ་སྤེལ།

དེ་རིང་རྨ་ཆུ་རྫོང་ཁོངས་ཀྱི་སློབ་མ་ཁག་ཅིག་ནས་རྫོང་སྲིད་གཞུང་གིས་ཕྱི་ཡོང་སློབ་མར་ལས་གནས་སྤྲད་དེ་རྫོང་ནང་ཁུལ་གྱི་སློབ་མ་ཚོ་ལས་གནས་ནས་ཕུད་པ་དང་ལས་ཀ་སྤྲོད་ཀྱི་མེད་པའི་དབྱེ་འབྱེད་བྱ་སྤྱོད་ལ་ཞི་བའི་རྒོལ་བྱས་འདུག

དེ་རིང་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁོངས་ཀྱི་སློབ་མ་ཁག་ཅིག་གིས་རྫོང་སྲིད་གཞུང་གི་མདུན་དུ་ཕྱི་ཡོང་སློབ་མར་སྔོན་འགོག་བྱས་ཏེ། སྤྱི་ཕན་ལས་གནས་དངོས་སུ་བསྒྱུར་དགོས། སྤྱི་ཕན་ལས་གནས་ཡོངས་ནས་ཆབ་སྲིད་ལ་རྒྱབ་འགལ་བྱས་མེད་ཅེས་པའི་འཕྲེད་དར་བཟུང་སྟེ་ཞི་འབོད་ལས་འགུལ་སྤེལ་ཡོད་པ་དང་། སུད་སིར་གནས་སྡོད་བོད་མི་ཞིག་གིས་རྨ་ཆུ་ལ་སྔོན་མ་ནས་གནད་དོན་འདི་ཡོད་པ་རེད། ས་ཕྱོགས་གཞན་པའི་མི་ཡོང་རྒྱུ་མང་དྲགས་ནས་ས་གནས་ས་ཐོག་གི་སློབ་མཐར་ཕྱིན་པའི་སློབ་མ་ཚོ་ལ་བྱ་བ་མ་རག་པའི་དཀའ་ངལ་ཡོད་པ་རེད། ཅེས་བརྗོད་བྱུང་།

ཁོང་ཚོས་སྤྱི་ཚོགས་འཕྲིན་ལམ་དུ་རེ་སྐུལ་ཡི་གེ་ཞིག་བྲིས་པའི་ནང་། ང་ཚོ་དང་དམིགས་ཡུལ་གཅིག་པའི་རྒྱ་ཆེའི་མང་ཚོགས་རྣམ་པ།
སྤྱི་ཕན་ལས་གནས་ལ་ཞུགས་པའི་སློབ་བུ་ང་ཚོ་ལས་གནས་ལ་ཞུགས་ཁུལ་ཙམ་བྱས་ཏེ་མི་ལོ་གསུམ་བཞིའི་རིང་ལ་གཞི་རིམ་གྱི་སྲིད་གཞུང་དང་ད་དུང་ནགས་ལས་ལས་ཁུངས་སོགས་སུ་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་བསྒྲུབས་མོད། འོན་ཀྱང་མི་ལོ་གསུམ་ལ་འབད་རྗེས་ང་ཚོ་ལ་འབྲས་བུ་ཅི་ཡང་མེད་པར་ལས་གནས་ནས་ཕྱིར་འབུད་དགོས་པའི་ཡིག་ཆ་ཁྱབ་བསྒྲགས་བྱེད་ཀྱིན་འདུག ཅེས་བརྗོད་འདུག

