རྒྱ་གར་ཀ་ཤི་མིར་ཁུལ་དུ་ཟིང་འཁྲུག་ཆེན་པོ་བྱུང་།

རྒྱ་གར་བྱང་ཕྱོགས་ཀ་ཤི་མིར་ནང་ངོ་རྒོལ་བ་དང་དམག་མི་བཅས་མི་གྲངས་ ༡༡ བསད་པ་དང་མི་མང་པོར་རྨས་སྐྱོན་ཕོག་པ་སོགས་ངོ་རྒོལ་ཟིང་འཁྲུག་ཆེན་པོ་བྱུང་གི་ཡོད་པས་ས་གནས་སུ་དམ་དྲག་ཤུགས་ཆེན་བྱེད་ཀྱི་འདུགརྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་བྱང་ཕྱོགས་ཀ་ཤི་མིར་ཁུལ་དུ་ངོ་རྒོལ་ཟིང་འཁྲུག་བསྟུན་མར་ཡོང་གི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཁུལ་དེའི་པལ་ཝཱ་མཱ་(Palwama)གྲོང་ཚོའི་ནང་ངོ་རྒོལ་ཟིང་འཁྲུག་བྱུང་སྐབས། ངོ་རྒོལ་བ་དང་དམག་མིའི་བར་འཁྲུག་འཛིང་ཤོར་ནས་ཉུང་མཐར་མི་མང་དཀྱུས་མ་ ༧ དང་། མཚོན་ཆ་བཟུང་བའི་དྲག་རྒོལ་བ་ ༣། དམག་མི་ ༡ བཅས་མི་ ༡༡ བསད་པ་དང་། མི་གྲངས་ ༣༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་སྟབས། ཀ་ཤི་མིར་གྱི་འགོག་རྒོལ་མགོ་འཁྲིད་ལྷན་ཚོགས་(Joint Resistance Leadership)ཞེས་པ་དེས། ཁ་སང་ཕྱི་ཚེས་ ༡༦ ནས་བཟུང་ཀ་ཤི་མིར་(Kashmir) གྱི་ས་ཁུལ་ཕལ་ཆེ་བའི་ནང་ཚོང་དོན་དང་འགྲིམ་འགྲུལ་སོགས་ཀྱི་བྱ་བ་རྣམས་གནས་སྐབས་སྒོ་བརྒྱབས་ཡོད་པ་མ་ཟད། ལྷན་ཚོགས་དེས་དེ་རིང་རེས་གཟའ་ཟླ་བ་ཉིན་སི་རི་ན་གྷར་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་དམག་སྒར་བྷ་དྷ་མི་བྷག་བར་མི་མང་གིས་ངོ་རྒོལ་གོམ་བགྲོད་བྱེད་དགོས་པའི་འབོད་སྐུལ་བྱས་པར་བརྟེན། མངའ་སྡེ་གཞུང་གིས་སི་རི་ན་གྷར་དང་པཱལ་ཝཱ་མཱ་ཁུལ་དུ་དམག་མི་ཕོན་ཆེན་འགྲེམ་འཇོག་བྱས་ཡོད་པ་མ་ཟད། ཁུལ་དེའི་མེ་འཁོར་འགྲུལ་བཞུད་གནས་སྐབས་རིང་མཚམས་བཞག་པ་དང་། གཞུང་ལམ་འགའ་ཤས་ཀྱང་ཡོངས་སུ་བཀག་པ་དང་། མི་མང་གི་འབྲེལ་ལམ་ནུས་པ་ཆུང་དུ་གཏོང་ཆེད་དྲ་ལམ་ཤུགས་ཚད་ཇེ་ཞན་དུ་བཏང་ཡོད་པ་སོགས་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་འདུག

 ཕྱི་ཚེས་ ༡༥ ཉིན་གྱི་དོན་རྐྱེན་བྱུང་རྗེས། ས་གནས་དམག་དོན་མགྲིན་ཚབ་པ་ཞིག་གིས་རྒྱ་གར་གྱི་དམག་མི་རྣམས་དུས་ནམ་ཡང་ཀ་ཤི་མིར་གྱི་མི་མང་དང་མཉམ་དུ་ཡོད་པ་དང་། མི་མང་རྣམས་འགོག་རྒོལ་མགོ་འཁྲིད་ལྷན་ཚོགས་ཀྱིས་བསྟན་པའི་ལོག་ལམ་ལ་མི་འགྲོ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། ཁུལ་དེའི་ན་གཞོན་རྣམས་རྒྱལ་ཁབ་ལ་ཁ་གཏད་བྱེད་མཁན་གྱི་ཤོག་ཁག་རྣམས་ཀྱི་གཡོ་འོག་ཏུ་ཚུད་མི་ཉན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག ཡིན་ནའང་། དེ་རིང་ཀ་ཤི་མིར་གྱི་ས་ཁུལ་འགའ་ཤས་ནང་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་གྱི་འདུག

ཟིང་འཁྲུག་དོན་རྐྱེན་བྱུང་རྗེས། པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་(Imran Khan)གྱིས་ཊུ་ཊར་དུ། རྒྱ་གར་གཞུང་གིས་ཀ་ཤི་མིར་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་དང་། པ་ཀི་སི་ཐན་གཞུང་གི་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་བྱ་རྒྱུ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་སྔར་གྱི་ཁས་ལེན་བཞིན་གནད་དོན་དེའི་ཐད་ལག་བསྟར་ནན་པོ་བྱེད་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་ཚུལ་བཀོད་ཡོད་འདུག

ཐེངས་འདིའི་ཀ་ཤི་མིར་གྱི་དོན་རྐྱེན་དེའི་རྐྱེན་གྱིས་ཀ་ཤི་མིར་གྱི་མི་མང་ལ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་དང་།ཁུལ་དེའི་ཆབ་སྲིད་ཤོག་ཁག་གཞན་རྣམས་ཀྱིས་མངའ་སྡེའི་འཛིན་སྐྱོང་གི་ཐད་ལ་སྐྱོན་བརྗོད་དྲག་པོ་བྱས་པར་བརྟེན། ཇ་མུ་ཀ་ཤི་མིར་མངའ་སྡེའི་གཞུང་འཛིན་པ་ས་ཏ་ཡཱ་པཱམ་མ་ལིག་(Gov. Satya Pal Malik) གྱིས་གནད་དོན་དེར་རྟོག་ཞིབ་འགོ་འཛུགས་དང་། དམག་མིས་དྲག་སྤྱོད་པ་རྩ་མེད་གཏོང་རྒྱུའི་ལས་གཞི་ལག་བསྟར་སྐབས། མི་དང་རྒྱུ་དངོས་སོགས་ལ་གནོད་འཚེ་མི་ཡོང་ཐབས་དགོས་སྐོར་དང་། མི་མང་ངོ་རྒོལ་གྱི་ལས་འགུལ་རིགས་ནང་ཞུགས་རྒྱུ་མེད་པའི་འབོད་སྐུལ་བྱས་ཡོད་འདུག

རྒྱ་གར་རང་བཙན་ཐོབ་པ་ནས་བཟུང་ད་བར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་ཁུལ་དུ་ངོོ་རྒོལ་ཟིང་འཁྲུག་རིགས་རྒྱུན་མ་ཆད་པར་བྱུང་ཡོད་པ་དང་། དེ་ཡང་ཕལ་ཆེ་བ་ས་ཆའི་བདག་དབང་གི་ཐད་ནས་པ་ཀི་སི་ཐན་དང་། རྒྱ་གར། དེ་བཞིན་རྒྱ་ནག་བཅས་ཀྱི་བར་དུས་རྒྱུན་རྩོད་རྙོག་མི་ཉུང་བ་ཞིག་བྱུང་གི་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཇ་མུ་ཀ་ཤི་མིར་དེ་རྩོད་རྙོག་ཅན་གྱི་ས་ཁུལ་དུ་ངོས་འཛིན་བྱས་ཡོད། ད་ལྟའི་ཆར་ཇ་མུ་ཀ་ཤི་མིར་གྱི་ས་ཁུལ་གྱི་བརྒྱ་ཆ་ ༤༣ རྒྱ་གར་གྱིས་བཟུང་ཡོད་པ་དང་། བརྒྱ་ཆ་ ༣༧ པ་ཀི་སི་ཐན། དེ་བཞིན་སྔོན་ཆད་བོད་ཀྱི་མངའ་ཁོངས་ཡིན་པའི་ས་ཆ་བརྒྱ་ཆ་ ༢༠ རྒྱ་ནག་གིས་བཙན་བཟུང་བྱས་ཡོད་འདུག ད་ལྟའི་ཇ་མུ་ཀ་ཤི་མིར་གྱི་རྙོག་དྲ་དེ་གཙོ་བོ་ས་ཁུལ་རང་སྐྱོང་དང་། ས་གནས་རང་བཙན་སོགས་ཀྱི་འབོད་སྒྲའི་འོག་ནས་མགོ་བཙུགས་ཡོད་པ་དང་། རྒྱ་གར་གཞུང་གིས་ངོ་རྒོལ་ལས་འགུལ་དེའི་རྒྱབ་ལ་པ་ཀི་སི་ཐན་ཡོད་པ་དང་། པ་ཀི་སི་ཐན་གཞུང་གིས་ཆེད་དུ་མ་དངུལ་བཏང་སྟེ་ཀ་ཤི་མིར་ནང་དྲག་སྤྱོད་པའི་ལས་འགུལ་སྤེལ་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༡༧

Leave a Reply