ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ལྡེབས་བྲིས་ཕྱིར་མངོན་པ།

རྩོམ་པ་པོ་དང་པར་ལེན་པ་ཐོ་མཱ་སི་ལིར་ཌི།
བོད་སྒྱུར་བ། ཚེ་རིང་ནོར་བུ།

རྩོམ་པ་པོ་དང་ཁྱད་ལས་པར་ལེན་པ་སྐུ་ཞབས་ཐོ་མཱ་སི་ལིར་ཌི་ཡིས། ལོ་ངོ་བཅུ་ཕྲག་རིང་བོད་ཀྱི་གྲོང་གསེབ་ཁག་ཏུ་འབྲོག་པ་དང་། ཞིང་པ། དེ་བཞིན་གྲྭ་པ་སོགས་ཀྱི་སྤྱི་ཚོགས་ནང་འཚོ་གནས་བྱས་ཏེ། རྩ་མེད་དུ་འགྲོ་བཞིན་པའི་གནའ་བོའི་བོད་ཀྱི་ལྡེབས་རིས་རི་མོ་དག་ཉར་ཚགས་ཆེད་དུ་བོད་ཀྱི་ལུང་ཁུག་ཁག་ཏུ་ཡོད་པའི་ལྡེབས་རིས་རི་མོ་དག་ལ་རྒྱུས་ལོན་དང་པར་འགོད་བྱས་རྗེས། རིང་ཚད་ཕིཊི་གཉིས་ཙམ་གྱི་པར་དེབ་པོད་གཉིས་དཔར་སྐྲུན་བྱས་ཡོད་པ་དང་། པར་དེབ་དེའི་ནང་ལྡེབས་རིས་རི་མོ་༩༩༨ ཡོད་པ་ལས་ཚང་མ་༧གོང་ས་མཆོག་གིས་རབ་གནས་དང་མཚན་རྟགས་བཀོད་གནང་མཛད་ཡོད་ཅིང་། (Taschen) ཊ་སི་ཆེན་ཞེས་པའི་དཔེ་སྐྲུན་ཁང་གིས་པར་དེབ་དེ་དཔར་སྐྲུན་འགྲེམས་སྤེལ་གནང་རྒྱུ་ཡིན་པ་རེད།

ཐོ་མཱ་སི་ལིར་ཌི་ལགས་ཀྱིས། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་ལྡེབས་རིས་དག་མ་འོངས་པའི་མི་རབས་ཀྱིས་མཐོང་རྒྱུ་མེད་པར་འགྱུར་ངེས་པ་མཐོང་ནས་ང་ཞེད་སྣང་ཆེན་པོ་སྐྱེས་བྱུང་། ཁྱེད་རང་བོད་དུ་ཕྱིན་ན་ལྡེབས་རིས་དེ་དག་ད་ཆ་མཇལ་མི་ཐུབ། ལྡེབ་རིས་དེ་དག་དུས་རྒྱུན་ཀ་བ་ཆེན་པོ་ཞིག་གི་རྒྱབ་དང་། ཡང་ན་མགོ་ཐོག་ཕི་ཊི་བཅུའི་གོང་ན་ཡོད་ཅིང་། ཁྱོད་ཀྱིས་ལྟ་དུས་མུན་ནག་ལས་གཞན་ཅི་མཐོང་གི་མ་རེད། དེ་རིང་ཡུ་རོབ་ཀྱི་ལྡེབས་རིས་དག་ཆེས་ཐོག་མར་མཐོང་བ་ཡིན་ན་གསར་རྙེད་རླབས་ཆེན་པོ་ཞིག་རེད། དེ་ནང་བཞིན་ང་ཚོས་བོད་ཀྱི་གནའ་བོའི་ལྡེབས་རིས་དག་ཐེངས་དང་པོར་འདི་ལྟར་སྟོན་ཐུབ་པ་བྱུང་བ་འདི་ནི་ཆེས་ངོ་མཚར་ཆེ་བའི་གསར་རྙེད་ཅིག་རེད་ཅེས་བརྗོད།

