ཀླུ་མཁར་བྱམས་འདི་ན་བྲིས་ཡོད།

རྔ་བ་བློ་གྲོས་རབ་བརྟན།

བོད་མིའི་དད་འདུན་ལ་རྡོག་རོལ་དང་། གུས་བརྩི་ལ་ཁྱད་གསོད།

ཀླུ་མཁར་བྱམས་ཀྱིས་བོད་མི་རིགས་ཀྱི་དད་འདུན་ལ་རྡོག་རོལ་དང་གུས་བརྩི་ལ་ཁྱད་གསོད་བྱས་རྐྱེན། ཁོ་སྤྱི་ཚོགས་ཀྱི་ཁ་གཏད་དུ་གྱུར་བ་ཞིག་ལས་སྤྱི་ཚོགས་ཀྱིས་ཁོ་དགྲ་རུ་བཟུང་བ་ཞིག་མ་རེད། གནས་ལུགས་དེས་བསྐུལ་ཏེ་དེ་རིང་འདིར་ཀླུ་མཁར་བྱམས་བྲིས་ཡོད།

བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་༧གོང་ས་མཆོག་ལ་དད་འདུན་བླ་མེད་ཞུ་བཞིན་ཡོད། ཞུ་དགོས་པ་དེ་ཆོས་ཕྱོགས་དང་འབྲེལ་བ་དམ་པོ་ཡོད་ཅིང་། བོད་མི་ཚོ་ནི་ནང་ཆོས་ལ་དད་པ་ཧ་ཅང་ཆེ་བའི་མི་རིགས་ཤིག་རེད་ལ། ནང་པའི་ཆོས་ཀྱི་ཁྱབ་ཁོངས་ནས་༧གོང་ས་མཆོག་འཛམ་གླིང་གི་རྩེ་རུ་འགྱངས་ཡོད། དེ་ལྟར་འགྱངས་ཐུབ་པ་དེ་ནི་ནང་པའི་གཞུང་ནས་བཤད་པའི་ཕུལ་དུ་བྱུང་བའི་ཤེས་རབ་དག་ཁོང་ལ་མངའ་བས་རེད། གལ་ཏེ་མི་ཚོས་ཆོས་ལུགས་དང་འབྲེལ་ཏེ་འཛམ་གླིང་འདིའི་སྒང་གི་གང་ཟག་ཅིག་ལ་དད་པ་བྱེད་དགོས་ན་ནི། དད་པ་བྱེད་ས་དེ་༧གོང་ས་མཆོག་ཡིན་ན་རྩ་བ་ཉིད་ནས་ནོར་མེད། ལྷག་པར་དུ་བོད་མི་ཚོས་༧གོང་ས་མཆོག་ལ་དད་པ་བྱེད་པ་ནི། རང་གི་བསོད་ནམས་ཀྱི་མཐུ་དང་ཚེ་རབས་ནས་རབས་སུ་མགོན་དེ་དང་བྲལ་འདོད་ཡེ་ནས་མེད་པའི་དད་པ་རྣམ་དག་ཅིག་རེད།

བོད་མི་ཚོའི་སེམས་སུ་༧གོང་ས་མཆོག་གིས་བཟུང་བའི་གོ་གནས་དེ་ཚད་མཐོན་པོ་རེད། གལ་ཏེ་བང་རིམ་ཞིག་བསྒྲིགས་པའི་དབང་དུ་བཏང་ན་ཨང་དང་པོ་དེ་ཡིན་ཡིན་པ་རེད། དེ་ལྟར་ཆེས་བླ་མེད་དུ་བཀུར་བཞིན་པའི་སྐྱབས་དང་དཔུང་དེ་ལ། རྒྱུ་མཚན་མེད་པ། གནས་ལུགས་དང་མི་མཐུན་པ། དངོས་ཡོད་དང་རྒྱབ་འགལ་གྱི་སྐད་ཆ་སྟེ། རྒྱལ་བཙོང་བ་དང་། ཡོད་པ་ལས་མེད་ན་བཟང་མདོག་གི་གོ་རྒྱུ་ཅན་གྱི་ཟུར་ཟ་དང་མ་རངས་པའི་སྐད་ཆ་དག་གིས་གཅིག་རྗེས་གཉིས་མཐུད་དུ་བོད་མི་ཚོའི་སེམས་ལ་ཕོག་ཐུག་དང་མ་སྐྱིད་པ་བཟོས་པ་མ་ཟད། བོད་མི་ཚོའི་དད་འདུན་ལ་རྡོག་རོལ་བཏང་བ་ཞིག་ཀྱང་ཡིན་སྟབས། བོད་མི་ཚོས་དེ་བཞིན་གྱི་རྣམ་འགྱུར་སྟོན་རྒྱུ་དེ་ངེས་པ་རེད། སྟོན་དགོས་པ་དེ་ཡང་རང་གི་དད་འདུན་ལ་ཁྱད་གསོད་བྱས་པ་ལས་བྱུང་ཡོད། ཀླུ་མཁར་བྱམས་ལ་ཅི་ཞིག་བཤད་མིན་གྱི་ཐོབ་ཐང་ཆ་ཚང་ཡོད་ཀྱང་། མིའི་དད་འདུན་ལ་རྡོལ་རོལ་གཏོང་ཆོག་པའི་ཐོབ་ཐང་ཞིག་གཏད་ནས་མེད་ན། གཞན་གྱི་དད་འདུན་ལ་གུས་བརྩི་མི་བྱེད་པ་དེ་ཁོའི་ནོར་འཁྲུལ་ཆེ་ཤོས་དེ་རེད།

