ང་ཚོའི་གྲོས་ཚོགས་ལ་ད་ལྟ་འགྱུར་བ་དགོས་སམ།

ཨ་རི་བྱང་ཁེ་རོ་ལ་ནས་ངག་དབང་ཆོས་ཅན།

ང་ཚོའི་གྲོས་ཚོགས་ཀྱི་ལམ་ལུགས་འདི་བཞིན་ ༡༩༦༠ མགོ་སྟོད་ལ་ངོ་སྤྲོད་ཞུས་པ་ཞིག་རེད། སྐབས་དེར་ང་ཚོའི་གནས་སྟངས་ལ་གཞིགས་པའི་རན་པོ་འཁྲུལ་མེད་ཞིག་བྱུང་ཡོད་ལ། ད་ལྟའི་བར་དེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་དུ་མ་ཞིག་བྱུང་ཡོད། ཡིན་ནའང་ང་ཚོས་མཁྱེན་རྒྱུ་ཞིག་ལ་ཁྲིམས་བཟོའི་ལམ་ལུགས་གང་འདྲ་ཞིག་ཡིན་ཡང་སྐྱོན་རྩ་བ་ནས་མེད་པ་ཞིག་ཡོད་མ་རེད། དེར་བརྟེན་དྲི་བ་ཞིག་ལ་འོས་བསྡུའི་སྒྲིག་གཞི་ལ་སྐབས་བསྟུན་འགྱུར་བཅོས་དགོས་བསམ་ཞུས་ན། གུས་པའི་བསམ་པར་ཛ་དྲག་གི་འགྱུར་བ་ཞིག་ངེས་པར་དུ་གཏོང་དགོས་པ་མཐོང་།  དེ་ཡང་ད་ལྟའི་སྤྱི་འཐུས་ལྷན་འཛོམས་སྐབས་འགོ་འཛུགས་གནང་གལ་ཆེ། གུས་པས་གྲོས་ཚོགས་ཀྱི་བཀུར་འོས་སྤྱི་འཐུས་རྣམ་པར་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ལྷན་རྒྱས་རྣམས་ཆོལ་ཁ་ཆོས་ལུགས་གང་ཁོངས་ནས་ཕེབས་ཡོད་པར་མ་ལྟོས་པར་འོས་འཕེན་རྣམས་ནས་རེ་བ་ཆེན་པོ་ཞིག་ཞུས་ནས་འོས་འདེམས་ཞུས་པ་ཞིག་ཡིན་པ་དང་འོས་འདེམས་བྱུང་བ་ནས་བཟུང་ལྷན་རྒྱས་རྣམས་ནས་རང་གི་ཆོལ་ཁ་ཆོས་ལུགས་མ་ཡིན་པར་བོད་མི་ཡོངས་ཀྱི་སྐུ་ཚབ་ཅིག་མཚོན་དགོས་ཀྱི་ཡོད་པར་བརྟེན།  ཐུགས་ལ་འཇོག་དགོས་པ་ཞིག་ལ་ལྷན་རྒྱས་རྣམས་ནས་གྲོས་ཚོགས་ནང་བཀའ་མོལ་གནང་སྐབས་གྲོས་ཚོགས་ར་བའི་ནང་གི་ད་ཡོད་སྤྱི་འཐུས་ ༤༥ ཙམ་མ་ཡིན་པར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ས་ཡ་དྲུག་ནས་གཟིགས་བཞིན་པ་དང་ཉན་བཞིན་པ་མཁྱེན་དགོས།  དེར་བརྟེན་ལྷན་རྒྱས་རྣམས་མང་གཙོའི་ཀ་བ་གལ་ཆེ་ཤོས་འདིའི་འོས་འདེམས་བྱུང་བའི་སྤྱི་འཐུས་ཤིག་ཡིན་པ་ཚུལ་ལྡན་སྤྱོད་ཚུལ་གང་གཟབ་གནང་གལ་ཆེ། ལྷན་རྒྱས་རྣམས་ལྷན་ཚོགས་ཤིག་གི་མཉམ་གྲོགས་ཡིན་པ་དང་།   ལོ་ལྔའི་གྲོས་ཚོགས་དུས་ཡུན་འདིའི་ནང་གྲུབ་འབྲས་གང་བྱུང་བ་རྣམས་མཉམ་རུབ་གནང་བའི་འབྲས་བུ་ཞིག་ཏུ་འགྱུར་གྱི་ཡོད་པ་རེད། དེར་བརྟེན་གུས་པས་སྙིང་དབུས་ནས་འབོད་སྐུལ་ཞུ་རྒྱུ་ཞིག་ལ་གྲོས་ཚོགས་འདི་བཞིན་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་གྱི་སྡིངས་ཆ་ཞིག་མ་ཡོང་བའི་ཐབས་ཤེས་གནང་རོགས་ཞུ།

ད་ལྟའི་གྲོས་ཚོགས་འདི་བཞིན་མི་མང་གི་ངོ་ཚབ་ངོ་མ་ཆགས་ཡོད་དམ་ཞུས་ན་ལོ་མང་སྔོན་རྒྱ་བལ་འབྲུག་བཅས་ནང་བོད་མི་འབུམ་གཅིག་དང་ཁྲི་ལྔ་ཙམ་ཡོད་པར་སོང་དབང་ཚད་ལྡན་པ་ཞིག་ཆགས་ཡོད་ཀྱང་། ད་ཆ་ས་གནས་དེ་དག་ནས་བོད་མི་འབོར་ཆེན་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོ་བྱས་ཟིན་པ་དང་།  ཕྱི་ལོ་༢༠༢༠ལོའི་ནང་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གྲངས་འབོར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མིའི་གྲངས་འབོར་ཆ་སྙོམས་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་པ་རེད། དེར་བརྟེན། ད་ལྟའི་གྲོས་ཚོགས་ནས་སྤྱི་འཐུས་ཆ་བགོས་ཀྱིས་གྲངས་འབོར་ཚད་ལྡན་ཞིག་ཡོང་ཐབས་སྐོར་བཀའ་བསྡུར་གནང་རྒྱུའི་དུས་ལ་བབ་ཡོད། ལོ་ངོ་བཅུའི་ཡར་སྔོན་དུ་གུས་པས་སྤེལ་བའི་བོད་ཀྱི་ཆབ་སྲིད་དཔྱད་གཏམ་ཞེས་པའི་ནང་། བྱང་ཨ་རིའི་ནང་སྤྱི་འཐུས་ལྔ་དགོས་པའི་བསམ་འཆར་བཏོན་ཡོད། ད་ལྟ་བྱང་ཨ་རིའི་མི་འབོར་ལྡབ་འགྱུར་ཆགས་ཡོད་ལ།  དེ་བཞིན། ཡོ་རོབ་ནང་གི་བོད་མིའི་གྲངས་འབོར་ཡང་ཧ་ཅང་འཕེལ་རྒྱས་ཕྱིན་ཡོད། དུས་ཤིག་ལ་སྦེལ་ཀོབ་ནང་བོད་མི་ཕོན་ཆེ་ཡོད་ཀྱང་། ད་ཆ་ཧ་ཅང་ཉུང་དུ་ཕྱིན་པ་རེད། བལ་ཡུལ་ནང་བོད་མི་ཁྲི་གཉིས་ལྷག་ཡོད་ཀྱང་ད་ལྟའི་ཆར་སྤྱི་འཐུས་གཅིག་ལས་མེད།

