སི་རེ་ཡ་དང་ཨ་རིའི་བུད་མེད་ཀྱི་བཙན་གཡེམ་གནས་སྟངས་གཅིག་པ་རེད་ཟེར།

རྒྱལ་ཚོགས་ཀྱི་བུད་མེད་སྐུ་ཚབ་ཚོས་ལཱ་ཏིན་ཨ་མི་རི་ཁའི་རྒྱལ་ཁབ་ཁག་ ༤༩ ནང་བུད་མེད་སྲུང་སྐྱོབ་ཀྱི་ཁྲིམས་མེད་ནའང་ད་རེས་བུད་མེད་གནས་སྟངས་ཞིབ་འཇུག་གྲུབ་ཐོའི་ནང་ཐོན་མེད་པ་ནི་ཧ་སང་དགོས་པ་ཞིག་ཡིན་སྐོར་བརྗོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་ཐོམ་སན་རོ་ཊར་ཐེབས་རྩ་ཁང་(Thomson Reuters Foundation)གིས་འཛམ་གླིང་གི་བུད་མེད་ཀྱི་གནས་སྟངས་ཞིབ་འཇུག་སྟེ། བུད་མེད་ལ་བཙན་གཡེམ་དང་རྡུང་རྡེག  རིགས་རུས་དང་སྲོལ་རྒྱུན་གོམས་སྲོལ་གྱི་དབྱེ་འབྱེད། དེ་བཞིན། བུད་མེད་ཀྱི་འཕྲོད་བསྟེན་གནས་སྟངས་དང་དཔལ་འབྱོར་འདུ་འགོད་བཅས་གཙོས་ཕྱོགས་ཡོངས་ཀྱི་བུད་མེད་ཀྱི་བདེ་སྡུག་གི་གནས་སྟངས་ཞིབ་འཇུག་བྱས་ཏེ། བུད་མེད་ཀྱི་གནས་སྟངས་སྡུག་ཤོས་ཡིན་པའི་འཛམ་གླིང་རྒྱལ་ཁབ་ཁག་ ༡༠ ཐེར་འདོན་བྱས་ཡོད་པའི་ནང་། རྒྱ་གར་ནང་ཕྱོགས་ཡོངས་ནས་བུད་མེད་ཀྱི་གནས་སྟངས་སྡུག་ཤོས་དང་པོ་དང་། ཨ་ཧྥི་གྷན་ནེ་སི་ཐན་ནང་བུད་མེད་ལ་རྡུང་རྡེག་དང་འཕྲོད་བསྟེན་གནས་སྟངས་ཞན་པ། དེ་བཞིན་དཔལ་འབྱོར་འདུ་འགོད་བྱེད་ཐབས་མེད་བཅས་ལ་བརྟེན་ནས་སྡུག་ཤོས་ཨང་གཉིས་པ། སི་རེ་ཡའི་ནང་དམག་འཁྲུག་དང་འབྲེལ་ཏེ་བུད་མེད་ལ་དྲག་གནོན་ཐེབས་པ་དང་། བུད་མེད་ལ་བཙན་གཡེམ་གྱི་གནས་སྟངས་ཐད་ནས་སི་རེ་ཡ་དང་ཨ་རི་གཉིས་གཅིག་མཚུངས་ཡིན་པ་བཅས་སི་རེ་ཡ་སྡུག་ཤོས་ཨང་གསུམ་པ། དེ་བཞིན། ཨ་རིའི་བུད་མེད་ཀྱི་གནས་སྟངས་སྡུག་ཤོས་ཨང་བཅུ་པ་ཆགས་འདུག

