སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་སྐུ་གྲོངས།

གཞུང་ཞབས་རྩེ་དྲུང་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་སྙུང་གཞིའི་རྐྱེན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཟིམ་ཁང་དུ་སྐུ་གྲོངས་ཡོད་འདུག

Image may contain: 1 person, sitting

ཕྱི་ལོ་ ༡༣ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩།༠༥ ཙམ་གྱི་ཐོག གཞུང་ཞབས་རྩེ་དྲུང་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་རྒྱ་གར་གྱི་རྒྱལ་ ས་ལྡི་ལིར་ཡོད་པའི་གཟིམ་ཁང་དུ་དབུགས་འཚང་གི་སྙུང་གཞིའི་རྐྱེན་པས་སྐུ་གྲོངས་ ཡོད་པ་དང་། མཆོག་དང་འབྲེལ་འདྲིས་ཆེ་བའི་ལྡི་ལིར་གནས་སྡོད་སྐལ་བཟང་འཇིགས་མེད་ལགས་ཀྱིས་འདི་གའི་གསར་འགོད་པར། སྐུ་ངོ་དུས་དབང་ཞུ་རུ་ཕེབས་ཏེ་ཕྱིར་ལྡི་ལིར་འབྱོར་ནས་ཉིན་གྲངས་ ༢ ཙམ་གྱི་མཚམས་སུ་གློ་བུར་དུ་དབུགས་གཏོང་ཁག་པོ་ཆགས་ཡོད་པ་དང་། དེ་ནས་ལྡི་ལིའི་(Holy Family Hospital)སྨན་ཁང་དུ་བདུན་ཕྲག་གཅིག་ཙམ་རིང་བཞུགས་རྗེས། སྨན་ཁང་གི་ལམ་སྟོན་ལྟར་ཕྱིར་གཟིམ་ཁང་དུ་གདན་འདྲེན་ཞུས་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་གྱི་དགོང་མོར་གཟིམ་ཤག་ཏུ་སྐུ་གྲོངས་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། སྐུ་ངོ་ལྡི་ལིར་བཞུགས་པའི་རིང་རྒྱུན་དུ་དཔེ་མཛོད་ཁང་དུ་ཕེབས་ཀྱི་ཡོད་པ་དང་། སྔོན་མ་སྐུ་ངོ་པེ་ཅིན་དུ་བཞུགས་སྐབས་རྒྱལ་ཕྱིའི་རླུང་འཕྲིན་བརྒྱུད་ཟིན་ཐོ་ རུ་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་(Universal declaration Human right) ཞེས་པའི་དཔེ་དེབ་ཅིག་དང་། སྣར་སྐྱིད་ཚིག་མཛོད་བཅས་བརྩམས་གནང་སྟེ་ད་ལྟ་པར་སྐྲུན་ཞུ་རྒྱུའི་མཚམས་སུ་སླེབས་ཡོད་བཅས་བརྗོད་བྱུང་།

སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་བོད་ལྷོ་ཁ་རྩེད་ཐང་དུ་ཕྱི་ལོ་ ༡༩༣༡ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༠ ནས་ ༡༩༥༢ བར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དྲུང་ནས་བོད་ཀྱི་ལོ་རྒྱུས་དང་སྙན་ངག་ སྦྱངས། དེ་ནས་ཕྱི་ལོ་ ༡༩༦༣ ལོར་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་ནང་ཆོས་དང་ཚད་མ་སོགས་ལ་སློབ་གཉེར་ གནང་སྟེ། ཕྱིས་སུ་བོད་གཞུང་གི་གཞུང་ཞབས་རྩེ་དྲུང་གནང་ཡོད་པ་རེད། བར་ལམ་རྒྱ་ནག་པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཞུགས་ཏེ་ལོ་ བདུན་རིང་སློབ་གཉེར་གནང་རྗེས་ཡང་བསྐྱར་བོད་ལ་ལོག་ཕེབས་ཏེ་གཞུང་ཞབས་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱེད་སྐབས། ཁོང་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དང་བོད་མི་མང་ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་དང་པོ། གཞན་ཡང་། བོད་ཀྱི་དཔེ་མཛོད་ཁང་དང་ཉི་ཧོང་ནང་ཡོད་པའི་ཨེ་ཤ་ཡའི་དཔེ་མཛོད་ཁང་(Toyo Bunko)། དེ་བཞིན་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནི་ཡའི་ནང་ཡོད་པའི་སློབ་ཆེན་ཁག་བཅས་ཀྱི་ ནང་བོད་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་བཅས་ཀྱི་དགེ་རྒན་ཡང་གནང་ཡོད་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་མ་འོངས་བོད་ཀྱི་ རྩ་ཁྲིམས་ཟིན་བྲིས་སུ་བཏབ་པ་དང་། ༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཕྱོགས་སྒྲིག་གནང་བ་སོགས་སྐུ་ཚེ་ ཧྲིལ་པོར་བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་གི་ཆེད་དུ་སྐུ་ལས་བསྐྱོན་གནང་ ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply