མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་མཐའི་བོད་ཀྱི་ཨ་ཕ་ཞིག་གི་སེམས་གཏམ།

བོད་ཀྱི་དུས་བབ།
༢༠༡༩/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ངའི་མིང་ལ་དོན་འགྲུབ་ཟེར། ཕ་ཡུལ་ཚ་ཁོ་ཁྲོ་ཆུ་ནས་ཡིན། དོ་ནུབ་ང་ལ་དུས་ཚོད་སྟོང་བ་ཡོད། ཆུང་མ་དང་ཕྲུ་གུ་གཉིས་ནང་ལ་མེད། ཁོང་ཚོ་ཆུང་མའི་ཕ་མའི་ནང་དུ་ཕྱིན་སོང་།དེ་བས་ དོ་ནུབ་ང་རང་གིས་བྱིས་པ་གསོ་སྐྱོང་བྱས་པའི་ཉམས་མྱོང་དང་བསམ་ཚུལ་ཅུང་བཤད་རྒྱུ་ཡིན།ང་རང་ལོ་བཅུ་བདུན་བར་ཚ་སྐད་མ་གཏོགས་ཨ་མདོའི་སྐད་མི་ཤེས། ལོ་བཅུ་བདུན་སྟེང་དམུ་དགེ་དགོན་པར་གྲྭ་བ་བྱས་པ་ཡིན། དམུ་དགེ་དགོན་པ་ནས་བོད་ཡིག་སྦྱོང་ཞོར་དུ་ཨ་མདོའི་སྐད་ཤེས་སོང་། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་ལ་སོང་སྟེ་ལོ་ལྔ་ལྷག་ལ་རི་མོ་སྦྱངས་བ་ཡིན། ཕྱིས་སུ་རྒྱ་གར་ལ་སོང་ནས་ལོ་བདུན་བརྒྱད་ཅིག་ལ་སློབ་སྦྱོང་བྱེད་ཞོར་དུ་རི་མོ་བྲིས་ནས་བསྡད་པ་ཡིན།

༢༠༠༥ལོར་བོད་ཀྱི་རི་མོ་བ་ཁ་ཤས་དང་ལྷན་དུ་ཨ་རི་དང་ཁ་ན་ཌའི་ནང་དུ་བོད་ཀྱི་རིག་གཞུང་འགྲེམས་སྟོན་གྱི་བྱེད་སྒོ་ཞིག་ལ་མཉམ་ཞུགས་བྱས་པ་ཡིན། ང་ཚོས་གྲོང་ཁྱེར་མང་པོ་ཞིག་གི་ནང་རིག་གཞུང་འགྲེམས་སྟོན་གྱི་སྐོར་བསྐྱོད་བྱེད་དུས་བོད་པ་གཞོན་སྐྱེས་མང་པོར་ཐུག་སོང་། གཞོན་སྐྱེས་ལ་ལས་བོད་སྐད་བཤད་ཤེས་ཀྱི་འདུག  ལ་ལས་བོད་སྐད་བཤད་ཤེས་ཀྱི་མི་འདུག ཡིན་ནའང་ཚང་མ་བོད་ལ་ཞེན་ཁོག་ཡག་པོ་ཡོད་པའི་ཚོར་སྣང་བྱུང་། ཐེངས་ཤིག་ལ་བོད་པ་གཞོན་སྐྱེས་སྐོར་ཞིག་དང་ལྷན་དུ་ཁ་བརྡ་བྱེད་སྐབས་བརྡ་མ་འཕྲོད་པའི་དཀའ་ངལ་བྱུང་སྟེ་ཕྱི་རྒྱལ་གྱི་བུད་མེད་ཅིག་གིས་སྐད་བསྒྱུར་བྱས་པ་རེད།  ཁོང་ཚོ་བྱིས་པ་ཡིན་དུས་ཕ་མས་བོད་སྐད་བཤད་མ་སོང་ཟེར།

རིག་གཞུང་འགྲེམས་སྟོན་སྐོར་བསྐྱོད་མཇུག་རྫོགས་པ་དང་ང་ཁ་ན་ཌའི་རྒྱལ་ཁབ་ཏུ་བསྡད་པ་ཡིན།  ཁ་ན་ཌའི་ནང་དུ་སློབ་གྲྭར་འགྲོ་ཞོར་དུ་ཕྱི་རྒྱལ་གྱི་བུད་མེད་ཅིག་ལ་གྲོགས་བསྒྲིགས་ཏེ་ལོ་གསུམ་ལ་མཉམ་དུ་བསྡད་པ་ཡིན། ངེད་གཉིས་ཀྱི་བར་ལ་བརྩེ་དུང་ཆགས་སོང་། སྐབས་དེར་ངའི་སེམས་ལ་ད་འགྲིག་མ་སོང་། མོ་དང་མགྱོགས་པོར་ཁ་འབྲལ་ཐབས་མ་བྱས་ན། དུས་ཡུན་རིང་བོ་འགོར་དུས་ཁ་འབྲལ་ཐུབ་ས་མ་རེད་དྲན་སོང་། སྐབས་དེར་ངེད་གཉིས་འཆམ་པོ་དང་སྐྱིད་པོ་ཡོད།  ཡིན་ཡང་སྐབས་དེར་ང་ནི་རིགས་རྒྱུད་གཙང་མ་སྤེལ་རྒྱུ་གལ་ཆེན་ལ་བརྩི་མཁན་ཞིག་ཡིན།   དེ་ནས་ངས་གྲོགས་མོར་ཁ་འབྲལ་འདོད་ཡོད་པའི་གནས་ཚུལ་དྲང་མོར་བཤད་པ་ཡིན། མོས་བློ་ཕམ་དང་བཅས་བཤད་རྒྱུར།  མོས་ང་ལ་སྤྲད་པའི་བརྩེ་དུང་དེ་གཙང་མ་ཡིན་པ་དང་དེ་ལ་འགྱུར་བ་མེད། ལོ་གཅིག་གི་རིང་ལ་ད་དུང་ང་ལ་སྒུག་རྒྱུ་ཡིན་ཞེས་བཤད་བྱུང་།  དེ་ནས་ང་མོ་དང་ཁ་བྲལ་བ་ཡིན།

ང་དང་ངའི་ཕྱི་རྒྱལ་གྱི་གྲོགས་མོ་གཉིས་ཁ་བྲལ་ཏེ་ལོ་གཅིག་ལྷག་གི་རིང་ལ་ངས་བོད་མོ་ཁ་ཤས་དང་གྲོགས་བསྒྲིགས་པ་ཡིན་མོད། ལྟ་བ་མཐུན་གྱི་མི་འདུག  ཁོང་ཚོར་བོད་སྐད་ཡིག་ལ་དོ་སྣང་དེ་ཙམ་མི་འདུག དཀའ་ངལ་ཡོད་ཚད་དངུལ་གྱིས་སེལ་ཐུབ་པའི་ཡིད་ཆེས་གནང་མཁན་ཡང་འདུག  བོད་ཀྱི་ཆོས་དང་རིག་གཞུང་གཅེས་ཉར་བྱེད་དགོས་གསུང་གི་འདུག་སྟེ། ནམ་རྒྱུན་དབྱིན་ཇིའི་གློག་བརྙན་དང་རྒྱ་གར་གྱི་གློག་བརྙན་ལ་ལྟ་ཡི་འདུག  མཚོ་ནང་གི་འབུའི་རིགས་ཟ་བ་ལའང་ཐེ་ཚོམ་མི་འདུག  ཐ་ན་རང་གི་ནང་ནས་ཀྱང་བོད་སྐད་བཤད་ཀྱི་མི་འདུག  རྒྱུ་མཚན་དེ་འདྲའི་དབང་གིས་རིགས་རྒྱུད་གཙང་མ་སྤེལ་དགོས་པའི་ལྟ་ཚུལ་ལ་འགྱུར་ལྡོག་ཐེབས་སོང་། དེ་ནས་ངའི་སེམས་ལ་ལས་འབྲས་ལ་གཙིགས་ཆེན་བྱེད་པ་དང་། བོད་ཀྱི་རིག་གནས་ལ་དགའ་མཁན་གྱི་བུད་མེད་ཅིག་ལ་ཆང་ས་རྒྱག་ཐུབ་ན་རིགས་རྒྱུད་བོད་པ་ཡིན་མིན་ལ་ཁྱད་པར་མི་འདུག་དྲན་སོང་།

