ཧྥན་པིན་པིན་ལ་ཉེས་ཆད་ལྕི་མོ་བཅད་འདུག

གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཧྥན་པིན་པིན་གྱིས་རྒྱལ་ཁབ་ཀྱི་ཁྲལ་ལ་གཡོལ་ཐབས་སྦས་སྐོང་བྱས་པའི་ཉེས་མིང་འོག་ཁྱོན་རྒྱ་སྒོར་དུང་ཕྱུར་ ༨.༨ ཀྱི་ཉེས་ཆད་བཅད་ཡོད་འདུགདེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གར་སོང་ཆ་མེད་དུ་གྱུར་ནས་ཟླ་གསུམ་འགྲོ་བཞིན་ཡོད་པའི་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཧྥན་པིན་པིན་གྱིས། གཞུང་གི་དཔྱ་ཁྲལ་གན་རྒྱ་ཁག་ཅིག་གཡོལ་ཐབས་སྦས་སྐོང་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་ཅང་སུའུ་ཞིང་ཆེན་ཁྲལ་དོན་ཁང་ནས་ཧྥན་པིན་པིན་དང་མོའི་འཐུས་ཚབ་ཁེ་ལས་ཁང་ལ་ཞིབ་བཤེར་བྱས་པ་བརྒྱུད། ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ཁྱོན་རྒྱ་སྒོར་དུང་ཕྱུར་ ༨.༨ ཀྱི་ཉེས་ཆད་ཐག་གཅོད་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་ནང་ཚུད་དུ་དངུལ་ཆད་སྤྲོད་འཇལ་མ་ཐུབ་ཚེ་ཉེན་རྟོག་ཁང་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

ཡང་ཧྥན་པིན་པིན་གྱི་ལས་རོགས་ཁེ་ལས་ཁང་གཉིས་ཡོད་པ་དེས་ཁྲིམས་འགལ་ངང་སྟབས་བདེ་བསྐྲུན་ནས་ཁྲལ་དངུལ་ཉུང་འབུལ་བྱེད་རོགས་བྱས་པའི་ཉེས་མིང་འོག་ཁེ་ལས་ཁང་གཅིག་ལ་རྒྱ་སྒོར་བྱེ་བ་ ༦.༥ དང་། གཅིག་ལ་རྒྱ་སྒོར་བྱེ་བ་ ༥.༡ གི་ཉེས་ཆད་ཐག་གཅོད་བྱས་ཡོད་འདུག

དེ་རིང་ཧྥན་པིན་པིན་གྱིས་ཝེ་པའོ་སྒེར་དྲའི་ཐོག་དགོངས་སེལ་ཞུ་ཡིག་ཅིག་བཀྲམ་པའི་ནང་། ད་བར་དུ་མོ་རང་ལ་ཐོབ་པའི་གྲུབ་འབྲས་རྣམས་ནི་རྒྱལ་ཁབ་དང་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་བྱུས་བཟང་པོ་མེད་ན་རྒྱ་ཆེའི་མི་མང་གི་རོགས་རམ་ཐོབ་མེད་པ་དང་། དེ་མེད་ན་ཧྥན་པིན་པིན་ཡང་མེད་སྟབས། མོ་རང་གི་བྱེད་སྟངས་ནོར་འཁྲུལ་ཅན་དེ་ཧ་ཅང་ངོ་ཚ་དགོས་པའི་གནས་སྟངས་ཆགས་ཡོད་སྟབས། རྒྱ་ཆེའི་མི་མང་དང་རྒྱལ་ཁབ་ཁྲལ་དོན་ཁང་ལ་དགོངས་སེལ་ཞུ་ཡི་ཡོད་སྐོར་དང་། མཇུག་ཏུ་ཉེས་ཆད་རྣམས་དང་ལེན་གྱིས་སྤྲོད་འཇལ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་ཡི་གནས་ཚུལ་ནང་། ད་ལོའི་ཕྱི་ཟླ་ ༦ པའི་ཚེས་མགོ་ནས་ཧྥན་པིན་པིན་གྱིས་གན་རྒྱ་ཁག་ཅིག་གི་དཔྱ་ཁྲལ་གནད་དོན་ཡར་ཞུ་བྱས་ཡོད་པ་དང་། རྒྱ་ནག་རྒྱལ་ཁབ་ཁྲལ་ལས་ཁང་ནས་བརྟག་དཔྱད་ཞིབ་མཇུག་བྱས་པ་བརྒྱུད་མོས་འབར་མདེལ་ཆེན་པོ་གཡུགས་པ་ཞེས་པའི་གློག་བརྙན་འཁྲབ་འཁྲིད་ཚོགས་ཆུང་གི་པར་ལེན་བརྒྱུད་རིམ་ནང་བརྙན་ཡོན་ལ་སྒོར་བྱེ་བ་ ༣ བླངས་ཡོད་པ་དང་། དེའི་ཁྲོད་སྒོར་བྱེ་བ་ ༡ གཞུང་ལ་སྙན་སེང་ཞུས་ནས་དཔྱ་ཁྲལ་འཇལ་འབུལ་བྱས་ཡོད་ཀྱང་།  རྒྱ་སྒོར་བྱེ་བ་ ༢ གན་རྒྱའི་རྣམ་པའི་ཐོག་ནས་མི་སྒེར་གྱི་ཐོབ་ཁྲལ་སྒོར་ས་ཡ་ ༦ དང་ཆིག་འབུམ་བརྒྱད་ཁྲིའི་ཁྲལ་སྤྲད་མེད་པའི་ཉེས་འཛུགས་བྱུང་ཡོད་སྐོར་བསྒྲགས་འདུག

 ཧྥན་པིན་པིན་ནི་རྒྱ་ནག་ཙམ་མ་ཟད་རྒྱལ་སྤྱིའི་གློག་བརྙན་ཁྲོམ་རའི་འཁྲབ་སྟོན་མ་གྲགས་ཅན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཞབས་ཞུ་བ་ཞིག་ཀྱང་ཡིན་འདུག དེ་སྔོན་མོའི་རོགས་སྐྱོར་ལས་དོན་ཁང་དང་བོད་ལྗོངས་མངའ་རིས་བྱམས་བརྩེ་རོགས་སྐྱོར་ཚོགས་པ་གཉིས་མཉམ་འབྲེལ་གྱིས། ལོ་ལྟར་ས་གནས་དེའི་ཉམ་ཐག་བྱིས་པར་སྨན་བཅོས་རོགས་སྐྱོར་གྱི་ལས་གཞི་སྤེལ་བཞིན་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༦ ནང་སྤེལ་རྒྱུ་བྱས་ཡོད་ཀྱང་གློ་བུར་དུ་མོ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་རེད།

གསར་འགོད་པ།་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༠༣

Leave a Reply