རྒྱུད་གཅིག་ལམ་གཅིག་གི་གཅིག་དེ་རྒྱ་ནག་གི་ཁེ་ཕན་ཆེད་རེད།

རྒྱ་ནག་གི་རྒྱུད་ལམ་གཅིག་ལས་གཞི་མགོ་བཙུག་ནས་ལོ་ ༥ འཁོར་བའི་ཚོགས་འདུའི་སྟེང་ཞི་ཅིན་ཕིན་གྱིས་རྒྱུད་གཅིག་ལམ་གཅིག་ནི་རྒྱ་ནག་གཅིག་པུའི་དཔལ་འབྱོར་ཁེ་ཕན་ཙམ་དང་ས་བབ་དང་འབྲེལ་བའི་ཆབ་སྲིད་དང་དམག་དོན་མཉམ་འབྲེལ་ཞིག་མིན་པར་རྒྱལ་ཁབ་ཚང་མའི་དཔལ་འབྱོར་ཁེ་ཕན་སྐྲུན་ཐུབ་ཆེད་ཡིན་ཟེར། ཟླ་འདིའི་ཚེས་ ༢༧ ཉིན་རྒྱ་ནག་པེ་ཅིན་གྲོང་ཁྱེར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་མགོ་བཙུགས་ནས་ལོ་ལྔ་འཁོར་བར་རྒྱ་ནག་དམར་ཕྱོགས་གཞུང་གི་ཆེས་མཐོའི་མི་སྣ་རྣམས་ཀྱིས་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་མགོ་འཁྲིད་ཞི་ཅིན་ཕིན་གྱིས་ལོ་ལྔ་སོང་རིང་། རྒྱུད་གཅིག་ལམ་གཅིག་མཉམ་ལས་བྱས་པ་ཡིས་རྒྱ་ནག་གི་ཉོ་ཚོང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་བ་དང་རྒྱ་ནག་གི་དཔལ་འབྱོར་སྒོ་དབྱེའི་མཚོ་རྒྱུད་དང་། ཆུ་རྒྱུད་ནས་ནང་ལོག་སྐམ་ས་དང་། མཐའ་མཚམས་སུ་བསྣོར་བསྲིངས་བྱས་ནས། སྐམ་ས་དང་མཚོ་རྒྱུད་ཕྱི་ལོག་དང་ནང་ལོག་མཉམ་འགུལ། ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རམ་བྱེད་པའི་སྒོ་དབྱེའི་རྣམ་པ་གསར་པ་ཆགས་ཡོད། ང་ཚོ་དང་རྒྱུད་གཅིག་ལམ་གཅིག་འབྲེལ་ཡོད་རྒྱལ་ཁབ་ཀྱི་དངོས་ཟོག་ཉོ་ཚོང་སྡོམ་འབོར་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་ལྔ་ཁྲི་ལས་བརྒལ་བ། ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་ ༦༠༠ ལས་བརྒལ་བ་ཡོད་པ་དང་། ས་གནས་དེ་གར་ལས་ཞུགས་ལས་གནས་ ༢༠༠༠༠༠ ལྷག་ཙམ་སྐྲུན་ཐུབ་པ་དང་། རྒྱ་ནག་གི་ཕྱི་ཕྱོགས་མ་འཇོག་དེ་འཛམ་གླིང་གི་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་པའི་འཕར་ཚད་ལ་སྣེ་འཁྲིད་བྱེད་པའི་འགུལ་ཤུགས་གཙོ་བོར་གྱུར་ཡོད། ཅེས་བརྗོད་ཡོད་འདུག