ང་ཚོར་གྲོས་ཚོགས་གོང་འོག་ཅན་གྱི་ཁྲིམས་བཟོ་ལྷན་ཁང་དགོས་མིན་གྲོས་བསྡུར་བྱ་རྒྱུའི་དུས་ལ་བབས་ཡོད། གྲོས་ཚོགས་འོག་མའི་ནང་མི་འབོར་གཞིར་བཞག་གི་སྤྱི་འཐུས་དང་གྲོས་ཚོགས་གོང་མའི་ནང་ད་ལྟ་ཡོད་བཞིན་པ་ལྟར་ཆོལ་ཁ་ཆོས་ལུགས་ཀྱི་འཐུས་མི་ཡོད་པ་ཞིག་ཡོད་ན་བསམ།  ཨ་རི་དང་རྒྱ་གར་སོགས་སུ་ལམ་སྲོལ་དེ་ལྟར་ཡོད། ང་ཚོ་རྒྱལ་ཁབ་དེ་ཚོའི་ལམ་ལུགས་གཅིག་མཚུངས་མི་ཡོང་ཀྱང་ཕྲན་བུ་འདྲ་མཚུངས་ཡོང་སྲིད།  དཔེར་ན། ད་ལྟའི་ཆར་བོད་ནང་གི་བོད་མིའི་སྐུ་ཚབ་ཕེབས་མི་ཐུབ་པས་བཙན་བྱོལ་ནང་ཡོད་པའི་བོད་མིའི་གྲངས་འབོར་དཔེར་ན་མི་གྲངས་༣༠༠༠ཙམ་ལ་སྤྱི་འཐུས་གཅིག་གྲོས་ཚོགས་འོག་མར་གཏན་འབེབས་གནང་ཀྱང་འཐུས།  དེ་བཞིན་འབྲུག་ཡུལ་ནང་བོད་མི་༦༠༠༠ཡོད་ན་སྤྱི་འཐུས་གཉིས་དང་། བལ་ཡུལ་སྤོག་ར་གཞིས་ཆགས་བཞིའི་ནང་བསྡོམས་བོད་མི་༣༠༠༠ཙམ་ཡོད་ན་སྤྱི་འཐུས་གཅིག  ཁེ་ཎ་ཌའི་ནང་བོད་མི་༩༠༠༠ཙམ་ཡོད་ན་སྤྱི་འཐུས་གསུམ།  དེ་བཞིན་རྡ་ས་ཁུལ་དུ་བོད་མི་༡༢༠༠ཡོད་ན་སྤྱི་འཐུས་བཞི་བཅས། གྲོས་ཚོགས་གོང་མའི་ནང་ད་ལྟ་ཡོད་བཞིན་པ་ཆོལ་ཁའི་སྤྱི་འཐུས་ལྔ་ནས་བཅུའི་བར་དང་། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཚོས་འོས་འཕེན་ཞུ་རྒྱུ་དང་། ཆོས་ལུགས་སྤྱི་འཐུས་སྐོར་ཉེ་ལམ་གླེང་མོལ་མང་དག་བྱུང་ཡོད། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཉེ་ལམ་གསུངས་གསལ་ལ་འབར་མ་དང་ཐེ་ལན་ཌི། འབྲུག་ཡུལ་བཅས་ནང་གྲྭ་བཙུན་རྣམས་ནས་རྙོག་ཟིང་ཅན་གྱི་སྲིད་དོན་ནང་འཛུལ་བཞུགས་མི་གནང་བ་དེར་གུས་ནས་ཀྱང་མོས་མཐུན་ཡོད།  འོན་ཀྱང་། བོད་མི་མང་པོ་ཞིག་ནས་ཆོས་ལུགས་སྤྱི་འཐུས་གལ་ཆེ་གཟིགས་ཀྱི་ཡོད་ཚེ། ཆོལ་ཁ་རེ་ནས་ཆོས་ལུགས་སོ་སོའི་སྤྱི་འཐུས་རེ་རེ་བཅས་བསྡོམས་ཆོས་ལུགས་སྤྱི་འཐུས་ལྔ་བྱས་པའི་ཁྱོན་བསྡོམས་ཆོས་ལུགས་སྤྱི་འཐུས་༡༥ཡོད་ན་བསམ། དེ་ལྟར་བྱུང་ཚེ་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་འདྲ་མཉམ་ཕེབས་ཐུབ། དེ་བཞིན་གྲྭ་བཙུན་ཚོར་འོས་ཤོག་ཐོབ་ཐང་གཉིས་མི་དགོས་པར་སྤྱི་མཚུངས་རེ་རེ་ཡོད་ན་སྤྱི་མོས་མང་གཙོའི་ལམ་ལུགས་དང་མཐུན།

སྔོན་འགྲོ་དང་དངོས་གཞིའི་འོས་འདེམས་ཐད་ངོས་ནས་སྔོན་འགྲོ་འོས་འདེམས་བྱུང་ན་མཉམ། འོན་ཀྱང་སྔོན་འགྲོའི་རྗེས་སུ་འོས་མི་རྣམས་འོས་གྲངས་ཁྱད་པར་ཧ་ཅང་མེད་ཚེ།  དེ་འོག་འོས་མིར་གོ་སྐབས་ཕུལ་ན་ལེགས།  ཡང་ན་འོས་མིར་ཚུད་པར་བརྒྱ་ཆ་ཞིག་དགོས་པ་དཔེར་ན་བརྒྱ་ཆ་༢༠ ཕན་ན་འོས་འཕེན་པ་མི་གྲངས་ཁྲི་ལྔ་ཡོད་ན་འོས་མི་ཞིག་ལ་འོས་ཤོག་ཁྲི་གཅིག་ལོན་དགོས་འོན་ཀྱང་སྔོན་འགྲོ་དང་དངོས་གཞི་གཉིས་དབར་བགྲོ་གླེང་ཧ་ཅང་མང་པོ་གནང་བ་དེ་མི་དགོས། བགྲོ་གླེང་དེ་དག་འོས་མི་དེའི་ལས་དོན་དང་སྲིད་བྱུས་འཆར་གཞི་གཞིར་བཞག་ཐོག་བགྲོ་གླེང་གནང་དགོས་པ་ལས་སྒེར་གྱི་མི་ཚེའི་ལོ་རྒྱུས་ལ་ཞིབ་བཤེར་བྱེད་པ་དེ་ཚུལ་མིན་མཐོང་། ངོས་ནས་ལོ་བཅུའི་གོང་བོད་ཀྱི་ཆབ་སྲིད་གླེང་སྟེགས་ནང་ཞུས་པ་ད་ལྟ་འོས་མི་ཞིག་གཏན་འབེབས་གནང་བའི་སྲིད་བྱུས་འཆར་གཞི་ལ་ཞིབ་འཇུག་གནང་སྟེ་འོས་འཕེན་ན་ལེགས། འཆར་གཞི་རྣམས་གསར་འགྱུར་བརྒྱུད་ལམ་ཁག་ནང་དྲང་བདེན་དང་འདྲ་མཉམ་ཁྱབ་བསྒྲགས་གནང་གལ་ཆེ།  གལ་སྲིད་བགྲོ་གླེང་བྱུང་ན་སོ་སོའི་སྲིད་བྱུས་འཆར་གཞི་ལ་བགྲོ་གླེང་ལས་གཞན་འོས་མིའི་མི་ཚེའི་ལོ་རྒྱུས་ལ་བཀའ་མོལ་མ་གནང་ན་ལེགས།  ཡ་རབས་སྤྱོད་བཟང་གནང་གལ་ཤིན་ཏུ་གལ་ཆེ། ང་ཚོར་ཆབ་སྲིད་ཚོགས་པའི་ལམ་ལུགས་མེད་པར་བརྟེན་ཚོགས་པ་ཁག་དང་ལྷག་པར་དུ་ཆོལ་ཁ་ལུང་ཚན་གྱི་ཤོག་ཁག་ནས་འོས་མི་བྱེ་བྲག་པ་གཅིག་ལ་རྒྱབ་སྐྱོར་དང་ཡང་ན་ཁ་གཏད་མེད་ན་ཡག།