ཕྱི་ནས་ཡོང་བའི་སློབ་མ་ཚོར་ལས་གནས་སྤྲད་དེ་བོད་ནང་ཁུལ་གྱི་སློབ་མ་རྣམས་ལ་ལས་ཀ་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། ཐ་ན་ཁ་གཡར་ས་བཙལ་ཏེ་ལས་གནས་ནས་ཕུད་ཀྱི་ཡོད་པའི་སྐོར་བཀོད་དོན།  ད་རུང་གོང་རིམ་གྱིས་ང་ཚོ་རང་རྫོང་གི་སློབ་མ་ཚོར་ཆུ་ཚད་མེད་ཚུལ་སོགས་མང་པོ་ཞིག་ལ་ཁ་གཡར་ནས་ཐག་གཅོད་ཡང་དག་ཅིག་བྱས་མ་ མྱོང་། དངོས་ཡོད་གནས་ཚུལ་ལྟར་ན། གཅིག མི་བུ་རེ་གཉིས་ཀྱི་ཤེས་ཡོན་ཆུ་ཚད་སློབ་ཆུང་སློབ་མར་གཏོགས་མེད་མོད། སྒོར་མོའི་ངོ་སོ་དང་ལྟག་སྒོའི་བརྒྱུད་རིམ་ལ་བརྟེན་ནས་བྱ་བའི་ལས་གནས་ལ་ཞུགས་པ་དང་། གཉིས ས་ཆ་གཞན་གྱི་མི་སྣ་ཡང་ལྟག་སྒོ་དང་ཐབས་ཇུས་ངན་པ་ལ་བསྟེན་ནས་བྱ་བའི་ལས་གནས་ལ་ཞུགས་པ་དང་། གསུམ བྱ་བའི་ལས་བགོས་ཐད་ཀྱི་ཡིག་རྒྱུགས་ལེན་པའི་སྐབས་མི་སྣ་བརྗེ་རེས་བྱས་ཏེ་བྱ་བའི་ལས་གནས་ལ་ཞུགས་ཡོད་སྟབས། ང་ཚོ་ཚང་མས་གོང་རིམ་ལ་ཚུལ་དང་མཐུན་པའི་རེ་ཞུ་བྱེད་གི་ཡོད། ཁྱེད་ཚོ་ཚང་མས་ང་ཚོར་རྒྱབ་སྐྱོར་རེ་གནང་བར་ཞུ། ཞེས་བརྗོད་འདུག

ན་ནིང་ལོར་སློབ་ཆེན་ཞིག་ནས་མཐར་ཕྱིན་པའི་བོད་རིགས་སློབ་མ་ཞིག་གོང་གི་གནད་དོན་དེ་དང་འབྲེལ་ནས་སྐད་ཆ་འདྲི་སྐབས་ཁོང་གིས། བོད་ནང་ལོ་རེ་བཞིན་བོད་རིགས་སློབ་ཕྲུག་སྟོང་ཕྲག་མང་པོ་སློབ་གྲྭ་ཆེ་འབྲིང་ནས་མཐར་ཕྱིན་ཏེ། ཕྱིར་རང་ཡུལ་དུ་ལོག་ནས་ལས་ཀ་འཚོལ་བཞིན་ཡོད་པ་རེད། ཡིན་ནའང་། རྒྱ་ནག་ནང་ལོགས་ནས་རྒྱ་རིགས་སློབ་ཕྲུག་དང་ཞོར་ལས་བ་ཧ་ཅང་མང་པོ་བོད་ཁུལ་དུ་ཡོང་ནས་ལས་སྒོ་མང་པོར་ཞུགས་ཀྱི་ཡོད་པ་དང་། སྲིད་གཞུང་གིས་ཀྱང་དེ་རིགས་ལ་དམིགས་བསལ་གྱིས་གོ་སྐབས་སྤྲད་དེ་འདྲ་མཉམ་མིན་པའི་ལྟ་སྐྱོང་བྱེད་བཞིན་ཡོད་སྟབས། བོད་ནང་ཁུལ་གྱི་བོད་རིགས་སློབ་མ་མང་པོར་ལས་ཀ་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། བོད་རིགས་གཞོན་སྐྱེས་མང་པོར་རང་ཡུལ་ནས་ལས་ཀ་མ་རག་པར་བརྟེན། རྒྱ་ནག་ནང་ལོགས་སུ་འཁྱམ་ཏེ་ལས་ཀ་འཚོལ་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist