བ་གླང་ལ་སྡུག་པོ་བཏང་བའི་ཁྲིམས་ཆད་ཕོག

ཕྱི་ལོ་༢༠༡༤ ལོ་ནས་ ༢༠༡༧ ལོའི་རྒྱ་གར་གྱི་མི་གསོད་དོན་རྐྱེན་གྱི་སྙན་ཐོའི་ནང་གྱོད་དོན་གྱི་བརྒྱ་ཆ་ ༨༦ བ་གླང་གི་རྩོད་རྙོག་དང་འབྲེལ་བ་ཡོད་སྐོར་བསྒྲགས་འདུགཟླ་འདིའི་ཕྱི་ཚེས་༦ ཉིན། རྒྱ་གར་ལྷོ་ཕྱོགས་མཱམ་བྷེ་ཉེན་རྟོག་པས་ས་གནས་ཡུལ་མི་གྷོ་པལ་ཧྥོལ་སེངྒེ(Gopal Phulsunge)ཞེས་པ་ཞིག་གིས། ཁོ་རང་གི་བ་གླང་ ༢༨ དེ་ཆར་གཡོལ་སོགས་ཅི་ཡང་མེད་པར་སྒོའི་ཕྱི་ལ་བཏགས་པའི་ནག་ཉེས་འོག་ཉིན་ ༡༠ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ།

མཱམ་བྷེ་ཉེན་རྟོག་པས་བརྗོད་པ་ལྟར་ན། ལོ་ན་ ༧༥ ཡིན་པའི་གྷོ་པལ་ཧྥོལ་སེངྒེ་ཡིས་དབྱར་ཁའི་ཆར་དུས་སུ་བ་གླང་དང་བ་ཕྲུག་རྣམས་ལ་ཆར་གཡོལ་བྱེད་སའི་ཁང་པ་མེད་པར་ཆར་ཆུའི་ནང་དུ་བཏགས་ནས་བཞག་ཡོད་སྟབས། གྱོད་དོན་དེ་ཕྱི་ལོ་༡༩༦༠ ལོར་རྒྱ་གར་གཞུང་གིས་གཏན་ལ་ཕབ་པའི་དུད་འགྲོའི་རང་དབང་དང་གདུག་རྩུབ་སྔོན་འགོག་ཞེས་པའི་ཁྲིམས་གཞིའི་འོག་ཐོ་འགོད་བྱས་ཡོད་པ་དང་། གྱོད་དོན་ཞུ་གཏུག་བྱེད་མཁན་ནི་དུད་འགྲོའི་རང་དབང་ལས་འགུལ་བ་དང་སྤྱི་ཚོགས་ཞབས་ཞུ་བ་ཆའེ་ཊིན་ཤར་མཱ་(Chetan Sharma)ཞེས་པ་ཡིན་འདུག

ཤར་མ་ཡིས་མཱམ་བྷེ་ཁྲིམས་ཁང་ལ་ཕྱི་ལོ་༢༠༡༣ ལོའི་ཟླ་༦ ཚེས་༢༨ ཉིན། གྷོ་པལ་ཧྥོལ་སེངྒེ་ཡིས་བ་གླང་དག་འགུལ་སྐྱོད་སོགས་གང་ཡང་བྱེད་ས་མེད་པའི་ལམ་འགྲམ་གྱི་བརླན་ས་ཞིག་ཏུ་ཉིན་ ༥ རིང་བཏགས་ཏེ། འོ་མ་བཞོས་ནས་སྒེར་དོན་གཉེར་བ་མ་གཏོགས་བྱམས་སྐྱོང་བདག་ཉར་གཏན་ནས་ཡག་པོ་བྱེད་ཀྱི་མེད་སྐོར་ཁྲིམས་གཏུག་བྱས་ཡོད་པ་དང་། ཞིབ་འཇུག་པ་ཡུལ་དངོས་སུ་ཕྱིན་ནས་ལྟ་སྐབས་བ་གླང་རྣམས་བཏགས་པའི་ལྷས་རྗེས་གསལ་པོ་ཡོད་ཀྱང་། ཡུལ་མི་ཚོས་གྷོ་པལ་ཧྥོལ་སེངྒེ་ཡིས་བ་གླང་དག་ལ་བདག་སྐྱོང་ཡག་པོ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

རྒྱ་གར་དབུས་གཞུང་གིས་དུད་འགྲོའི་རང་དབང་དང་གདུག་རྩུབ་སྔོན་འགོག་ཞེས་པའི་ཁྲིམས་གཞིའི་ནང་དུ། སེམས་ཅན་རིགས་ག་འདྲ་ཞིག་གི་ཚེ་སྲོག་ལ་གུས་བརྩི་མེད་པར་གསོད་པ་དང་། སེམས་ཅན་རིགས་དམར་གསོད་ཀྱིས་ཆོས་ལུགས་ལ་ཕོག་ཐུག་གཏོང་བ་དང་། དུད་འགྲོའི་རང་དབང་གི་ཚོགས་སྡེ་ཁག་གི་ཐོབ་ཐང་ལ་གནོད་སྐྱོན་ཕོག་གི་ཡོད་རིགས་ཚང་མ་ཁྲིམས་འགལ་ཡིན་སྐོར་འཁོད་ཡོད་འདུག སྤྱིར་བཏང་རྒྱ་གར་ནང་སེམས་ཅན་ཁག་ཅིག་ཆོས་ལུགས་བྱེ་བྲག་པ་རེ་ཡི་ལྷ་དང་ཡི་དམ་ལྟ་བུར་རྩི་ཡི་ཡོད་སྟབས། སེམས་ཅན་གསོད་པ་དང་ཤ་བཟའ་བའི་རྩོད་རྙོག་རིགས་བསྟུད་མར་བྱུང་གི་ཡོད་པ་དང་། བྷེ་ཇི་པི་སྲིད་དོན་ཚོགས་པ་གཞུང་འཛིན་དུ་ཆགས་རྗེས་ཧིན་རྡུའི་ཆོས་ལུགས་གཙོར་འཛིན་གྱི་དམ་དྲག་སྲིད་བྱུས་ཧ་ཅང་ཤུགས་ཆེ་རུ་ཕྱིན་ཡོད་འདུག

མཱམ་བྷེ་གྲོང་ཁྱེར་ཁྲིམས་ཁང་གི་ཁྲིམས་དཔོན་ཀཱ་ཤི་ཀཱར(Kashikar)གྱིས་ཁོས་སེམས་ཅན་དེ་དག་ཆར་ཆུ་དང་བརླན་སའི་ནང་དུ་ཉར་བ་མ་ཟད། ཉིན་རྒྱུན་གྱི་ཟ་མ་དང་ཆུ་སོགས་འདང་ངེས་ཤིག་སྤྲད་མེད་པ་དང་། ཉིན་ལྟར་འོ་མ་དང་ཞོ་མཁོ་སྤྲོད་བྱེད་མཁན་སེམས་ཅན་ལ་བདག་སྐྱོང་དང་བཟའ་བཏུང་སོགས་དུས་ལྟར་འདང་ངེས་མ་སྤྲད་པ་ནི་དུད་འགྲོའི་རང་དབང་ཁྲོད་གདུག་རྩུབ་ཆེན་པོ་དང་གྱོད་གཞི་ཚབས་ཆེན་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༤་ལོར་རྒྱ་གར་ནང་བ་གླང་གི་གྱོད་དོན་ ༦༠༠༠ བྱུང་ཡོད་པ་དང་། མུ་དྷི་སྲིད་གཞུང་བསླེབས་པ་ནས་ད་ལྟའི་བར་བ་གླང་གི་གྱོད་དོན་ ༡༠༠༠༠༠ བྱུང་ཡོད་འདུག ཧིན་རྡུ་བ་ཚོས་བ་གླང་གསོད་མཁན་ལ་བ་གླང་དྲག་སྤྱོད་པ་ཞེས་མི་བསད་པ་ལས་ལྷག་གིས་ནག་ཉེས་ཚབས་ཆེན་དུ་རྩི་བཞིན་ཡོད་པ་དང་། ཕྱི་ལོ་༢༠༡༤ ལོ་ནས་ ༢༠༡༧ ལོའི་བར་རྒྱ་གར་ནང་མི་གསོད་དོན་རྐྱེན་བྱུང་བའི་སྙན་ཐོའི་ནང་གྱོད་དོན་གྱི་བརྒྱ་ཆ་༨༦ བ་གླང་གི་རྩོད་རྙོག་ཁྲོད་བྱུང་ཡོད་ལ། ཕྱི་ལོ་ ༢༠༡༧ ལོ་ནི་བ་གླང་དང་འབྲེལ་བའི་མི་གསོད་དོན་རྐྱེན་མང་ཤོས་དང་སྡུག་ཤོས་ཆགས་ཡོད་སྐོར་བསྒྲགས་འདུག

རྒྱ་གར་ནང་ཧིན་རྡུ་བ་ཧ་ཅང་ཤུགས་ཆེན་ཡིན་ལ། ཁོང་ཚོས་བ་གླང་ལྷ་རུ་རྩི་བཞིན་ཡོད་པས་ཆོས་ལུགས་གཞན་པ་དང་ཚོགས་སྡེ་གཞན་པས་བ་གླང་བསད་པའི་རྐྱེན་གྱིས་མི་གསོད་ཁྲག་སྦྱོར་དང་། དེ་བཞིན་རིགས་རུས་སྐྱོ་བ་དག་གིས་བ་གླང་གི་རུས་པ་སོགས་སྒྲུག་སྟེ་ཚོང་བརྒྱབ་པར་ཧིན་རྡུ་བ་ཚོས་སྐྱོན་བརྗོད་དང་ཉེས་རྡུང་གཏོང་གི་ཡོད་འདུག་ལ། བ་གླང་གི་གྱོད་གཞི་དང་འབྲེལ་བའི་མི་གསོད་དོན་རྐྱེན་གྱི་བརྒྱ་ཆ་ ༥༠ ཞིག་གཞི་རྩ་གང་ཡང་མེད་པའི་མི་མང་གི་དཀྲོག་གཏམ་ལས་བྱུང་བར་བཤད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༠༧

Leave a Reply

One thought on “བ་གླང་ལ་སྡུག་པོ་བཏང་བའི་ཁྲིམས་ཆད་ཕོག

  1. གཞུང་པ་ཚེ་དབང་བསོད་ནམས་་

    དུད་འགྲོའི་ཚེ་སྲོག་ཧམ་ཆེན་མི་གི་ལག་།
    མི་གི་ཚེ་སྲོག་ཤི་བདག་ཤིན་རྗེའི་ལག་།
    མི་དང་དུད་འགྲོ་གཉིས་ཀར་རང་དབང་མེད་།
    རང་དབང་ཡོད་ཀྱང་སྙིང་པོ་ག་ནས་ཡོད་།