ཡང་གཅིག་བཤད་ན། ༧གོང་ས་མཆོག་ནི་བོད་མིའི་ཆེད་དུ་སྡུག་པོ་མྱངས་ཤིང་དགུང་ལོ་གྱ་བཅུ་བར་དུ་དཀའ་ལས་བརྒྱབ་པའི་བོད་མི་ཚོའི་གཡོག་པོ་ཡག་ཤོས་དེ་རེད། ཁོང་གི་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ནི་ད་ལྟ་ས་འདིའི་སྒང་ལ་བོད་མི་རིགས་ཟེར་བ་ཞིག་འཚོ་ཡོད་ལ་བོད་དོན་ཟེར་བ་ཞིག་གནས་ཡོད་པ་འདི་གཅིག་རེད། གཉིས་ནས་༧གོང་ས་མཆོག་ནི་བཙན་བྱོལ་བ་ཞིག་གི་གནས་བབ་ལས་བརྒལ་ཏེ་རྒྱལ་སྤྱིས་གུས་བརྩི་ཐོབ་པའི་བོད་པ་དང་པོ་དེ་རེད། གུས་བརྩི་དེ་ཡང་ཁོང་གི་དགོངས་པ་བཞེས་སྟངས་དང་། ཕུལ་ཏུ་བྱུང་བའི་ཤེས་རབ། ཟོལ་མེད་རྣམ་དག་གི་ཐུགས་གཤིས་ལས་བྱུང་ཡོད།

བོད་མི་ཡ་ཁུང་ན་སེམས་པ་ཡོད་པ་ཞིག་ཡིན་ན་ནི། ད་ལྟའི་བོད་ཀྱི་གནས་བབ་འདི་༧གོང་ས་མཆོག་གི་བཀའ་དྲིན་དང་། ཁོང་གི་ཡང་དག་པའི་གཟི་བརྗིད་ལས་བྱུང་བ་ཡིན་པ་ངེས་པ་རྙེད་དེ་ཆེས་མཆོག་ཏུ་བཀུར་བཞིན་ཡོད། ཁོང་ལ་བླ་མེད་ཀྱིས་གུས་བརྩི་ཞུ་དོན་ཡང་རང་གི་མདུན་ལམ་དང་ཁེ་ཕན་ལ་ཐུག་ཡོད། རང་ལ་དྲིན་གྱིས་ལྕི་ཞིང་ཁོང་གི་གཟི་བརྗིད་འོག་འཚོ་བཞིན་པའི་མི་རིགས་ཤིག་མ་མཚོན་ན། དོན་ཏག་མེད་པར་ཚོད་ཚོད་ལ་ཁོང་ལ་ཟུར་ཟ་དང་མ་དགའ་བའི་སྐད་ཆ་ཤོད་འབྲི་ཡང་ཡང་བྱས་ན། བོད་མི་ཚོ་མ་སྐྱིད་པ་དང་སེམས་ཁྲལ་ངང་གནས་བཅུག་ཡོད། དེའི་རྐྱེན་གྱིས་རྣམ་འགྱུར་ཡང་སྟོན་རྒྱུ་ཡིན་པ་གཏན་འགེལ། འདི་དག་ཚང་མ་ཀླུ་མཁར་བྱམས་ཀྱིས་མི་གཞན་གྱི་་གུས་བརྩི་ལ་ཁྱད་གསོད་བྱས་པ་ལས་བྱུང་ཡོད། གཞན་གྱི་གུས་བརྩི་ལ་བརྩི་བཀུར་མི་བྱེད་པ་ནི་གཞན་དང་ཁ་གཏད་ཆགས་པའི་རྒྱུ་ཉག་གཅིག་དེ་ཡིན་ལ། དེས་སྤྱི་ཚོགས་ཀྱི་ལྷིང་འཇགས་དཀྲོགས་ཤིང་ལས་དོན་ལ་འགོག་རྐྱེན་བཟོ་བཞིན་ཡོད།

