བཀའ་ཤག་གིས་འགན་འཁུར་བའི་ཐོག་ནས་གྲོས་ཚོཊ་ལས་ཕྱིར་ཐོན་པ་ཡིན།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འོས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་སྙན་ཐོར་ངོ་རྒོལ་བྱས་ཏེ་གྲོས་ཚོགས་ནས་ཕྱིར་ཐོན་པ་དེ་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་གནས་སྟངས་ལྟ་བུ་ཞིག་ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུར་མི་ཡོང་བའི་ཆེད་དུ་ཡིན་སྐོར་གསལ་བཤད་གནང་སོང་།
དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་ ༦ པའི་སྔ་དྲོར། བཀའ་ཤག་ནས་གྲོས་ཚོགས་ལ་ཆ་ཤས་བླངས་ཏེ་ལས་ཉིན་ལྔ་པའི་སྔ་དྲོར་གྲོས་ཚོགས་ནས་ཕྱིར་ཐོན་པ་དེར་སྲིད་སྐྱོང་མཆོག་ནས་གསལ་བཤད་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་འདས་པའི་ཉམས་མྱོང་གཞིར་བཞག་སྟེ་མ་འོངས་པར་འགན་འཁུར་བའི་ཐོག་ནས་ཕྱིར་ཐོན་ཡོད་སྐོར་གསུངས་དོན། སྲིད་སྐྱོང་གི་གཙོས་པའི་བཀའ་བློན་རྣམ་པ་མར་ཐོན་སོང་བ་དེ་ཚོགས་གཙོ་ལ་གུས་བརྩི་མ་ཞུས་པ་དང་། གྲོས་ཚོགས་ལ་དོ་ཕོག་གནང་བའི་ཆེད་དུ་རྩ་བ་ནས་མིན། གལ་ཏེ་བཀའ་ཤག་གི་དམིགས་ཡུལ་དེ་ཡིན་ན་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་དཔལ་འབྱོར་བཀའ་བློན་མཆོག་ཆགས་ཡོད་པ་དང་། ཐོག་མ་ནས་ཚོགས་ཆུང་ནང་ཕྱག་བརྐྱངས་ཏེ་སྤྱི་འཐུས་གསུམ་གྱིས་འོས་ཐེངས་གཉིས་བླུགས་ནས་འགྲོ་ཡི་ཡིན་ལབ་དུས། བཀའ་ཤག་དང་འོས་བསྡུ་ལས་ཁང་གི་མངོན་འདོད་དང་རེ་བ་མ་འགྲུབ་པ་རེད། རེ་འདོད་མ་འགྲུབ་པར་བརྟེན་དཔལ་འབྱོར་བཀའ་བློན་མཆོག་གིས་ཚོགས་གཙོ་ནས་དགོངས་པ་ཞུས་བཞག་པ་ཡིན་ན། ཕྱོགས་གཅིག་ནས་ཚོགས་ཆུང་གི་ཚོགས་གཙོ་མེད་པ་ཆགས་འགྲོ་ཡི་ཡོད་པ་དང་། ཕྱོགས་གཉིས་ནས་བཀའ་ཤག་གི་སྐུ་ཚབ་དགོས་ཀྱི་ཡོད་ཅེས་གསུངས་ཡོད་དུས། བཀའ་ཤག་གི་སྐུ་ཚབ་མེད་ན་ཚོགས་ཆུང་དེ་འཐོར་འགྲོ་བ་དང་། ནུས་མེད་ཆགས་འགྲོ་ཡི་ཡོད་པས་དེ་དུས་བཀག་ན་འགོག་ཆོག་གི་ཡོད་པ་རེད།  ཡིན་ཡང་རྩ་བ་ནས་བཀག་མེད། གང་ཡིན་ཟེར་ན། ང་ཚོའི་དགོས་འདོད་དེ་འོས་ཐེངས་གཅིག་བླུགས་རྒྱུ་དེ་རེད། ཡིན་ནའང་། འགྲོ་སྟངས་ལྟར་ཚོགས་ཆུང་ནང་མང་མོས་ཀྱི་ཐོག་ནས་ཕྱིན་འདུག་པས་དེ་རང་བྱས་ནས་བཞག་ཤོག གྲོས་ཚོགས་ཚོགས་པའི་སྐབས་ལ་བཀའ་ཤག་དང་འོས་བསྡུ་ལས་ཁང་གི་དགོས་འདོད་ཡང་བསྐྱར་ཞུ་ཆོག་གི་རེད་ཅེས་དཔལ་འབྱོར་བཀའ་བློན་མུ་མཐུད་ཚོགས་ཆུང་ནང་བཞུགས་ཡོད་པ་རེད། སྐབས་དེར་ཚོགས་གཙོས་དགོངས་པ་ཞུས་བཞག་ན་ད་ལན་ཁྲིམས་འཆར་སླེབ་ཀྱི་ཡོད་མེད་དྲི་བ་ཞིག་ཆགས་ཡོད་པར་བརྟེན། གྲོས་ཚོགས་ལ་དོ་ཕོག་གཏོང་བ་དང་ང་རང་ཚོའི་དགོས་འདོད་དེ་རང་དགོས་ཀྱི་ཡོད་ཟེར་བ་ཡིན་ན་དེ་དུས་ནས་ཕྱིར་འཐེན་བྱས་ན་བྱེད་ཆོག་གི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། ང་ཚོ་ལ་དགོས་པ་དེ་ག་རེ་རེད་ཟེར་ན། འོས་ཐེངས་གཅིག་བླུགས་ན་རྦད་དེ་ཕན་ཐོགས་ཀྱི་ཡོད་པ་དང་། ཐེངས་གཉིས་བླུགས་ན་འགྲིག་གི་མི་འདུག་ཅེས་ཞུས་བ་གཙོ་བོ་དེ་རེད། ཚང་མས་མཁྱེན་གྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་འོས་བསྡུའི་སྐབས་རྙོག་གླེང་ཆེན་པོ་ཞེ་དྲགས་བྱུང་བ་རེད། ༧གོང་ས་མཆོག་གི་ཐུགས་ཕམ་པ་རེད། སྤྱི་ཚོགས་ནང་བརྡབ་གསིག་ཉེ་བའི་ལོ་རྒྱུས་ནང་དེ་ལས་ཆེ་བ་བྱུང་མྱོང་ཡོད་པ་མ་རེད། ནེའུ་ཡོག་དུས་བབ་ཀྱི་ཐོག་ཏུ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་ཀྱང་ཐོན་ཡོད་པར་བརྟེན། མ་འོངས་པར་དེ་འདྲ་མི་ཡོང་བའི་འགན་འཁུར་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་ལ། འགན་འཁུར་རྒྱུར་ད་ལན་འོས་བསྡུ་ཡི་ཁྲིམས་འཆར་དེར་འགྱུར་བ་གཏོང་རྒྱུ་རྩ་ཆེ་ཤོས་རྩི་ཡི་ཡོད། བཀའ་ཤག་གི་ཐོག་ནས་བཅའ་ཁྲིམས་ཕུལ་ཡོད་པ་དང་། དེའི་ཁྲོད་ཀྱི་གལ་ཤོས་ནང་གི་ཆེ་ཤོས་འོས་བསྡུའི་ཁྲིམས་འཆར་དེར་འགྱུར་བ་གཏོང་རྒྱུ་དེ་རྩི་ཡི་ཡོད། གྲོས་ཚོགས་ར་བའི་ནང་དུའང་ཐེངས་གཉིས་བླུགས་ན་འདི་འདྲ་བྱེད་ཀྱི་འདུག་ཅེས་ཟིན་བྲིས་འབྱོར་ཡོད་པ་དང་། དེ་བཞིན་ཐེངས་གཅིག་བླུགས་ན་དེ་འདྲ་ཞིག་ཡོང་གི་རེད་ཅེས་ཞིབ་ཅིང་ཕྲ་བ་ཞིག་ཡོད་པ་ཡིན་ན། བཀུར་འོས་སྤྱི་འཐུས་རྣམ་པར་གདམ་ག་གསལ་པོ་ཡོང་གི་རེད་ལ བགྲོ་གླེང་མཐར་ཕྱིན་ཡོང་གི་ཡོད་པས་མཐར་ཐུགས་ཐག་ག་རེ་གཅོད་ཀྱི་ཡོད་པ་དེ་ཆོད་པ་རེད། ཡིན་ནའང་། ད་ལན་འོས་ཐེངས་གཉིས་བླུགས་པའི་ཟིན་བྲིས་འབྱོར་བསྡད་ཡོད་པས། འོས་ཐེངས་གཅིག་བླུགས་རྒྱུ་གཞིར་བཞག་སྟེ་འགྱུར་བ་དེ་འདྲ་བཏང་བ་ཡིན་ན་དེ་ར་མ་ལུག་ཆགས་པའི་ཉེན་ཁ་ཡོད་པ་དང་། དེ་བཞིན་འོས་ཐེངས་གཅིག་བླུགས་རྒྱུ་གཞིར་བཞག་སྟེ་ཐེངས་གཉིས་བླུགས་པའི་ཐོག་བགྲོ་གླེང་བྱས་པ་ཡིན་ན་དེ་ཡང་ར་མ་ལུག་ཆགས་པའི་ཉེན་ཁ་ཡོད་པ་རེད། ཅེས་དང་། སྲིད་སྐྱོང་ཁོང་སྐུ་སྒེར་ལ་ཁྱད་པར་གང་ཡང་མེད་ཀྱང་འདས་པའི་འོས་བསྡུའི་ཐོག་ནས་ཉམས་མྱོང་ཆེ་ཤོས་བསགས་པ་དང་། བོད་མི་ཞིག་ཡིན་པའི་ཆ་ནས་ཕྱི་ལོ་ ༢༠༡༦ ལོའི་གནས་སྟངས་དེ་ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུའི་སྐབས་མི་ཡོང་བའི་ཆེད་དུ་འགན་འཁུར་བའི་ཐོག་ནས་ཞུ་ཡི་ཡོད་སྐོར་སོགས་གསུངས་སོང་།

སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་དང་ལམ་སྟོན་ནང་འོས་བསྡུ་ཐེངས་གཅིག་འགྲོ་དགོས་པའི་སྐོར་བསླེབས་ཡོད་ཀྱང་། མཐའ་མའི་ཐག་གཅོད་དེ་འཆར་ཟིན་ཚོགས་ཆུང་ནས་གོ་བསྡུར་བྱས་ཏེ་སྤྱི་མོས་སམ་མང་མོས་ཀྱི་ཐོག་ནས་ཕྱིན་པའི་གྲོས་ཆོད་ཀྱི་དགོངས་དོན་གྲོས་ཚོགས་ནང་ཕེབས་རྒྱུ་མ་གཏོགས་དེ་ལ་གནོན་ཤུགས་སྤྲད་དེ་འགྱུར་བ་གཏོང་བའི་ལམ་ལུགས་མེད་ལ། འགྱུར་བ་དེ་འདྲ་གཏོང་ཡང་ཆོག་གི་མེད་སྐོར་དང་། ཁྲིམས་བཟོའི་ལས་དོན་དེ་ལས་རིམ་གཞན་གྱིས་བར་གཅོད་མི་ཐུབ་པར་ཏག་ཏག་འགྲོ་དགོས་པའི་སྒྲིག་གཞི་བཟོས་ཡོད་ཀྱང་། ལས་རིམ་ཏག་ཏག་འགྲོ་མ་ཐུབ་ན་གྲོས་ཚོགས་ཀྱི་ལས་འགན་འགྲུབ་ཐུབ་ཀྱི་མེད་པ་དང་། ལྷག་པར་དུ་གྲོས་ཚོགས་ལ་ཁྲིམས་སྒྲིག་བཟོ་བའི་དབང་ཚད་དམིགས་བསལ་བ་ཞིག་ཡོད་སྟབས། གྲོས་ཚོགས་ཀྱི་རྣམ་དཔྱོད་དེའི་ཐོག་ལ་འབུར་དུ་འདོན་ཐུབ་དགོས་པ་དེ་དཔེ་གལ་ཆེན་པོ་ཡིན་པ་དང་། དེ་ལ་ཕྱི་ནང་སུས་གནོན་ཤུགས་སྤྲོད་པ་དང་དོ་ཕོག་བཏང་ན་ཁྲིམས་སྒྲིག་གི་དགོངས་དོན་དང་འགྲོ་སྟངས་ཀྱི་ཐོག་ནས་ཏག་ཏག་མ་བསྡད་ཅིག་ཡིན་པར་བརྟེན། ཁ་སང་འོས་བསྡུའི་ཁྲིམས་འཆར་ཐོག་ནས་བརྗོད་པ་དང་པོ་ཟིན་ཏེ་བརྗོད་པ་གཉིས་པ་མགོ་མ་བཙུགས་གོང་དུ་སྙན་ཐོ་དེ་ཏག་ཏག་བསྡད་ཀྱི་མི་འདུག བསྐྱར་དུ་ཚོགས་ཆུང་ལ་གཏོང་དགོས་ཀྱི་འདུག་དང་མི་འདུག སྙན་ཐོ་དེ་དོན་ཚན་རེ་རེ་བཞིན་དུ་གཏན་འབེབས་དགོས་ཀྱི་འདུག་དང་མི་འདུག་གི་གདམ་ག་གཅིག་ཡོད་པ་དང་། དེ་བཞིན་བརྗོད་པ་གཉིས་པ་མགོ་བཙུགས་ཟིན་རྗེས་ཀྱང་བཀུར་འོས་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་ནས་བཟོ་བཅོས་གྲོས་འཆར་ཆ་ཚང་འཁུར་བའི་གོ་སྐབས་ཡོད་ལ། བཟོ་བཅོས་གྲོས་འཆར་ཆ་ཚང་བསྣམ་ཕེབས་པ་ཡིན་ན་ཕྱོགས་གཉིས་ཀ་ནས་དགོངས་ཚུལ་གསུང་སྟེ་བགྲོ་གླེང་ཆ་ཚང་གནང་ཆོག་གི་ཡོད་པ་རེད། ཡིན་ནའང་། ཚོགས་ཆུང་གཅིག་གི་སྙན་ཐོ་འཁུར་ཡོང་ན་ཁྲིམས་སྒྲིག་བཟོ་སྟངས་དང་གཏན་འབེབས་བྱེད་སྟངས་ཀྱི་ཐོག་ནས་བགྲོ་གླེང་དེ་བྱེད་པའི་ལམ་ཀ་མེད་སྐོར་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༢༠

Leave a Reply

3 thoughts on “བཀའ་ཤག་གིས་འགན་འཁུར་བའི་ཐོག་ནས་གྲོས་ཚོཊ་ལས་ཕྱིར་ཐོན་པ་ཡིན།

  1. “སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འོས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་སྙན་ཐོར་ངོ་རྒོལ་བྱས་ཏེ་གྲོས་ཚོགས་ནས་ཕྱིར་ཐོན་” པ་དེའི་སྐོར་ལ་གསལ་བཤད་དེ་དག་དག་ཅིག་བསྡད་མེད་པ་འདྲ་བོ་འདུག་བློ་རིག་དང་དོ་སྣང་ཡོད་མཁན་ཚོས་དཔྱད་ཞིབ་བྱེད་རོགས།
    ང་མི་སེར་དཀྱུས་མ་ཞིག་གི་བསམ་ཚུལ་ལ། གསལ་བྱེད་དེ་ཀློག་དུས་གྲོས་ཚོགས་ཚོགས་འདུའི་སྐབས་སུ་ཕྱི་ལ་ཐོན་དགོས་པ་ཞིག་གཏན་ནས་མ་རེད། ཁ་ཡག་པོ་ག་འདྲ་བཤད་ཀྱང་གྲོས་ཚོགས་འཐུས་མི་ལ་ངོ་རྒོལ་མིན་ན་ཚོགས་འདུ་ནས་འགྲོ་དགོས་དོན་མེད་ལ། གྲོས་ཚོགས་ལ་ངོ་རྒོལ་བྱས་ན་མང་ཚོགས་ལ་ངོ་རྒོལ་བྱས་པ་ཡིན་པ་ཤེས་པར་བྱ་དགོས།

    “འོས་ཐེངས་གཅིག་བླུགས་ན་རྦད་དེ་ཕན་ཐོགས་ཀྱི་ཡོད་པ་དང་། ཐེངས་གཉིས་བླུགས་ན་འགྲིག་གི་མི་འདུག་ཅེས་ཞུས་བ་གཙོ་བོ་དེ་རེད། ཚང་མས་མཁྱེན་གྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་འོས་བསྡུའི་སྐབས་རྙོག་གླེང་ཆེན་པོ་ཞེ་དྲགས་བྱུང་བ་རེད། ༧གོང་ས་མཆོག་གི་ཐུགས་ཕམ་པ་རེད། སྤྱི་ཚོགས་ནང་བརྡབ་གསིག་ཉེ་བའི་ལོ་རྒྱུས་ནང་དེ་ལས་ཆེ་བ་བྱུང་མྱོང་ཡོད་པ་མ་རེད། ” ཅེས་པ་འདི་ལ་བསམ་ཚུལ་ཞིག་བྱུང་། འོས་ཐེངས་གཅིག་བླུགས་ན་དེ་ལས་རྫོབ་ཆེན་འབྱུང་གི་རེད། ཐེངས་གཅིག་བླུག་པ་ཙམ་གྱིས་ཡག་ཉེས་ཀྱི་བརྡར་ཤ་གཅོད་མི་ཐུབ། ད་ལྟའི་ང་ཚོའི་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་བ་གླང་དང་མཉམ་དུ་རི་མགོ་དང་། གཤོས་ལྕགས་དང་མཉམ་དུ་ཞིང་ཁ་ན་ཡོད་པ་དེ་ཤེས་དགོས།
    ཕྱོགས་ཞེན་ཁོ་ནའི་དབང་དུ་སོང་ན་མ་གཏོགས། ཤེས་ཡོན་མེད་ཀྱང་། བསམ་བློ་གནད་དུ་འབབ་པའི་དུས་ཡུན་བསྲིང་ན་སྔོན་འགྲོའི་འོས་བསྡུ་ལ་ནོར་ཡང་། དངོས་གཞིའི་སྐབས་སུ་མི་ནོར་བ་ཡོང་བ་དེ་གསལ་གསལ་ཐིང་ཐིང་རེད། ང་རང་ལ་མཚོན་ན་ཐེངས་གཉིས་དེ་ཧ་ལས་པའི་ཡག་པོ་བྱུང་། ཐེངས་གཉིས་དེ་མེད་ན་ཕ་རོལ་འོས་མིར་ལངས་མཁན་དེ་ག་འདྲ་ཡིན་མིན་གསལ་ཆ་ཡོང་མི་ཐུབ་པ་ཞིག་རེད། འོས་ལངས་མཁན་ལ་མཚོན་ན་རྒྱལ་ཁ་དང་། ང་ཚོ་སྤྱིའི་རྒྱབ་ལྗོངས་ལ་མཚོན་ན་མགོ་མཇུག་ལྡོག་པའི་ཉེན་ཁ་ཅན་ཞིག་རེད།

  2. དངོས་གནས་སྤྱི་འཐུས་ཚོགས་གཙོ་དེ་འབུམ་རམས་པ་ཐོན་པ་ལས་ཆབ་སྲིད་དང་། ཁྲིམས་དང་སྒྲིག་་གཞི་སོགས་མཁྱེན་བརྒྱ་ཆེ་བ་འདུག

    1. སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་ཕྱིར་ཐོན་པ་དེ་གྲོས་ཚོགས་ལ་གུས་རྩིས་མ་བྱས་པ་ཞིག་མིན་ལུགས་དང་། དེའི་གོང་ནས་དཔལ་འབྱོར་བཀའ་བློན་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་ནས་ཕྱིར་འཐེན་བྱས་ནའང་འགྲིགས་སོགས་འགྲེལ་བཤད་རིང་པོ་ཞིག་གནང་སོང་། དེ་དག་ནི་དོན་དངོས་དང་མཐུན་པ་ཞིག་མིན་པ་མ་ཟད། མུ་མཐུད་སོ་སོའི་འདོད་ཕྱོགས་དེ་ཡང་དག་པ་ཞིག་དང་མང་མོས་ལ་གུས་རྩིས་མེད་པའི་གཏམ་བཤད་ཙམ་ལས་འོས་བསྡུ་ཐེངས་གཅིག་བྱས་པ་དེས་དཀའ་ངལ་སེལ་བའི་གནས་ལུགས་གསལ་བཤད་གང་ཡང་མི་འདུག དཔེ་དང་དཔེ་མཚོན་མ་མཚུངས་པའི་གནས་ལུགས་མང་པོ་གསུངས་པ་དེ་ནི་སོ་སོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་བཙན་བྱོལ་བའི་སྒྲིག་འཛུགས་ཡིན་པའི་གནས་ལུགས་དེ་སྲིད་སྐྱོང་གིས་བརྗེད་པ་མིན་ནམ་སྙམ། དང་པོ་འདས་པའི་འོས་བསྡུའི་དཀའ་ངལ་དེ་སྒྲིག་གཞི་ལ་བརྟེན་ནས་བྱུང་བའི་དཀའ་ངལ་ཞིག་གཏན་ནས་མ་རེད། དཀའ་ངལ་དེའི་འབྱུང་ཁུངས་ནི་འོས་མི་དང་དེ་དག་ལ་རྒྱབ་སྐྱོར་བྱེད་མཁན་ཆོལ་ཁའི་ཕྱོགས་ཞེན་ཅན་ཚོས་བྱས་རྗེས་ཤིག་རེད། འོས་མི་ཚོས་འོས་བསྡུའི་སྒྲིག་གཞི་ལ་གུས་རྩིས་ཞུས་ཡོད་ན་དཀའ་ངལ་དེ་དག་གཅུང་ཙམ་ལས་ཡོང་གི་མ་རེད་ཅེས་བརྗོད་ཆོག་པ་ཡིན། དཀའ་ངལ་དེའི་འབྱུང་གཞི་གཞན་གཅིག་ནི་མང་ཚོགས་ཀྱིས་སྔོན་འགྲོའི་འོས་བསྡུ་མ་བྱས་གོང་སྐྱེ་བོ་སྒེར་གྱིས་འོས་མིར་རང་འགུལ་གསལ་བསྒྲགས་བྱས་པ་དང་ཚོགས་སྡེ་སོགས་ཀྱིས་འོས་མི་གསལ་བསྒྲགས་བྱས་པ་དེ་རེད། འོས་བསྡུ་ཐེངས་གཅིག་གནང་བ་ཡིན་འོས་གཞི་འདོན་ཕྱོགས་དང་འོས་མི་གཏན་འཁེལ་གནང་ཕྱོགས་སོགས་ལ་བཀའ་ཤག་གིས་དགོངས་ཚུལ་གང་ཡོད། དེ་རགས་འགོག་ཐབས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གིས་དགོངས་འཆར་གནང་ཡོད་རེ། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསལ་བཤད་དང་གྲོས་ཚོགས་ནས་ཕྱིར་ཐོན་པ་བཅས་ནི་གྲོས་ཚོགས་ལ་གནོན་ཤུགས་སྤྲོད་ཐབས་གནང་གི་ཡོད་པ་དང་། དེ་ལྟར་མིན་ཚེ་འོས་བསྡུ་གཅིག་བྱེད་དགོས་པ་ཞེས་པ་དེ་རྒྱུ་མཚན་དུ་འཁྱེར་ནས་གྲོས་ཚོགས་ཀྱི་དུས་ཚོད་འཕྲོ་བརླག་གཏོང་དགོས་དོན་མེད། སྤྱི་འཐུས་རྣམས་ཀྱིས་ཁྲིམས་འཆར་ལ་བགྲོ་གླེང་གནང་སྐབས་དངོས་ཡོད་གནས་སྟངས་དང་ལག་ལེན་དོན་འཁྱོལ་ཐུབ་མིན་སོགས་ལ་བསམ་ཞིབ་ནན་ཏན་གནང་རྒྱུའི་རེ་བ་ཡོད། སྲིད་སྐྱོང་གིས་དཔལ་འབྱོར་བཀའ་བློན་ཚོགས་ཆུང་ནས་དགོངས་པ་ཞུ་དགོས་པར་བཀའ་ཤག་གིས་གསུངས་ཆོག་ཀྱང་གསུངས་མེད་ཅེས་པ་དེས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་དེ་རང་དབང་ཅན་གྱི་ཚོགས་ཆུང་ཡིན་མིན་དྲི་བ་ཆེན་པོ་ཞིག་རེད། ལར་ནས་དཔལ་འབྱོར་བཀའ་བློན་བཀའ་ཤག་གི་སྐུ་ཚབ་ཡིན་གྱི་མ་རེད་ལ་བཀའ་ཤག་གིས་ཚོགས་ཆུང་ལ་བཀའ་གཏོང་ཡང་ཆོག་གི་ཡོད་ཀྱི་མ་རེད། གང་ལགས་ཞེ་ན་ཚོགས་ཆུང་དེ་ནི་སྤྱི་འཐུས་གྲོས་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ཚོགས་གཙོ་སྦྲེལ་པོས་བཀོད་མངགས་ཐོག་བཙུགས་པའི་ཚོགས་ཆུང་ཞིག་རེད།