མི་མང་ནས་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་དང་དྲ་རྒྱ་སོགས་སུ་གང་བྱུང་འཆལ་གཏམ་སོགས་དང་། ལྷག་པར་དུ་འོས་མི་སྒེར་གྱི་མི་ཚེའི་སྐོར་མ་བཀོད་ན་ལེགས། ང་ཚོ་ཚང་མས་མཁྱེན་དགོས་པ་ཞིག་ལ་ཐར་བ་མ་ཐོབ་བར་མི་ཞིག་ལ་སྒེར་གྱི་སྐྱོན་ཕྲན་བུ་ཡོང་སྲིད། རྒྱ་ནག་དམར་པོའི་གཞུང་ནས་ང་ཚོ་བོད་མི་ཡོངས་འཆམ་མཐུན་མེད་པ་དང་དཀྲུག་ཤིང་རྒྱག་རྒྱུར་མི་རྒྱུ་གཉིས་འགྲོ་གྲོན་ཚད་མེད་གཏོང་བཞིན་པ་རེད། མཐའ་དོན་ང་ཚོ་བོད་མི་ཡོངས་ནས་བོད་རྒྱ་ཆེ་མི་མང་ས་ཡ་དྲུག་གི་འདོད་དོན་སེམས་ལ་བཅངས་ནས་དམིགས་ཡུལ་དེ་སྒྲུབ་ཐུབ་པར་འབད་བརྩོན་ཞུ་བའི་འོས་མི་ཞིག་ལ་འོས་འཕེན་ཞུ་དགོས།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་ལྟ་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་ཚུལ་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༡༨/༠༩/༢༧

Leave a Reply

3 thoughts on “ང་ཚོའི་གྲོས་ཚོགས་ལ་ད་ལྟ་འགྱུར་བ་དགོས་སམ།

  1. ཡག་པོ་རེད་། སོ་སོའི་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ལ་
    དོན་གཉེར་བྱེད་དགོས། དེ་མིན་སོ་སོ་མིའི་ལུང་པར་བསྡད་ནས་འདི་རེད།
    འདི་མ་རེད། འདི་བྱེད་དགོས། འདི་བྱེད་ན་ཡག་པོ་མ་རེད་སོགས་སེམས་
    ནས་བསམ་ཚད་ལག་ལེན་དུ་མི་ཐུབ་པ་པ་ནི་ལོང་བས་
    བལྟས་ཀྱང་ཁམས་གསུམ་མཐོང་ཟེར་བའི་དཔེ་ལྟར་རོ།

  2. གཞུང་པ་ཚེ་དབང་བསོད་ནམས་

    མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
    རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
    ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
    ཆབ་སྲིད་རིག་པས་གོ་རྟོགས་མ་ཐུབ་ནས་།
    ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།

  3. གཞུང་པ་ཚེ་དབང་བསོད་ནམས་

    ང་ཚོར་ས་ཆ་ལག་ཐིལ་ཙམ་ཡང་མེད་པར་ཉལ་ས་བྱུང་ན་ཀྱོང་ས་དགོས་པ་འདུག་གམ་ཧཧཧ
    ད་ལྟའི་གྲོས་ཚོགས་འདི་ཡང་ཚགས་ཚུད་ལ་མ་ཚུད་ངང་འགྲོ་བཞིན་པ་ནས་ད་དུང་གྲོས་ཚོགས་གོང་འོག་ཧཧ
    མི་ཡུལ་དུ་ཉི་སྐྱེལ་ནས་སྡོད་རྩིས་ཡིན་ནམ་ཧཧ