དེ་ནས་ངས་སྔོན་ཆད་ཀྱི་གྲོགས་མོ་དེར་ཡང་བསྐྱར་འབྲེལ་བ་བྱས་ཏེ་མོ་དང་ལྷན་དུ་བསྡད་པ་ཡིན།  ངེད་གཉིས་གཉེན་མ་སྒྲིག་པའི་སྔོན་ལ་ངས་ཆ་རྐྱེན་ཁ་ཤས་བཏོན་པ་དཔེར་ན།  མ་འོངས་པར་ངེད་གཉིས་ཀྱི་བྱིས་པ་བོད་ལུགས་ལྟར་གསོ་སྐྱོང་བྱེད་དགོས་བ། བྱིས་པའི་མིང་ལ་བོད་མིང་འདོགས་དགོས་བ། བྱིས་པར་ངེས་པར་དུ་ནང་ཆོས་ཀྱི་སློབ་གསོ་སྤྲོད་དགོས་བ་སོགས་ཡིན། དེ་ཐམས་ཅད་མོས་ཁས་བླངས་བ་མ་ཟད། ཆ་རྐྱེན་དེ་དག་བསྒྲུབ་པར་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད་པ་ཁས་ལེན་བྱས་སོང་།  ད་ལྟ་ངེད་གཉིས་ལ་བུ་གཅིག་དང་བུ་མོ་གཅིག་ཡོད། ང་རང་གི་འདོད་པ་ལྟར་བྱིས་པ་གཉིས་གསོ་སྐྱོང་བྱེད་བཞིན་ཡོད། ངའི་ཆུང་མས་སྔོན་ཆད་ཁས་བླངས་པ་ལྟར་རྒྱབ་སྐྱོར་གཙང་མ་བྱེད་ཀྱིན་འདུག  དེར་བརྟེན་ངའི་བྱིས་པ་གཉིས་ཀྱིས་ཨ་མདོའི་འབྲོག་སྐད་གཙང་མ་བཤད་ཤེས་ཀྱི་ཡོད། ནང་བའི་སྐུ་གསུང་ཐུགས་རྟེན་གྱི་མདུན་ནས་ཕྱག་འཚལ་བའི་གོམས་གཤིས་ཡོད།  ངས་བྱིས་པ་ཁྲིད་ནས་བོད་རིགས་འདུས་སྡོད་བྱེད་སར་འགྲོ་སྐབས་ངའི་སེམས་པ་སྤྲོ་སྣང་གིས་ཁེངས་ཡོད། ངོ་མ་ཡིན།

དབྱར་ཀ་གནམ་གཤིས་ཡག་དུས་ངས་ཁོང་གཉིས་ཕྱི་རོལ་གྱི་སྐྱེད་ཚལ་དུ་ཁྲིད་ནས་གླུ་གཞས་འདྲ་བླངས། རྩེད་མོ་འདྲ་རྩེད། སྐྱེད་ཚལ་ནང་གི་དངོས་པོ་མང་པོ་ངོ་སྤྲོད་དང་ལྷན་དུ་མིང་ཚིག་རྣམས་བྱིས་པའི་རྣ་ལམ་དུ་ཐོས་སུ་འཇུག་གི་ཡོད། དགུན་ཁ་གནམ་གཤིས་ཡག་པོ་མེད་དུས་དཔེ་མཛོད་ཁང་དང་དེབ་ཚོང་ཁང་ལ་ཁྲིད་དེ་དེབ་བཀླགས་པ་ཡིན། ཕྱི་ལོགས་སུ་འགྲོ་མ་ཐུབ་པར་ནང་ལ་སྡོད་དགོས་བྱུང་དུས་བྱིས་པ་ཉོབ་འགྲོ་གི་འདུག དེ་ནས་ཁྱིམ་གྱི་དཀྱིལ་ལ་གུར་ཕུབས་ནས། རྟ་ཟོག་སེམས་ཅན་གྱི་རྩེད་ཆས་དང་ལྷན་དུ་འབྲོག་པའི་འཚོ་བ་ངོ་སྤྲོད་བྱེད་ཀྱི་ཡོད། ད་ལྟ་ངའི་བུ་ཆེས་དགའ་ཤོས་ཀྱི་རྩེད་ཆས་དེ་རྟ་ཟོག་སེམས་ཅན་རེད།

ངའི་བུ་ཟླ་བ་གསུམ་ཡིན་དུས་ནས་བོད་ཡིག་གི་དཔེ་ཆ་ལག་ཏུ་བཞག་པ་ཡིན། ཁོ་ལོ་གཅིག་ལ་བུད་དུས་ཡི་གེ་ཀློག་མ་ཐུབ་ནའང་ཡི་གེའི་མགོ་རྔ་གང་ཡིན་ཤེས་གྱི་འདུག བསམ་བཞིན་དུ་དེབ་གྱི་མགོ་རྔ་བརྗེས་ཏེ་ལག་ཏུ་བཞག་ནའང་། དེ་མ་ཐག་མགོ་རྔ་བརྗེ་བོ་རྒྱག་ཤེས་ཀྱི་འདུག དེ་ནི་བྱིས་པའི་མཐོང་སར་ཡི་གེ་ཆེན་པོ་བྲིས་ཏེ་བཞག་པ་དང་རྟག་ཏུ་དཔེ་དེབ་དང་འགྲོགས་ནས་སྡོད་དུ་བཅུག་པའི་ཤུགས་རྐྱེན་རེད་བསམ་བྱུང་།

དཔེ་མཛོད་ཁང་དང་དཔེ་ཚོང་ཁང་ལ་ཁྲིད་དུས། བྱིས་པ་གཉིས་ཀྱི་འདོད་པ་ལྟར་དཔེ་ཆ་འདེམ་སྒྲིག་བྱེད་དུ་བཅུག་ནས་ཀློག་གི་ཡོད། བོད་སྐད་རང་གི་སྟེང་ནས་ཀློག་པ་ལས་དབྱིན་ཡིག་སྟེང་ནས་ཐེངས་གཅིག་ལའང་ཀློག་མྱོང་མེད།  ཀློག་ཚར་དུས་བྱིས་པ་གཉིས་ལ་དེབ་དེ་སྔོན་མའི་ལེན་ས་དེར་ཕར་འཇོག་དགོས་པའི་གནས་ལུགས་བཤད་དེ་ཕྱིར་འཇོག་ཏུ་འཇུག་གི་ཡོད། ད་ལྟ་ངས་ལབ་མ་དགོས་པར་ངའི་བྱིས་པ་གཉིས་ལ་གོམས་གཤིས་དེ་ལེགས་པར་འཇགས་འདུག  ཀུན་སྤྱོད་དང་འབྲེལ་བའི་བྱ་བ་གང་ཡིན་ཡང་སེམས་ལྷོད་ལ་བབས་ཏེ་སློབ་གསོ་སྤྲད་པ་ཡིན་ན་བྱིས་པའི་སེམས་རྒྱུད་ལ་འཇགས་འགྲོ་ཡི་འདུག

ང་དང་བྱིས་པ་གཉིས་ལམ་བར་དུ་འགྲོ་དུས། ལམ་བར་ནས་མཐོང་བའི་དངོས་པོ་ཐམས་ཅད་ཀྱི་མིང་ང་རང་གིས་ཁ་ནས་ལབ་གྱི་ཡོད། དཔེར་ན་ཤིང་སྡོང་ཞིག་མཐོང་དུས་འདི་ན་ཤིང་སྡོང་ཞིག་འདུག་ཅེས་དང་། བྱ་གཅིག་མཐོང་ན། བྱ་ཞིག་འཕུར་ཀྱིན་འདུག་ཅེས་ལབ་གྱི་ཡོད། བྱིས་པ་ལ་ངག་ཐོག་ནས་ལན་སྟེར་བའི་ནུས་པ་མེད་ནའང་། བྱིས་པས་ཧ་གོ་ཡི་ཡོད་པ་རྣམ་འགྱུར་ལས་ཤེས་ཐུབ་གྱི་འདུག  ངའི་བྱིས་པ་གཉིས་ནགས་གསེབ་ལ་སོང་སྟེ་ས་རྡུལ་ནང་དུ་རྩེད་མོ་རྩེ་བ་ལ་ཧ་ཅང་དགའ་བོ་ཡོད་པ་རེད། ནགས་གསེབ་དང་སྐྱེད་ཚལ་ནང་དུ་རླངས་འཁོར་སོགས་ཀྱི་ཉེན་ཁ་མེད་དུས། ཁོང་གཉིས་ལ་རང་དབང་མང་པོ་ཡོད་པས་ལོས་ཡིན་འདོད།

བྱིས་པར་སྒྲིག་ལམ་འཇོག་དུས་ཁ་དོན་ཚིག་ལ་གནས་དགོས་པ་ང་རང་གི་ཉམས་མྱོང་ལས་ཤེས་སོང་། ཁ་དོན་ཚིག་ལ་གནས་ཐུབ་པ་ཡིན་ན། བྱ་བ་ཚང་མར་ནན་ཏན་བྱེད་པའི་གོམས་གཤིས་རྒྱུན་འཇགས་སུ་འགྲོ་བར་ཕན་ཐོགས་འདུག བྱིས་པས་རང་གི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ནོར་འཁྲུལ་ཞིག་བཟོས་པ་ཡིན་ན། དང་པོར་རང་གི་སེམས་ལ་བརྟག་དཔྱད་བྱེད་དགོས། སེམས་ཚོར་ཤུགས་ཀྱི་དབང་དུ་སོང་ཡོད་ན། སེམས་ལྷོད་ལ་འབབ་ཏུ་བཅུག་ནས་བྱིས་པའི་འཕོངས་ཤའི་སྟེང་ལ་ཐལ་ལྕག་རེ་གཞུས་ན་མི་སྐྱོན། ཡིན་ནའང་།བྱིས་པས་ཉེན་ཁ་ཆེ་བའི་ནོར་འཁྲུལ་བཟོས་ན་མ་གཏོགས་བྱིས་པར་རྩ་བ་ནས་གཅར་མི་ཉན།