འགན་འཁྲི་དང་གནས་ལུགས་བརྩི་མི་དགོས་པའི་མང་གཙོ་དང་རང་དབང་གི་སྤྱི་ཚོགས་ཤིག་མེད་ཀྱང་། མི་སྐོར་ཞིག་གིས་བཙན་བྱོལ་སྤྱི་ཚོགས་འདི་འགན་འཁྲི་མེད་པར་གང་བྱུང་གང་དྲན་བྱེད་ཆོག་པའི་གནས་ཤིག་ཏུ་ཁྲིད་ཀྱིན་ཡོད་ཅིང་། འགན་འཁྲི་མེད་པའི་མི་ལ་རང་དབང་ཆེ་དྲགས་ན་ཐལ་དྲགས་པའི་གནད་དོན་བཟོ་བ་ཆོས་ཉིད་རེད། གནད་དོན་དེའི་བདེན་དཔང་དུ་ཀླུ་མཁར་བྱམས་གྱུར་ཡོད།

ད་དུང་ཞུ་དགོས་པ་ཞིག་ལ། ཀླུ་མཁར་བྱམས་ཀྱིས་ཁོའི་སྐད་ཆ་དེ་སྙན་ངག་ཅིག་ཡིན་ལ། དེ་ལ་སྙན་ངག་གི་ཁྱབ་ཁོངས་ནས་ལྟ་དགོས་རབ་བཤད་པ་ནི། ཚིག་ཤོར་སོང་ན་འཛིན་ཐབས་མེད་པའི་དཔེར་གྱུར་དུས། དེ་འགེབས་ཐབས་སུ་ཡས་བཤད་མས་བཤད་བརྒྱ་བྱས་ཀྱང་། ༼ ལོ་ ༡༡༣ ལ་འདུག་དགོས་པའི་མི་དེ་ཁྱེད་ཡིན།༽ ཟེར་བ་དེ་སྙན་ངག་ཅིག་གང་ཡང་མ་རེད་ལ། ཚིག་དེའི་ཤུགས་བསྟན་དུ་༧གོང་ས་མཆོག་ལོ་ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་མ་རེད་ཟེར་བ་དེ་རེད། ཐོས་ན་མི་འདོད་པའི་སྐད་ཆ་དེ་༧གོང་ས་མཆོག་གི་ཞལ་ནས་ལོ་ ༡༡༣ བཞུགས་ཐུབ་མིན་གང་ལྟར་ཡང་ལོ་བརྒྱ་ལ་བཞུགས་ཐུབ་ངེས་ཡིན་པ་ཞལ་ནས་གསུངས་པས། བོད་མི་ཚོ་དགའ་སྤྲོའི་ངང་གནས་བཞིན་པའི་སྐབས་ཏག་ཏག་ལ་ཀླུ་མཁར་བྱམས་ཀྱིས་སྐད་ཆ་དེ་བཤད་ཡོད། དེ་ནི་བསམ་བཞིན་དུ་འམ་ཆེད་དུ་ཅག་ཅག་བྱས་པ་ཤིག་རེད།

ཀླུ་མཁར་བྱམས་ཀྱི་སྐད་ཆ་དེས་སྤྱི་ཚོགས་ལ་བརྡབ་གསིག་མང་པོ་ཐེབས་ཤིང་། ལྷག་ཏུ་ཁག་གིས་དེ་གོ་སྐབས་ཤིག་ཏུ་བཟུང་སྟེ་༧གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་། བོད་མིའི་སྒྲིག་འཛུགས་བཅས་ལ་འདྲ་མིན་བཅོ་བརྒྱད་བཤད་སའི་ལྡིང་ཆ་ཞིག་ཏུ་གྱུར། ཁོས་སྙན་ངག་ཅིག་ཡིན་རབ་གླེང་བསྡད་པ་ལས་སྐབས་དང་དུས་སུ་མ་འཚམས་པར་གྱུར་འདུག་ན། དགོངས་སེལ་དང་སྦྲགས་ཚིག་དེ་འགྱུར་བ་གཏོང་བའམ་རྩོམ་དེ་ཕྱིར་བསྡུ་བྱས་ན་འགྲིག་མོད། དེ་ལྟར་བྱེད་པ་ཕར་ཞོག་དུ་དང་བོད་པའི་སྤྱི་ཚོགས་ལ་གསར་བརྗེ་ཞིག་དགོས་སྐོར་བརྗོད་དེ། རང་གི་བྱེད་སྟངས་ལ་དག་ཐེར་ཡེ་ནས་མི་བྱེད་པ་འདིས། ཁོས་སྤྱི་ཚོགས་དཀྲིག་རྒྱུ་ལས་གཞན་མཐུན་སྒྲིལ་དང་རྩ་དོན། བོད་ཀྱི་གནས་བབ་བཅས་ལ་འགན་ཁུར་ཞིག་མིན་པ་གསལ་བོ་ཆགས་ཡོད།

ཉེ་ཆར་སློབ་གཉེར་བ་དང་ཞིབ་འཇུག་པ་ཟེར་བ་སྐོར་ཞིག་གི་མིང་ཐོག་ནས་སྤེལ་པའི་ཡི་གེ་ཞིག་ཏུ། ཚོགས་པ་འགས་ཀླུ་མཁར་བྱམས་ཀྱི་ཐོག་ལ་བྱེད་སྟངས་དེ་མང་གཙོའི་འགྲོ་ལུགས་དང་མཐུན་གྱི་མེད་ཚུལ་བཤད་དེ་ཀླུ་མཁར་བྱམས་དཀར་སར་འདེད་ཀྱིན་འདུག་མོད། འོན་ཀྱང་ཁྱོད་ཚོའི་མང་གཙོ་དེ་འགན་འཁྲི་མེད་པའི་མང་གཙོ་ཞིག་ཡིན་ན་མ་གཏོགས། མང་གཙོའི་ལམ་སྲོལ་དུ་ཐོབ་ཐང་དང་འགན་འཁྲི་གཉིས་དོ་མཉམ་དུ་ཡོད་པ་ཡོངས་གྲགས་ཡིན་ན། ཀླུ་མཁར་བྱམས་ཀྱིས་འགན་འཁྲི་མེད་པའི་སྐད་ཆ་དག་གིས་བོད་མི་ཚོའི་སེམས་ལ་རྨ་ཁ་ག་ཚོད་བཟོས་ཡོད། མཐུན་སྒྲིལ་ལ་གཏོར་བཤིག་ག་ཚོད་བཏང་ཡོད། ལས་དོན་འགོག་རྐྱེན་ག་ཚོད་བཟོས་ཡོད། དེ་དག་བྱེད་འོས་པའི་ཐོབ་ཐང་ཞིག་ཡིན་ནམ། ཀླུ་མཁར་བྱམས་ལ་ཅིག་བྱེད་ཡོང་དུས་མང་གཙོའི་ཐོབ་ཐང་ཟེར་ནས་ཁ་གྲག་གིན་འདུག་ཀྱང་། ༧གོང་ས་མཆོག་ལ་ཟུར་ཟ་དང་མཚན་དམོད་ག་ཚོད་བྱས་ནའང་ཁྱོད་ཚོ་ཁུ་སིམ་མེར་འདུག་དོན་ཅི། ཚོགས་པ་འགས་བྱེད་སྟངས་དེ་འགྲིག་མེད་ན་དེ་ལྟར་བྱེད་དགོས་པ་དེ་སུས་བཟོས་པ་རེད། ཐོག་མར་ཀླུ་མཁར་བྱམས་ལ་ཉེན་བརྡ་གཏོང་དགོས་པ་མ་ཡིན་ནམ། ཁྱོད་ཚོས་ཁྱོན་ཡོངས་དང་གནས་སྟངས་ཁུང་དུ་མ་ཚུད་པའི་ཕྱོགས་ལྷུང་གི་བྱེད་སྟངས་དེས། མུ་མཐུད་དུ་ཀླུ་མཁར་བྱམས་ཀྱིས་སྤྱི་ཚོགས་དཀྲིག་པར་བསྐུལ་དེད་གཏོང་གི་ཡོད།