ཐེབས་རྩ་ཁང་དེས། འཛམ་གླིང་གི་མི་འབོར་ཆེ་ཤོས་ཨང་གཉིས་པ་སྟེ། མི་གྲངས་ཐེར་འབུམ་ ༡།༣ གནས་པའི་རྒྱ་གར་ནང་།  བུད་མེད་ལ་བཙན་གཡེམ་དང་མཐོང་ཆུང་། དེ་བཞིན་རིག་གཞུང་དང་རིགས་རུས། སྲོལ་རྒྱུན་གོམས་སྲོལ་སོགས་ཀྱི་དབྱེ་འབྱེད། ད་དུང་བུད་མེད་ཉོ་ཚོང་དང་ལོ་ཚོད་མི་ཟིན་པར་ལས་བཀོལ་དང་བྲན་གཡོག་སོགས་སུ་བཀོལ་སྤྱོད་གཏོང་གི་ཡོད་པ་བཅས་ཀྱི་ཉེན་ཁ་ཆེན་པོ་འདུག ཅེས་བརྗོད་ཡོད་པ་དང་། ཞིབ་འཇུག་གྲུབ་ཐོའི་ནང་དམིགས་བསལ་ཕྱི་ལོ་ ༢༠༡༢ ལོར་ཇོ་ཊི་སི་ཧིན་(Jyoti Singh)འབོད་པའི་ལོ་ན་ ༢༣ ཡིན་པའི་སློབ་ཕྲུག་བུ་མོ་ཞིག་ལ་ཕོ་གསར་འགས་བཙན་གཡེམ་བཏང་རྗེས་བསད་ཡོད་པའི་གནས་ཚུལ་ཐེར་འདོན་བྱས་འདུག་ལ། བཙན་གཡེམ་དོན་རྐྱེན་དེས་རྒྱ་གར་ནང་ངོ་རྒོལ་ཟིང་ཆ་དྲག་པོ་བསླངས་པ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དོ་སྣང་བྱེད་ཡུལ་ཞིག་ཆགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༡ ལོར་ཐོམ་སན་ཐེབས་རྩ་ཁང་གིས་རྒྱལ་སྤྱིའི་བུད་མེད་ཀྱི་གནས་སྟངས་ཞིབ་འཇུག་གིས་གནས་སྟངས་སྡུག་ཤོས་རྒྱལ་ཁབ་ལྔ་ཐེར་འདོན་བྱས་སྐབས། རྒྱ་གར་ཕྱོགས་ཡོངས་ནས་འཛམ་གླིང་བུད་མེད་ཀྱི་གནས་སྟངས་སྡུག་ཤོས་ཨང་བཞི་པ་ཆགས་ཡོད་པ་དང་། ད་རེས་ཐེབས་རྩ་ཁང་དེས་དེ་སྔོན་དང་བསྡུར་ན་བུད་མེད་ཀྱི་གནས་སྟངས་ཇེ་ལེགས་སུ་སོང་ཡོད་མེད་ཞིབ་འཇུག་བྱས་སྐབས། རྒྱ་གར་ནང་བུད་མེད་ཀྱི་གནས་སྟངས་ཧ་ཅང་ཞན་པོ་ཡིན་པ་ཤེས་རྟོགས་བྱུང་བ་མ་ཟད། ཨ་རིའི་བུད་མེད་ཚོའི་གནས་སྟངས་ཀྱང་ཡག་པོ་མེད་པ་གསལ་འདོན་བྱས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་སྐུ་ཚབ་ཀྱིས།  ད་ལྟའི་ཞིབ་འཇུག་གྲུབ་དོན་ནང་ལཱ་ཏིན་ཨ་མི་རི་ཁའི་རྒྱལ་ཁབ་ཁག་ཐོན་མེད་པར་ཧ་སང་དགོས་པ་ཞིག་རེད། སྤྱིར་ལཱ་ཏིན་ཨ་མི་རི་ཁའི་རྒྱལ་ཁབ་ཁག་ ༤༩ ནང་ཁྱིམ་འཚོལ་བུད་མེད་སྲུང་སྐྱོབ་བྱེད་པའི་ཁྲིམས་མེད་པ་མ་ཟད།  བུད་མེད་མང་པོོས་རང་སྲོག་གཅོད་ཀྱི་ཡོད།  ཅེས་བརྗོད་ཡོད་པ་རེད།

ཨ་རིའི་ནད་གཞི་སྔོན་འགོག་དང་སྲུང་སྐྱོབ་ལྟེ་གནས་ཁང་གིས།   ཨ་རིའི་བུད་མེད་ལྔའི་ནང་ནས་བུད་མེད་གཅིག་ལ་བཙན་གཡེམ་བྱས་པ་དང་། བུད་མེད་གསུམ་ལས་གཅིག་ལ་རང་ཉིད་ཀྱི་དགའ་རོགས་སམ་འདུག་རོགས་ཀྱིས་དྲག་པོས་བཙན་གཡེམ་དང་། བརྙན་ཕབ་ལེན་བྱེད་རྩིས་བྱས་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་།   དམིགས་བསལ་ན་ནིང་ནས་བཟུང་། ང་ལ་ཡང་ཞེས་པའི་བུད་མེད་ལ་རྡུང་རྡེག་དང་བཙན་གཡེམ། བརྙས་བཅོས་བྱས་པ་སོགས་ལ་ངོ་རྒོལ་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་བརྩམས་ཏེ། ད་ལྟའི་བར་ཨ་རིའི་གཞུང་གི་མི་སྣ་དང་མི་སྒེར། ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་མང་པོས་བུད་མེད་ལ་བཙན་གཡེམ་དང་བརྙས་བཅོས་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད།

ཡང་བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ཨ་རིའི་བུད་མེད་ཀྱི་གནས་སྟངས་སྡུག་ཤོས་ཨང་བཅུ་པར་བསླེབས་པ་དེས་འཛམ་གླིང་གི་བུད་མེད་མང་པོ་ཞིག་ཧ་སང་དུ་བཅུག་ཡོད་པ་དང་། ལྷག་པར་དུ་ཊོམ་ཕུ་ཨ་རིའི་སྲིད་འཛིན་ཆགས་པ་ནས་བཟུང་ཨ་རིའི་བུད་མེད་ཀྱི་ཐོབ་ཐང་ནི་རྩོད་གཞི་གལ་གནད་ཅན་ཞིག་ཏུ་གྱུར་ཡོད་འདུག་ལ། སྤྱི་ཚོགས་དཔྱད་བརྗོད་པ་མང་པོ་ཞིག་གིས་སྲིད་འཛིན་ཊོམ་ཕུ་ནི་བུད་མེད་ལ་དགའ་པོ་མེད་པ་མ་ཟད། བུད་མེད་ལ་མཐོང་ཆུང་དང་རྩེད་སྤྱད་ཀྱིས་མིའི་གྲལ་བརྩི་ཡི་མེད་སྐོར་སོགས་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༦/༢༧

Leave a Reply