བྱིས་པ་ལ་སྐྱག་རྫུན་བཤད་མི་ཉན། ངས་བྱིས་པ་གཉིས་ལ་སྐྱག་རྫུན་རྩ་བ་ནས་བཤད་ཀྱི་མེད་ལ། མགོ་སྐོར་ཡང་གཏོང་གི་མེད། སྒྲིག་ལམ་བཟང་ངན་གང་ཡིན་ཡང་ཁ་དོན་ཚིག་ལ་གནས་པའི་ཐོག་ནས། རྒྱུ་མཚན་དང་གནས་ལུགས་བཤད་དགོས། ཡ་རབས་བྱས་ན་བྱ་དགའ་སྤྲོད་དགོས། མ་རབས་བྱས་ན་ཆད་པ་གཅོད་དགོས། དེ་ལྟར་བྱས་ན་བྱིས་པས་ཁ་ལ་ཉན་པོ་འདུག  གནས་ལུགས་དང་རྒྱུ་མཚན་ཧ་གོ་གི་འདུག སྒྲིག་ལམ་ལ་བརྩི་སྲུང་བྱེད་ཀྱི་འདུག གལ་སྲིད་ངའི་བྱིས་པ་གཉིས་ཀྱིས་མ་རབས་ཀྱི་བྱ་བ་གཅིག་བྱས་པ་ཡིན་ན། དུས་ཚོད་སྐར་མ་གསུམ་གྱི་རིང་ལ་མལ་ཁང་དུ་བཅུག་པ་ཡིན། དེང་སྐབས་ངའི་བུས་མ་རབས་ཤིག་བྱས་པ་ཡིན་ན། རང་འགུལ་གྱིས་ཁོ་རང་ཉིད་མལ་ཁང་དུ་འཛུལ་འགྲོ་བ་དང་དུས་ཚོད་སྐར་མ་གཉིས་གསུམ་གྱི་རྗེས་ནས་ཕྱིར་བུད་ཡོང་གི་འདུག གལ་སྲིད་བྱིས་པར་སྒྲིག་ལམ་མ་བཞག་པ་ཡིན་ན། བྱིས་པ་ཆུང་ཆུང་གིས་བྱ་བ་བཟང་ངན་གྱི་དབྱེ་བ་འབྱེད་མི་ཤེས། བྱིས་པ་སྐྱག་ལངས་ལ་བཏང་བ་ཡིན་ན། བྱིས་པ་གསོ་སྐྱོང་ཡག་པོ་བྱེད་མི་ཐུབ་པས་ནན་ཏན་གནང་དགོས།

བྱིས་པ་འདེད་འཁོར་ནང་དུ་དེད་དེ་འགྲོ་སྐབས་ངས་ཁ་འདོན་བྱེད་ཀྱི་ཡོད། དཔེར་ན་ཨ་ར་པ་ཙ་འདོན་དུས། ངྷི་ངྷི་ངྷི་ཞེས་འདོན་པའི་ཚེ་འདེད་འཁོར་དེད་དེ་མགྱོགས་པོར་རྒྱུགས་པ་ཡིན། བྱིས་པ་གཉིས་ཀྱིས་ཀྱང་ཁ་ནས་ངྷི་ངྷི་ངྷི་ཞེས་དགའ་བོ་ཞེ་དྲགས་བྱེད་ཀྱི་འདུག  དེ་ནས་བྱིས་པ་ལ། ཨ་ཕ་དང་ལྷན་དུ་ཕྱི་ལོགས་སུ་འགྲོ་དུས་བོད་ཡིག་དེབ་འཛིན་དགོས་རེད་ལབ་པ་ཡིན། དེང་སྐབས་ང་དང་ལྷན་དུ་ཕྱི་ལོགས་སུ་འགྲོ་དུས་ངའི་བུས་བོད་ཡིག་གི་དཔེ་ཆ་བཟུང་ནས་ཡོང་བའི་གོམས་གཤིས་ཆགས་འདུག ཕྱི་རྒྱལ་ན་བོད་ཡིག་གི་བྱིས་དེབ་མང་པོ་མེད་པས། དྲྭ་ཐོག་ཚོང་ཁང་བརྒྱུད་ནས་ཉོ་བ་དང་། དེ་ནས་རྒྱ་གར་དང་བོད་ཡུལ་ལ་འགྲོ་མཁན་ཚོ་ལ་དེབ་མང་པོ་མངགས་པ་ཡིན།

ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་ཕ་མ་གཉིས་ཀ་བོད་པ་མ་ཡིན་པའི་བྱིས་པ་དེ་བོད་པ་གཙང་མ་ཞིག་མ་ཡིན་པའི་ལྟ་སྟངས་ཤིག་ཡོད་པའི་ཚོར་སྣང་བྱུང་། ངའི་བསམ་ཚུལ་ལ་གཙོ་ཆེ་ཤོས་ཕ་མ་གཉིས་ཀ་བོད་པ་ཡིན་མིན་ལ་ཐུག་མི་འདུག་སྙམ།  གཙོ་ཆེ་ཤོས་བྱིས་པའི་སེམས་རྒྱུད་ལ་བོད་པའི་འདུ་ཤེས་གཙང་མ་དང་བརྟན་པོ་ཞིག་འཇོག་རྒྱུ་དེ་རེད་བསམ།