མདོར་ན། གླེང་རིན་མེད་པའི་མི་ཞིག་གླེང་ནས་ཕན་ཐོགས་མེད་པ་དེ་གནའ་ནས་ཤེས་མོད། འོན་ཏེ་ཆེས་མཆོག་ཏུ་བཀུར་བའི་༧གོང་ས་མཆོག་ལ་ཟུར་ཟ་དང་མ་རངས་པའི་སྐད་ཆ་བསྟུན་མར་བཤད་ཡོང་དུས། གནས་ལུགས་དང་རྒྱུ་མཚན་གྱིས་ལྕི་བའི་ཚིག་འགའ་རང་བཞིན་གྱིས་ཤོར་སོང་ལ། དེ་ནི་མང་གཙོ་དང་རང་དབང་གི་སྤྱི་ཚོགས་འདིའི་དཔལ་ཡོན་དུ་སྤྲོའོ།།

བསྐྱར་བཅོས།: ༢༠༡༧/༠༣/༡༦

Leave a Reply

10 thoughts on “ཀླུ་མཁར་བྱམས་འདི་ན་བྲིས་ཡོད།

  1. གངས་དཀར་རྒྱལ་སྲས།

    གོང་གི་རྩོམ་ཡིག་དེའི་ནང་ནས་ཀླུ་མཁར་བྱམས་བྲིས་ཡོད་པ་ཞིག་མཐོང་མ་སོང། ཁྱོད་རང་གི་འདོད་ཚུལ་ཞིག་རྐྱང་རྐྱང་རེད། དེའང་འགའ་རེས་བདེན་པར་འདོད་པ་དང་འགའ་རེས་བདེན་པར་་མི་འདོད་པ་བྱེད་གི་རེད། རྒྱུ་མཚན་ནི་སྤྱི་ཚོགས་འདིའི་ནང་གི་བསམ་བློའི་ནུས་སྟོབས་ཞན་དྲགས་པས་ཡིན་རྒྱུ་རེད།

  2. ༄༅། ཀླུ་དཀར་བྱམས་ཟེར་བ་ནས་རྗིག་མདོག་དང། མཁས་མདོག་། ཪིག་གནས་ཀྱིས་ཕྱུག་པའི་སྐོར་ག་ཚོད་
    ཡོད་མདོག་བཤད་ཀྱང་ལྗིད་ཁོག་གཏན་ནས་མི་འདུག་ ཁོའི་རྒྱབ་ཏུ་སུ་ཡོད་མེད་བལྟ་དགོས་སྙམ།
    བཤད་རྒྱུ་དང་། བདེན་པ་བརྡར་རྒྱུ་ཡོད་ན་་་་་ཕར་ཕྱོགས་ལ་མཛུམ་མོ་བཙུགས་ནས་ཤོད།
    ཁྱོད་སྐད་ཆ་དྲང་པོ་བཤད་མཁན་ཞིག་ཡིན་ས་མ་རེད། རང་དོན་ཁོག་བཅུག་རང་རེད་འདུག་
    ཡིན་མིན་དཔྱད་དགོས།

  3. ཐོས་པ་དགའ།

    ཀླུ་མཁར་བྱམས་ཀྱིས་བོད་མི་རིགས་ལ་སྔར་འགྱོད་ཕྱི་སྡོམ་གྱི་ཁས་ལེམ་གཙང་མ་མ་བྱས་པར་དུ། དུས་གཏན་དུ་ངའི་དགྲ་བོ་ཡིན།

  4. བོད་མི་རིགས་ཀྱི་ཆེད་སྐད་ཆ་བཤད་སྐབས་་་་་་བོད་མི་སུ་ཡིན་རུང་འདྲ་མཉམ་ལས་དམིགས་གསལ་གང་ཡང་མེད་ཟླ

  5. གྲོགས་པོ་དེ་བདེན།་་་་་རྒྱབ་སྐྱོར་ཡོད། སྔར་ནས་ད་བར་དགུང་ལོ་ ༡༡༣ ཞེས་འབོད་པ་དེ་༸གོང་ས་མཆོག་ལ་མ་གཏོགས་འབོད་མྱོང་མེད་པས་དེས་ན་མཚན་སྨོད་ཡིན་པ་གསལ་པོ་རེད། བཀྲིན་ལ་བསམ་ཤེས་མེད་པ། དྲིན་ལན་ལོག་འཇལ ཨ་ཁ་ཁ།་་་་ལས་དབང་བཙན་པོས་ཐག་གཅོད་བྱ་ངེས། མི་སུ་འདྲ་ཞིག་གིས་༸གོང་ས་མཆོག་ལ་བདེན་མིན་གྱི་མཚན་སྨོད་བྱེད་པའི་ཐོབ་ཐང་དང་གནས་ཚད་དེ་མེད་པས་གང་ཟག་དེ་རྣམས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

  6. འབྲོག་གཅེར་བུ།

    ད་ལྟ་མཐོ་རིམ་སློབ་གཉེར་བ་ཡིན་ཟེར་བ་ཁག་ཅིག་གིས་ཀླུ་བྱམས་ཀྱི་རྒྱབ་ལངས་ཡིན་མདོག་སྟོན་པའི་ཡིག་འཁྱར་དེ་ལ་ཁུངས་ཞིག་ཨེ་ཡོད་འདོད་བྱུང་། རྒྱུ་མཚན་མིང་དང་མཐོ་སློབ་ཀྱི་མིང་ཙམ་ལས་མི་འདུག་ན་འདི་མི་རེ་གཉིས་ཤིག་གིས་རྫུན་སྒྲིག་བྱས་པར་དོགས་པ་ཡོད། མཚན་རྟགས་དང་འབྲེལ་གཏུགས་ཁ་པར་ཡང་ན་ཡིག་ཟམ་སོགས་གང་ཡང་མེད་པར་ཁྱད་མཚར་ཞིག་མ་རེད་དམ། དེ་རིང་སང་མི་མང་ཕར་བ་ཞིག་ཡིན་ནའང་པར་དང་ཁ་པར་མཚན་རྟགས་ལྡན་མ་རེད། རང་རེའི་མཐོ་སློབ་འདི་དག་ལ་ཆ་རྐྱེན་འདིའང་མེད་སོང་བ་ཨེ་རེད། ཉེ་ཆར་གྲོས་ཚོགས་གི་ལྡིང་ཆ་བྱད་ནས་སྤྱི་འཐུས་རེ་ཟུང་གིས་ཀྱང་ཡིག་འཁྱར་འདི་གནམ་ལ་ཕྱར་གྱིན་འདུག ཁུངས་སྐྱེལ་བྱེད་ཐུབ་ཀྱི་ཡོད་དམ།
    རྔ་བ་བློ་བརྟན་ལགས་ཀྱི་གསུང་བ་འདི་བོད་མི་མང་གི་སེམས་འདུན་ངོ་མ་བོ་རེད། ངས་འདི་ནས་གཞི་བྱེས་གཉིས་ཀྱི་བོད་རིགས་རྣམས་པར་ཞུ་རྒྱུར། ཚང་མས་རྟགས་དཔྱད་དང་ཞིབ་འཇུག་ཡོད་པའི་ཐོག་ནས་སྤྱི་དོན་བཤད་པ་ལས་རི་བོང་ཅལ་འདྲོགས་བྱས་ན་གྱོང་དེ་སྤྱི་བར་ཕོག་གི་རེད་ཅེས་ཞུ་འདོད་བྱུང་།

  7. ཀླུ་མཁར་བྱམས་མྱི་མ་རེད། ཁྱི་རེད། ཁྱི་རྒན་གྱིས་བཟང་ངན་གྱི་དབྱེ་བ་འབྱེད་མི་ཤེས། ཁ་ལག་སུས་སྤྲད་ན་དེ་ཕྱོགས་སུ་འགྲོ་བ་ནང་བཞིན། རྒྱབ་ནས་གཅིག་གིས་འདི་བྱོས་དེ་མ་བྱེད་ཟེར་གྱི་ཡོད། ཁོ་རང་ཉིད་ཀྱིས་བཟང་ངན་གྱི་དབྱེ་བ་མི་ཤེས་པར་ཁིྱ་བཞིན་རྒྱུགས་ཀྱི་ཡོད་པ་བོད་མི་ཀུན་གྱིས་ཤེས་ཀྱི་ཡོད་རེད།་

  8. རྡོ་རིང་བསྟན་འཛིན་ཕུན་ཚོགས་

    རྔ་བ་བློ་གྲོས་རབ་བརྟན་ལགས་ནས་རྒྱུ་མཚན་ལྡན་པའི་རྩོམ་ཞིག་བྲིས་འདུག