གཞན་ཐེངས་འདིའི་ཚོགས་འདུའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལས་གཞི་དེར་ཡིད་ཆེས་འཕེལ་མ་ཐུབ་པ་དང་ཐེ་ཚོམས་ནང་ཡོད་པའི་རྒྱལ་ཁབ་ཚོར་ཞི་ཅིན་ཕིན་གྱིས། ལས་གཞི་དེ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་གཞི་ཞིག་ཡིན་པ་ལས་ས་བབ་དང་འབྲེལ་བའི་ཆབ་སྲིད་དང་དམག་དོན་མཉམ་འབྲེལ་ཞིག་མིན་པར་དེར་ཕྱོགས་ཚང་མས་ཕྱི་གསལ་ནང་བསལ་གྱིས་མཉམ་ཞུགས་བྱས་ཆོག་ལ་རྒྱ་ནག་ཁོ་ནའི་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་དམིགས་པའི་ལས་གཞི་ཞིག་མིན་པར། རྒྱུད་གཅིག་ལམ་གཅིག་མཉམ་ལས་ནི་སྒོ་དབྱེ་ཁོག་ཡངས་ཀྱི་བརྒྱུད་རིམ་ཞིག་ཡིན་པ་ལས། རང་སྒོ་རྒྱབ་སྟེ་ཚོགས་པ་ཆུང་ངུ་བཙུགས་པ་དང་ཡང་ན་རྒྱ་ནག་གི་སྤྲོ་སྐྱིད་ཁང་ཆུང་ངུ་བཙུགས་པ་ཞིག་གཏན་ནས་མ་ཡིན་པར། འདུ་ཤེས་འཛིན་སྟངས་ལ་བལྟས་ཏེ་ཤོག་ཁག་མི་དབྱེ་བ་དང་། དེ་བས་ཀྱང་གཅིག་རྒྱལ་གཅིག་ཕན་གྱི་རོལ་རྩེད་མིན་པར་ང་ཚོས་བློ་འདོད་ཡོད་པའི་རྒྱལ་ཁབ་ཚང་མ་མཉམ་ཞུགས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

སྤྱིར་ལས་གཞི་དེ་མགོ་བཙུགས་ནས་ད་བར་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་ ༦༨ ཙམ་བྱུང་ཡོད་པ་དང་། འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༦༥ ཙམ་ཟིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་དེང་དུས་འཕྲུལ་རིགས་ཀྱི་རམ་འདེགས་འོག་ལས་གཞི་དེས་གནའ་བོའི་དར་གོས་ཚོང་ལམ་གྱི་ཤུལ་ལམ་རིང་མོ་ལྕགས་ལམ་དང་མཚོ་ལམ། སྦུག་ལམ་དང་འཁོར་ལམ། ས་འོག་ལམ་བཅས་འཛུགས་སྐྲུན་གྱིས་བསྐྱར་དུ་སྒོ་འབྱེད་བྱས་ཏེ། ལས་གཞི་དེའི་རྒྱུད་དང་ལམ་ན་ཡོད་པའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་གོང་འཕེལ་དང་དཔལ་འབྱོར་ཡར་རྒྱས་སུ་འགྲོ་ཐུབ་སྐོར་བསྒྲགས་ཡོད་པ་མ་ཟད། ད་ལོའི་ཧྲང་ཧེ་མཉམ་འབྲེལ་ཚོགས་འདུའི་ཐོག་ཏུའང་ཞི་ཅིན་ཕིན་གྱིས་རྒྱུད་གཅིག་ལམ་གཅིག་ནི་འཛམ་གླིང་ཡོངས་ལ་ཁེ་ཕན་ཆེ་བའི་རྒྱ་ནག་གི་གསར་གཏོད་ལས་གཞི་ཞིག་ཡིན་ལ། ལས་གཞི་དེར་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་བྱས་ཡོད་པ་དང་། ལས་གཞི་དེའི་ཁྲོད་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་ ༡༢༦ ཡས་མས་བཏང་ཡོད་ལ། ལས་གཞི་དེའི་ཁྲོད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་ལ་ཆེད་དུ་དམིགས་ནས་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་བརྩི་འཇོག་དང་དཔལ་འབྱོར་མཉམ་ལས་གོ་ལ་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གོང་སྤེལ་གཏོང་དགོས་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ད་ལྟའི་ཆར་ལས་གཞི་དེར་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་པ་ ༨༠ ལྷག་གིས་དང་ལེན་དང་རྒྱབ་སྐྱོར་ཡོད་སྐོར་བསྒྲགས་ཡོད་པ་རེད།

རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ནི་གནའ་བོའི་སྐམ་སའི་དར་གོས་ཚོང་ལམ་རྒྱུད་དང་། དར་གོས་མཚོ་ལམ་གཉིས་སུ་དབྱེ་ཡོད་པ་དང་། སྐམ་སའི་དར་གོས་ཚོང་ལམ་གྱི་རྒྱུད་ནང་ལྷོ་ཕྱོགས་སུ་རྒྱ་ནག་དང་ཨིན་རྡི་ནི་ཤི་རྒྱ་དཀར་ནག་གཉིས་གཙོའི་སྦང་ལ་ཊེ་ཤི་དང་། ནུབ་ཕྱོགས་སུ་རྒྱ་ནག་དང་པཱ་ཀི་སི་ཐན་དབུས་ཨེ་ཤ་ཡ་དང་ནུབ་ཨེ་ཤ་ཡ། དེ་བཞིན་ཡོ་རོབ་ཀྱི་ཟམ་པའི་རྒྱུད་དུ་ཨུ་རུ་སུ་དང་འཇར་མན་བར་དང་བྱང་ཕྱོགས་སུ་རྒྱ་ནག་དང་སོག་པོ་བཅས་རྒྱལ་ཁབ་ ༦ ལ་ལྕགས་ལམ་གྱིས་སྦྲེལ་ཡོད་པ་དང་། ཤར་ཕྱོགས་སུ་རྒྱ་ནག་གི་རྒྱ་མཚོ་བརྒྱུད་དར་གོས་མཚོ་ལམ་ཕྱེས་ནས་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་བརྒྱུད་ཨ་ཧྥི་རི་ཀ་དང་བྱང་ཡོ་རོབ་རྒྱ་ཁབ་ཁག་ལ་མཚོ་ལམ་གྱིས་མཐུད་ཀྱི་ཡོད་འདུག

རྒྱ་ནག་གི་བརྒྱུད་ལམ་གཅིག་གི་ལས་གཞིའི་སྐོར་ལ་ཨ་རི་དང་རྒྱ་གར་སོགས་རྒྱལ་ཁབ་མང་པོས་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ས་ཆའི་བདག་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། རྒྱ་གར་རྒྱུད་གཅིག་ལམ་གཅིག་གི་དབུ་འབྱེད་ཚོགས་འདུར་མཉམ་ཞུགས་གནང་མེད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན་རྒྱ་ནག་ཧྲང་ཧེ་མཉམ་འབྲེལ་ཚོགས་པའི་ཚོགས་འདུའི་ཐོག་ཨུ་རུ་སུ་དང་པཱ་ཀི་སི་ཐན། ཁ་ཛག་སི་ཐན་དང་ཀེ་ཇའེ་སི་ཐན། ཨུ་ཛུ་བྷེ་ཁི་སི་ཐན་དང་ཊ་ཇའེ་ཀེ་སི་ཐན་བཅས་རྒྱལ་ཁབ་ ༦ གིས་ལས་གཞི་དེར་རྒྱབ་སྐྱོབ་བརྟན་པོ་ཡོད་པ་བསྐྱར་བསྒྲགས་བྱས་ཡོད་ན་ཡང་། སྐབས་དེར་སྲིད་བློན་མུ་དྷི་མཆོག་གིས་མཉམ་འབྲེལ་ལས་གཞི་གང་ཡིན་རུང་རྒྱལ་ཁབ་ཕན་ཚུན་གྱི་བདག་དབང་དང་གཅིག་གྱུར་གྱི་གོང་བུ་ལ་གཏོར་སྐྱོན་བཟོས་ན་མི་འགྲིག་ཚུལ་གྱིས་གཏམ་བཤད་སྤེལ་ཏེ་ཁོང་གཅིག་པོས་ངོ་རྒོལ་བྱས་ཡོད་པ་རེད།

གཞན་ཡང་རྒྱལ་ཁབ་མང་པོའི་ཡུལ་མི་ཚོས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེས་ཕན་འབྲས་མེད་པ་དང་འགྲོ་སོང་ཆེན་པོ་ཡིན་པ། ས་གནས་ཀྱི་བཟོ་ལས་ཁང་ནས་ཐོན་པའི་མཁོ་ཆས་མི་སྤྱོད་པར་རྒྱ་ནག་ནས་དབོར་འདྲེན་བྱེད་པ། ས་གནས་ཀྱི་ལས་མི་མི་སྤྱོད་པ་སོགས་ཀྱི་སྐྱོན་འཛུགས་བྱེད་བཞིན་ཡོད་མ་ཟད། ལས་གཞི་དེ་ནི་རྒྱ་ནག་གཙོ་བོར་བཟུང་བ་ཞིག་ཡིན་པའི་བསམ་ཚུལ་འཛིན་མཁན་མང་པོ་བྱུང་སྟེ། རྒྱུད་གཅིག་ལམ་གཅིག་གི་གཅིག་དེ་རྒྱ་ནག་ཡིན་པར་ངོས་འཛིན་བྱས་པས་ཕྱི་ལོ་ ༢༠༡༦ ལོར་དབྱིན་ཡིག་ནང་གི་གཅིག་དེ་མེད་པ་བཟོས་ནས་རྒྱུད་ལམ་ལས་གཞི་ཞེས་བསྒྱུར་བ་ཡོངས་བསྒྲགས་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༦ ཙམ་ནས་ཤིན་ཅང་བརྒྱུད་པཱ་ཀི་སི་ཐན་གྱི་ལྷོ་ཕྱོགས་གྷོ་ཝ་ཊར་གྲུ་ཁ་ (Gwadar Port) བར་ལྕགས་ལམ་དང་འཁོར་ལམ་འཛུགས་སྐྲུན་གྱིས་ཨ་ཧྥི་རི་ཀ་དང་ཡོ་རོབ་རྒྱལ་ཁབ་ཁག་ལ་ཚོང་ཟོག་སྐྱེལ་འདྲེན་བྱེད་མགོ་བཙུགས་ཡོད་པ་མ་ཟད། ལས་གཞི་དེ་ཡོངས་སུ་ད་ལོའི་ལོ་མཇུག་ལ་གྲུབ་འཆར་ཡོད་པ་དང་། ལས་གཞི་དེར་འགྲོ་གྲོན་ཨ་སྒོར་དུང་ཕྱུར་ ༦༢༠ བཏང་སྟེ། དེ་སྔོན་སྤྱི་ལེ་སྟོང་ ༡༢ ཙམ་ལ་མཚོ་ལམ་བརྒྱུད་ཁ་ཆེའི་རྒྱལ་ཁབ་ཁག་ནས་རྡོ་སྣུམ་དབོར་འདྲེན་བྱེད་བཞིན་པའི་བར་ཐག་ད་ལྟ་པཱ་ཀི་སི་ཐན་བརྒྱུད་སྤྱི་ལེ་སྟོང་ ༣ ཙམ་ལས་མེད་པ་དང་། ལས་གཞི་དེ་དང་འབྲེལ་ཏེ་རྒྱ་ནག་དང་མཐའ་མཚམས་ཀྱི་པཱ་ཀི་སི་ཐན་ནང་གི་འཁོར་ལམ་དང་ལྕགས་ལམ་མང་པོ་ཞིག་བསྐྱར་གསོ་བྱ་རྒྱུ་ཡིན་འདུག དེ་བཞིན་ཕྱི་ལོ་ ༢༠༡༥ ནས་ ༢༠༣༠ བར་པཱ་ཀི་སི་ཐན་ནང་ལས་ཀ་ས་ཡ་ ༢།༣ བསྐྲུན་རྒྱུ་དང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་བརྒྱ་ཆ་ ༢ ཡན་སྤར་ཐུབ་ཐབས་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད།

ཡིན་ན་ཡང་པ་ཀི་སི་ཐན་ནང་ལྕགས་ལམ་ལས་གཞིའི་སྐྱ་ཐིག་ནང་འཁེལ་ཡོད་པའི་སྡོད་ཁང་དང་སློབ་གྲྭ་མང་པོ་འཛུགས་སྐྲུན་ཆེད་གཏོར་ཡོད་པ་ཁག་ལ་སྐྱིན་ཚབ་སྤྲད་མེད་པར་བརྟེན། སློབ་ཕྲུག་ཚོས་ལས་གཞི་དེར་ངོ་རྒོལ་བྱས་ཡོད་པ་མ་ཟད། ལས་གཞི་དེ་བརྒྱུད་ས་གནས་མི་མང་ལ་ལས་ཀ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པ་དེ་ཡང་མངོན་འགྱུར་བྱུང་མེད་པ་མ་ཟད།  རྒྱའི་ལས་མི་འབོར་ཆེར་པཱ་ཀི་སི་ཐན་ནང་བསླེབས་པར་བརྟེན་རྒྱ་དམག་བཏང་སྟེ་སྲུང་སྐྱོབ་བྱེད་པ་ལ་མི་མང་ནང་དོ་སྣང་ཤུགས་ཆེན་བྱུང་སྟེ་དགའ་མོས་བྱེད་ཀྱི་མེད་པ་དང་། བྷ་ལོ་ཆེ་སི་ཐན་མངའ་སྡེ་ནང་གི་བྷ་ལོ་ཆེ་ན་གཞོན་ཚོགས་པའི་ (Baloch Youth) ཁ་ཆེ་མཁྲེགས་འཛིན་པ་ཚོས། རྒྱ་ནག་གི་དམག་དཔུང་དང་མ་འཛུགས་ལས་གཞི་ཆ་ཚང་ཕྱིར་བསྡུ་གང་མགྱོགས་བྱེད་དགོས་པའི་འཇིགས་སྐུལ་ཡང་དང་བསྐྱར་དུ་བྱེད་བཞིན་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་མ་ལི་ཤི་ཡའི་སྲིད་འཛིན་གསར་པ་མཱ་ཧ་ཐིར་ (Mahathir) རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་སྐབས་གཞུང་འཛིན་སྔོན་མའི་འཛིན་སྐྱོང་བས། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་རྒྱ་ནག་གིས་མ་ལི་ཤི་ཡ་ནང་ཨ་སྒོར་དུང་ཕྱུར་ ༢༠༠ ཅན་གྱི་ལྕགས་ལམ་འཛུགས་སྐྲུན་དང་། ཨ་སྒོར་དུང་ཕྱུར་ ༢༣ གནས་པའི་ལྕགས་སྦུག་ལས་དྲངས་པའི་རླངས་ནུས་ལས་གཞི་ལ་མཉམ་འབྲེལ་མཚམས་འཇོག་བྱས་ཡོད་པ་དང་། ལས་གཞི་དེ་ནི་བཙན་འཛུལ་བྱེད་སྟངས་གསར་པ་ཞིག་སླེབས་བཞིན་པ་མ་ཟད། མ་ལི་ཤི་ཡ་རྒྱ་ནག་གི་བུ་ལོན་ནང་ཟག་བཞིན་ཡོད་པས་དེ་ནི་འདྲ་མཉམ་གྱི་ལས་གཞི་ཞིག་མིན་སྐོར་བརྗོད་ཡོད་པ་རེད། མ་ཟད་ཁོང་གིས་སིང་གྷ་ལ་ཧམ་སྤན་ཊོ་ཊ་གྲུ་ཁ་ (Port of Hambantota) རྒྱ་ནག་གིས་མ་འཛུགས་ཤུགས་ཆེན་བྱས་ཏེ་འཛུགས་སྐྲུན་བྱས་རྗེས་བཙན་དབང་གིས་རྒྱ་ནག་ལ་བག་གཏོང་ལོ་ ༩༩ ལ་བྱེད་དགོས་པར་སྐུལ་པ་དཔེ་བརྗོད་དུ་དྲངས་འདུག

གཞན་རྒྱལ་སྤྱིའི་དཔལ་འབྱོར་དང་ཆབ་སྲིད་ཉམས་ཞིབ་པ་ཚོས་རྒྱ་ནག་གི་རྒྱུད་ལམ་གཅིག་ལས་གཞིའི་ཐད། རྒྱུད་གཅིག་ལམ་གཅིག་ནི་ངོ་གདོང་ཙམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་ཁེ་ཆེན་པོ་ཡོད་པའི་སྣང་ཚུལ་ཡོད་ན་ཡང་། ཕུག་སུ་རྒྱ་ནག་གི་གཞན་གྱི་སྣུམ་དང་ཚོང་ཟོག་དབོར་འདྲེན་སྟབས་བདེ་ཅན་དང་རྒྱ་ནག་གི་དུས་ཡུན་རིང་བོའི་མངའ་ཁོངས་རྒྱ་སྐྱེད་ཐབས་ཀྱི་ལྐོག་ཇུས་ཤིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ནི་ཕྱི་ལོ་ ༢༠༡༣ ལོའི་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐོག་མར་གླེང་སློང་བྱས་པ་དང་ཕྱིས་སུ་གཏན་ལ་ཕབ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་རྒྱུད་གཅིག་ལམ་གཅིག་གི་མཉམ་འབྲེལ་གླེང་སྟེགས་ཐོག་རྒྱལ་ཁབ་ཁག་ ༡༣༠ ཙམ་གྱི་སྐུ་ཚབ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་གྱི་ཐེབས་རྩ་སོགས་ཀྱི་གཙོའི་རྒྱལ་སྤྱིའི་ཚོགས་པ་ཁག་ ༧༠ ཙམ་གྱི་མགོ་འཁྲིད་ཚོ་བཅར་ཡོད་པ་རེད། པེ་ཅིན་ན་ཡོད་པའི་རྒྱ་ནག་གི་གཙོ་འགན་ཁུར་བའི་ཨེ་ཤ་ཡའི་འཛུགས་སྐྲུན་མ་འཛུགས་དངུལ་ཁང་དང་རྒྱུད་གཅིག་ལམ་གཅིག་གི་ཐེབས་རྩས་ལས་གཞི་ཁག་ལ་མ་དངུལ་གཏོང་གི་ཡོད་འདུག་ལ། ཚོད་རྩིས་ལྟར་ན་ལས་གཞི་དེར་ཁྱོན་མ་དངུལ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༤ ནས་ ༨ གཏོང་དགོས་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༣༡

Leave a Reply