མཐའ་དོན་གྲོང་ཁྱེར་ན་གནས་པའི་བོད་ཀྱི་ཕ་མ་རྣམས་ལ་རེ་བ་ཞིག་ཞུ་རྒྱུར། བྱིས་པ་ནི་མ་འོངས་པའི་ཡོད་ཚད་ཡིན་པ་ཤེས་པའི་ཐོག་ནས་བྱིས་པ་གསོ་སྐྱོང་ཡག་པོ་བྱེད་རོགས། བྱིས་པ་དང་མཉམ་དུ་དུས་ཚོད་མང་བོ་སྐྱེལ་རོགས། མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་བྱིས་པ་ཞིག་གསོ་སྐྱོང་བྱེད་མི་ཐུབ་པ་ཅི་ཡོད།  བྱིས་པའི་ཁ་ནས་ང་བོད་པ་ཡིན་ལབ་དུས་སྤོབས་པ་ཡོད་པ་ཞིག་བྱེད་དགོས། ངོ་མ་ཡིན།

ཕ་རྒན་ཡག་པོ་ཞིག་བྱེད་དགོས་བསམ་པའི་འདུན་པ་ཤུགས་ཆེན་པོ་ཞིག་རྒྱུན་དུ་ཡོད་པ་ལྟར། ངའི་ཆུང་མ་ལ་མངལ་ཆགས་པ་དང་ཆུང་མའི་མངལ་གྱི་ཐད་ནས་ངས་སྐྱབས་འགྲོ་དང་མ་ཎི་བཏོན་པ་ཡིན། མངལ་དུ་ཡོད་པའི་ཕྲུ་གུའི་ཆེད་དུ། ཆུང་མའི་ཁོར་ཡུག་ནས་བོད་གཞས་མང་པོ་བླངས་པ་ཡིན། ཆུང་མ་སྦྲུམ་མ་ཡིན་སྐབས། བྱིས་པའི་བདེ་ཐང་གི་ཆེད་དུ་ཁྱིམ་ལས་མང་ཤོས་ང་རང་གིས་འགན་ཁུར་ཏེ་ཆུང་མ་ལ་ངལ་གསོའི་དུས་ཚོད་སྟེར་གང་ཐུབ་བྱས་པ་ཡིན།

ངའི་བུ་བཙས་པ་དང་ཁོའི་མལ་ཁྲིའི་ཁོར་ཡུག་ལ་གངས་རི། རྩྭ་ཐང་། སྦྲ་གུར། རྟ་ནོར་ལུག་གསུམ་ལ་སོགས་པའི་རི་མོས་མཛེས་བཟོ་བྱས་པ་ཡིན། དེ་ནས་ཚོན་མདོག་ཡོད་པའི་ཀ་ཁའི་བྱང་བུ་བཟོས་ཏེ་ཕྲུ་གུའི་མལ་ཁྲི་མཛེས་བཟོ་བྱས་པ་ཡིན། བྱིས་པའི་མལ་ཁྲི་དང་ཐག་ཅུང་རིང་བའི་གྱང་ངོས་སུ་གསལ་བྱེད་ཀྱི་ཡི་གེ་རྣམས་ཆེན་པོར་བྲིས་ཏེ་སྦྱར་ནས་བུ་ཕྲུག་གཉིས་ལ་བོད་པའི་འདུ་ཤེས་བསྐྲུན་ཐབས་བྱས་པ་ཡིན། དེ་ནས་བྱིས་པ་གཉོར་སྐྱོང་གི་ལས་ཀ་ཆ་ཚང་ང་རང་གིས་བྱས་པ་ཡིན། དཔེར་ན་བྱིས་པ་པང་དུ་ཉར་བ། དགོང་མོར་ཡར་ལངས་ཏེ་འོ་མ་ལྡུད་པ། གྱོན་གོས་བརྗེ་བོ་རྒྱག་པ་ལ་སོགས་པའི་ལས་ཀ་ཚང་མ་ཆུང་མ་དང་འདྲ་མཉམ་གྱིས་འགན་ཁུར་ལེན་ཐུབ་ཡོད་སྙམ་པའི་སྤོབས་པ་ཡོད།

སྔོན་ཆད་ཡིན་ན་གྲོགས་པོ་ཚོ་དང་ལྷན་དུ་ཇ་ཁང་དང་འཚིག་ཇ་ཁང་སོགས་སུ་བསྡད་དེ་ཁ་བརྡ་བྱེད་རྒྱུ་དེ་ངའི་གོམས་གཤིས་ཡིན། ཡིན་ན་ཡང་། ངའི་བུ་བཙས་པ་ནས་བཟུང་བདག་གི་དགའ་ཕྱོགས་དང་གོམས་གཤིས་འགྱུར་སོང་། བྱིས་པ་དང་ལྷན་དུ་དུས་ཚོད་སྐྱེལ་བ་དང་རྩེད་མོ་རྩེ་བ་ནི་ངའི་དགའ་ཕྱོགས་དང་གོམས་གཤིས་སུ་གྱུར་སོང་།  ད་ལྟ་གྲོགས་པོ་ཁ་ཤས་ཀྱིས་ང་ལ། བྱིས་པ་བཙས་པ་དང་ལྷན་དུ་ཁྱོད་བརླག་སོང་། ཁྱོད་ཀྲོ་རན་ཀྲོར་བསྡད་ཡོད་དམ་ཞེས་ཀུ་རེ་རྩེད་བཞིན་འདུག ཕ་ཡུལ་དང་རྒྱ་གར་དུ་ཡོད་པའི་གྲོགས་པོ་ཁ་ཤས་ཀྱིས་ང་ལ་འདི་ལྟར་བརྗོད་ཀྱི་ཡོད་པ་རེད། ང་ཆུང་མ་ལ་དགའ་དྲགས་ནས་རྟག་ཏུ་བྱིས་པ་གཉོར་སྐྱོང་གི་ལས་་ཀ་བྱེད་ཀྱི་ཡོད་པ་རེད་ཅེས་ཟུར་ཟ་སོགས་བྱེད་ཀྱི་འདུག་མོད། ང་རང་གི་སེམས་ལ། བྱིས་པ་ནི་ངེད་བཟའ་མི་གཉིས་ཀྱི་ཡིན་པ་ལས་ཆུང་མ་གཅིག་པོའི་མ་ཡིན་པའི་གནས་ལུགས་ལ་འདང་རྒྱག་གི་ཡོད།

བྱིས་པ་པང་ལ་བཟུང་ནས་རྟག་པར་སྐད་ཆ་བཤད་པ། ཁོར་ཡུག་ནས་ཆོས་འདོན་པ། གླུ་གཞས་ལེན་པ་ལ་སོགས་པའི་བྱ་བ་མང་བོ་རྒྱུན་འཁྱོངས་བྱས་པ་ཡིན། ཆུང་མས་ཀྱང་ང་ལ་སེམས་ཤུགས་སྤར་བ་དང་རྒྱབ་སྐྱོར་གཙང་མ་བྱེད་ཀྱི་འདུག མོས་འདི་ལྟར་ལབ་སོང། ཁྱེད་ཀྱིས་གྲོགས་པོར་ཁ་བརྡ་བྱེད་པ་ནང་བཞིན་བྱིས་པ་ལ་སྐད་ཆ་བཤད་དགོས་པ་རེད། བྱིས་པས་གོ་ཐུབ་ཀྱི་ཡོད་པ་མ་རེད་ཅེས་བསམ་མི་ཉན” ཞེས་བསླབ་བྱ་གནང་གི་འདུག  ངའི་བུ་སྐྱེས་ནས་ལོ་གཅིག་གི་རྗེས་སུ་བུ་མོ་སྐྱེས་པ་རེད། ཁོང་གཉིས་ཀྱི་བར་ལ་ལོ་གཅིག་ལས་མེད་དུས་མཉམ་དུ་སྐྱོང་རྒྱུ་ལས་སླ་བོར་གྱུར་སོང་། ངས་ལས་ཀ་ནས་ཟླ་བ་བཅུ་གཅིག་རིང་ལ་དགོངས་པ་ཞུས་ཏེ་བྱིས་པ་གཉིས་གཉོར་སྐྱོང་བྱས་པ་ཡིན།