ལྡེབས་རིས་རྙིང་པ་ཕལ་ཆེ་བ་གྱང་ངོས་སུ་རླན་བཤེར་ཡོད་པ་དང་བྲིས་ནས་དུས་ཚོད་མང་པོ་ཕྱིན་པའི་རྐྱེན་གྱིས་དུམ་བུ་དང་དུམ་བུ་བྱས་ཏེ་གོག་ཡོད་པ་དང་མང་པོ་ཞིག་ཚོན་མདངས་ཡལ་ཏེ་མི་མངོན་པར་གྱུར་ཡོད། འོན་ཀྱང་། ཁོང་གིས་དེང་རབས་ཀྱི་འཕྲུལ་ཆས་དང་། འཚེམ་གྲུབ་ཀྱི་ལམ་ལུགས་(Stitch System)ཞེས་པའི་ཐབས་ལམ་སྤྱད་དེ་གཏན་ནས་མཇལ་རྒྱུ་མེད་པའི་རི་མོ་དག་མངོན་ཐུབ་པ་དང་། ད་དུང་ཕྱག་བྲིས་གནང་མཁན་གྱི་མཛུབ་རྗེས་ཀྱང་མཇལ་རྒྱུ་ཡོད་པ་དེ་ལྟ་བུ་ཞིབ་ཕྲ་བྱུང་ཡོད་པ་རེད། ཁོང་གིས། ངས་མཐོང་རྒྱུ་མེད་པ་དག་མཐོང་རྒྱུ་ཡོད་པ་བཟོས་ཡོད་ཅེས་བརྗོད་འདུག

རྩ་འཐོར་དུ་སོང་བའི་ལྡེབས་རིས་མང་པོ་ཡོད་པ་ལས། གོང་དཀར་ཆོས་སྡེ་རུ་ཡོད་པའི་སྟོན་པ་སངས་རྒྱས་ཚུལ་མཛད་པ་ཞིག་ཡོད་པ་དང་དེ་ད་ཆ་མཇལ་རྒྱུ་ཡོད་པ་ནི་ཐང་དུ་འཐོར་བའི་སྟོན་པའི་ཞལ་གྱི་ཆ་ཤས་ཤིག་ལས་གཞན་གྱང་རྒོད་དང་ས་རྡོ་རྐྱང་པ་ཡིན་པ་རེད། འོན་ཀྱང་། ཁོང་གིས་པར་ལེན་གྱི་ཐབས་ལམ་ལ་བརྟེན་ནས་ད་ཆ་དེབ་ཐོག་ཏུ་མཇལ་རྒྱུ་ཡོད་པ་བྱུང་ཐུབ་ཡོད་པ་དང་། ཁོང་གིས། དེ་ནི་དུས་རབ་༡༥ པའི་ནང་མཁྱེན་བརྩེ་ཆེན་མོ་མཆོག་གིས་ཕྱག་བྲིས་གནང་བ་དང་། ཁོང་གི་ཕྱག་རྩལ་ནི་ཏ་ཝིན་ཆི་སྟེ་མོ་ན་ལི་ས་ཞེས་པའི་འཛམ་གླིང་ནང་རི་མོ་སྙན་གྲགས་ཆེ་ཤོས་དེ་འབྲི་མཁན་དང་མཚུངས་ཞེས་ཆེ་མཐོང་གནང་འདུག་ལ། བོད་པ་ཚོ་ལ་མཚོན་ན། ལྡེབས་རིས་མཇལ་ནས་མཐོང་གྲོལ་གྱིས་དགེ་རྩ་ཡོད་ཚུལ་དང་། ལྷག་པར་༧གོང་ས་མཆོག་ཐོག་མ་འབྲི་ཀློག་མ་སྦྱང་སྔོན་ནས་ལྡེབས་རིས་ལ་བརྟེན་ནས་ནང་བསྟན་གྱི་སྒོར་བཞུགས་ཡོད་ཚུལ་སོགས་གསུང་འདུག

སྐུ་ཞབས་ལེར་ཌི་ནི་ཕྱི་གླིང་གི་ནང་པ་ཞིག་ཡིན་ཞིང་། རྩོམ་པ་པོ་དང་ཁྱད་ལས་པར་བ་ཞིག་ཀྱང་ཡིན་འདུག ཁོང་གི་པར་དག་གསར་ཁང་ཁག་ཏུ་སྤེལ་གྱི་ཡོད་ཅིང་། བོད་ཀྱི་ལོ་རྒྱུས་དང་བོད་ནང་གི་གནས་སྟངས་སྐོར་ལ་(The story of Tibet)དང་(In to Tibet)ཞེས་པའི་དེབ་གཉིས་བྲིས་ཡོད་པ་དང་། བོད་ཀྱི་ལོ་རྒྱས་ཞེས་པའི་དེབ་དེ་སྐད་གྲགས་ཆེན་པོ་ཆགས་ཡོད་འདུག  ཁོང་ལོ་ ༣༥ ལྷག་རིང་བལ་ཡུལ་དུ་བཞུགས་ནས་པར་ལེན་གྱིས་གནས་ཚུལ་མཁོ་སྒྲུབ་བྱས་ཡོད་པ་དང་། ཁོང་གིས་དེ་སྔོན་སྔ་ཕྱི་མང་པོར་༧གོང་ས་མཆོག་ལ་བཅར་འདྲི་ཞུས་ཏེ་ཁྱོན་ཆུ་ཚོད་ ༥༠ ལྷག་ཆགས་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༥/༠༨

Leave a Reply