སྔོན་ཆད་ངས་ཕྱི་རྒྱལ་དུ་བོད་ཀྱི་བྱིས་པ་ལ་བོད་སྐད་སློབ་པའི་མཐུན་རྐྱེན་མི་ཚང་བའི་གནས་ཚུལ་མང་པོ་ཐོས་མྱོང་། ལྷག་པར་དུ་ཆེད་ལས་མཁས་པར་རློམ་མཁན་ཁ་ཤས་དང་ཉེ་འཁོར་ཀྱི་བོད་མི་ཚོས་ཕྱི་རྒྱལ་དུ་བྱིས་པ་ལ་བོད་ཀྱི་སྐད་ཡིག་སློབ་སའི་ཁོར་ཡུག་མེད་རབས།  ཕྱི་རྒྱལ་ནས་བོད་སྐད་ཡིག་དེ་སྐད་ཡིག་གཉིས་པའི་གནས་སྟངས་འོག་ནས་བྱིས་པར་ཁྲིད་དགོས་པ་མང་པོ་གསུང་གི་འདུག  ཁོང་ཚོའི་བསམ་ཚུལ་དེ་ནོར་འཁྲུལ་ཡིན་པ་ང་རང་གི་བྱིས་པ་གཉིས་ཀྱི་སྟེང་ནས་བདེན་དཔང་བྱས་ཡོད། མི་ལ་སེམས་ཤུགས་གཅོག་པའི་ལམ་སྟོན་མ་གནང་ན་ལེགས། སྔོན་ཆད་ཁོང་ཚོའི་དགོངས་ཚུལ་དེས་ང་ལའང་ཤུགས་རྐྱེན་ཐེབས་ཏེ་འདི་ལྟར་དྲན་མྱོང་། བུ་ཕྲུག་ལ་བོད་སྐད་བསླབ་མ་ཐུབ་ན་ཅི་བྱེད་བསམ་ནས་སེམས་ཁྲལ་བྱས་མྱོང་། བྱིས་པ་བོད་ལུགས་ལྟར་གསོ་སྐྱོང་བྱེད་མ་ཐུབ་ན་ཅི་བྱེད་བསམ་ནས་སེམས་པ་སྐྱོ་མྱོང་། ཡིན་ནའང་རྒྱུན་དུ་གནད་དོན་དེར་དོ་སྣང་བྱས་པ་ཡིན།  ང་ཡོད་སར་མཚོན་ན། ཕ་མ་མང་ཤོས་ཀྱིས་བོད་སྐད་ཡིག་བེད་མེད་དུ་བཞག་སྟེ་བུ་ཕྲུག་ལ་རྒྱུན་དུ་དབྱིན་སྐད་ཀྱིས་ཁ་བརྡ་བྱེད་ཀྱི་འདུག  ཕ་མ་ཁ་ཤས་ཀྱིས་བུ་ཕྲུག་ནི་རང་ཉིད་ཀྱི་དབྱིན་སྐད་སྦྱོང་བྱེད་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་ཀྱི་འདུག  སྟབས་ལེགས་པ་ཞིག་ལ་ང་བོད་ནས་ཡོང་བའི་སྐྱེས་པ་ཞིག་ལ་ཐུག་སོང་། ཁོའི་བཟའ་ཟླ་དེ་ཕྱི་རྒྱལ་བ་ཞིག་རེད། ཁོང་གཉིས་ལ་བུ་ལོ་ལྔར་ལོན་པ་ཞིག་འདུག  བུ་དེས་བོད་སྐད་ཧ་ཅང་ཡག་པོ་བཤད་ཀྱི་འདུག སྐྱེས་པ་དེ་ལས་བྱིས་པར་བོད་སྐད་ཡིག་སློབ་པའི་བྱེད་ཐབས་མང་པོ་ཧ་གོ་སོང་། ཁོང་བརྒྱུད་ནས་ལྷ་སའི་སྐད་གཙང་མ་བཤད་མཁན་གྱི་བོད་ཀྱི་བུད་མེད་ཅིག་ལ་ཐུག་སོང་། བུད་མེད་དེ་ཁ་ན་ཌ་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། མོས་ཁོ་མོའི་ཕ་མ་གཉིས་ཀྱིས་ཁྱིམ་དུ་བོད་སྐད་མ་བཤད་ན་ལན་མི་སྟེར་བའི་གནས་ཚུལ་བཤད་སོང་། དོ་སྣང་བྱ་འོས་པའི་གནས་ཚུལ་གཅིག་ནི། ལོ་བཞི་བཅུའི་སྔོན་ལ་ཁ་ན་ཌའི་ནང་དུ་བསླེབས་པའི་བོད་པ་ཚོས་བོད་སྐད་བཤད་ཤེས་ཀྱི་ཡོད་པ་དང་།  ལོ་བཅུ་ཕྲག་གཉིས་ཀྱི་ནང་དུ་ཁ་ན་ཌར་བསླེབས་པའི་བོད་པའི་བྱིས་པ་མང་ཤོས་ཀྱི་བོད་སྐད་བཤད་ཤེས་ཀྱི་མི་འདུག་པའི་གནས་ཚུལ་དེ་རེད། གང་ལྟར་གོང་གསལ་གནས་ཚུལ་དེ་དག་གིས་བྱིས་པ་བོད་ལུགས་ལྟར་གསོ་སྐྱོང་བྱེད་པ་དང་བོད་ཡིག་འབྲི་ཀློག་ཐུབ་རྒྱུ་ཡིན་པའི་གནས་ཚུལ་དེ་གསལ་བོ་ཆགས་སོང་བ་དང་ང་རང་གི་ཆོད་་སེམས་དེ་ཡང་བརྟན་པོར་གྱུར་སོང་།།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་ཡི་གེར་ཕབ།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese