དོན་འགྲུབ་བཀྲ་ཤིས། རིག་པ།(༤)

དབུ་མའི་ལམ་ཇི་ལྟར་བྱུང་། 

དབུ་མའི་ལམ་ཇི་ལྟར་བྱུང་བ་དང་དབུ་མའི་ལམ་གྱི་འགྱུར་འགྲོས་གཉིས་དཀྱུས་གཅིག་ཏུ་བཤད་རྒྱུ་ཡིན།

རྩ་བའི་ཆ་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཐོག་མ་༧གོང་ས་ཆེན་པོ་མཆོག་གིས་དགོངས་འཆར་བཏོན་པ་དང་། དེ་ལ་བོད་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་ཐོབ་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གཏན་འབེབས་གནང་ཡོད་པ་མ་ཟད། འདས་པའི་མི་ལོ་བཞི་བཅུར་ཉེ་བའི་རིང་དེང་རབས་དམངས་གཙོའི་བརྒྱུད་རིམ་ཐོག་ནས་སྔ་ཕྱི་ཐེངས་ ༦ ལ་བསྐྱར་གནོན་གཏན་འབེབས་གནང་བ་ཞིག་ཆགས་ཡོད།{1} འོག་ཏུ་ངས་དབུ་མའི་ལམ་ཇི་ལྟར་བྱུང་བའི་བརྒྱུད་རིམ་ཞུ་རྒྱུ་ཡིན།

བོད་འདི་སྤྱི་ལོའི་དུས་རབས་བདུན་པ་བརྒྱད་པའི་བཙན་པོའི་རྒྱལ་རབས་སྐབས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་བོད་རྒྱ་སོག་གསུམ་གྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་གསལ་བོར་ཡོད་པ་རེད། འོན་ཀྱང་བོད་སིལ་བུར་འཐོར་རྗེས་རྒྱ་ནག་དང་ཡར་འདེད་མར་འདེད་མང་པོ་བྱས་ཤིང་། ས་ཕག་རིན་གཙང་སྐབས་རྒྱ་ནག་དང་སོག་པོ་སོགས་ལ་འབྲེལ་ལམ་རྣམ་པ་དང་ནང་དོན་སྣ་ཚོགས་ཤིག་བྱུང་ཡོད། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་ཡུལ་ནས་མན་ཇུ་མཐར་བསྐྲོད་བཏང་སྟེ་ ༡༩༡༣ ཟླ་ ༢ ཚེས་ ༡༣ ཉིན་ཆུ་གླང་རྩ་ཚིག་བསྒྲགས་པར་གྲགས་ཀྱང་།{2} ༡༩༢༠ ཡས་མས་ནས་ཨ་མདོ་དང་ཁམས་ཕྱོགས་སུ་རྒྱ་གོ་མིན་ཏང་དམག་གིས་སུན་གཙེར་ཡང་ཡང་བྱེད་ཀྱི་ཡོད་པ་མ་ཟད། བཞི་བཅུ་ཞེ་གྲངས་ནས་གུང་བྲན་ཏང་གི་དམག་དཔུང་མདོ་སྟོད་སྨད་ཕྱོགས་སུ་འབྱོར་ཤིང་། ༡༩༥༠ ཟླ་ ༡༠ ཚེས་ ༢༡ ཉིན་ནས་བཟུང་ཆབ་མདོ་ས་ཁུལ་དུ་རྒྱ་ནག་བཅིངས་འགྲོལ་དམག་དཔུང་ཟེར་བས་དངོས་སུ་བཙན་འཛུལ་བྱས་པ་རེད།

༡༩༥༠ ལོའི་བོད་ཟླ་ ༡༡ ཚེས་ ༡༧ ཉིན། ཛ་དྲག་གི་གནས་སྟངས་འོག་༧གོང་ས་མཆོག་དགུང་ལོ་བཅུ་དྲུག་སྟེང་། བོད་པའི་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་དགོས་བྱུང་ཞིང་། དེའི་རྗེས་སུ་པེ་ཅིན་དུ་བཏང་བའི་ང་ཕོད་སོགས་བོད་པའི་སྐུ་ཚབ་རྣམས་ཀྱིས་ཀྱང་ཐབས་ཟད་ཨུ་ཐུག་གི་གནས་སྟངས་ཤིག་གི་འོག་ནས་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་{3}མིང་རྟགས་འགོད་དགོས་བྱུང་བ་མ་ཟད། སྐབས་དེར་བོད་གཞུང་དང་༧གོང་ས་མཆོག་གིས་ཀྱང་མོས་མཐུན་གྱི་རྣམ་འགྱུར་ཞིག་སྟོན་དགོས་བྱུང་ཡོད་པ་རེད། འོན་ཀྱང་། རྗེས་སུ་རྒྱ་ནག་གཞུང་ཁ་དན་ལ་མ་གནས་པར་གྲོས་དོན་རྡོག་རོལ་བཏང་སྟེ། བོད་ཁུལ་བཙན་བཟུང་གི་འཆར་གཞི་སྣ་ཚོགས་བསྒྲིགས་པ་མ་ཟད། རྒྱ་དམག་གིས་བོད་པར་བརྡབ་གསིག་སྣ་ཚོགས་བཏང་བར་བརྟེན་ཏེ། བོད་མདོ་དབུས་ཁམས་གསུམ་ནང་རྒྱ་དམག་ལ་འཐབ་རྒོལ་གྱི་མེ་ལྕེ་འབར་ཞིང་། བོད་པའི་གཞུང་དམག་དང་དམངས་དམག་མཉམ་འབྲེལ་གྱིས་རྒྱ་དམག་ལ་དྲག་འཐབ་རབས་དང་རིམ་པ་བྱས་ཏེ། ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ནས་ཟླ་ངོ་བདུན་ཙམ་རིང་བོད་མི་ ༨༧༠༠༠ ལྷག་རྒྱ་དམག་གི་ཚེ་སྲོག་ཤོར་བའི་ལོ་རྒྱུས་ཡོད།{4}

༡༩༥༩ ལོའི་ཟླ་ ༣ ཚེས་ ༡༧ ཉིན་༧གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་ས་དང་ཁ་གྱེས་དགོས་བྱུང་སྟེ། བོད་མི་བརྒྱད་ཁྲི་ལྷག་དང་མཉམ་དུ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཤིང་། ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་རྒྱ་གར་ཤར་ཕྱོགས་ཏེ་ཙུ་པུར་དུ་༸གོང་ས་མཆོག་གིས་ཐེངས་དང་པོར་རྒྱལ་སྤྱིའི་གསར་འགོད་པར་ཐུག་འཕྲད་གནང་སྟེ། གྲོས་མཐུན་དོན་ཚན་བཅུ་བདུན་དེ་ ‘རྒྱ་ནག་གཞུང་གི་བཙན་གནོད་འོག་ནས་འཇོག་དགོས་བྱུང་བ་དང་། གྲོས་མཐུན་གྱི་ནང་དོན་ཁག་ཀྱང་རྒྱ་གཞུང་ཁོ་རང་ཚོས་རྡོག་རོལ་བཏང་བ’ བཅས་ཀྱི་རྒྱུ་མཚན་གཉིས་ལ་བརྟེན་ཏེ། ད་ནས་བཟུང་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པར། བོད་རང་བཙན་བསྐྱར་གསོའི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསལ་བསྒྲགས་བསྐྱངས་པ་རེད།

ཡིན་ནའང་རྒྱལ་སྤྱིའི་འགྱུར་འགྲོས་དང་རྒྱ་ནག་གི་བཤད་སྤྱོད། བོད་པའི་གནས་སྟངས་སོགས་ལ་བསྟུན་ཏེ། ༡༩༦༧ ལོ་ཙམ་ནས་༧གོང་ས་མཆོག་གིས་རྒྱ་བོད་ཞི་འགྲིག་གི་ཐབས་ལམ་ཞིག་ལ་དགོངས་པ་བཞེས་ཡོད་སྐོར་དབུ་མའི་ལམ་གྱི་ཡིག་ཆ་ཁག་ཏུ་འཁོད་འདུག་ལ། ༧གོང་ས་མཆོག་རང་གི་གསུང་བཤད་ཅིག་གི་ནང་དུ་ “ཕྱི་ལོ་ ༡༩༥༡ ཙམ་ནས་རྒྱ་བོད་གཉིས་ཕན་ཞིག་གི་ལམ་ལ་བསམ་བློ་བཏང་བ་ཡིན” ཞེས་གསུངས་འདུག{5} གང་ལྟར། ༧གོང་ས་མཆོག་གིས་ ༡༩༧༤ ལོར་སྐབས་དེའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང་བཀའ་ཤག བོད་མི་ཤེས་ལྡན་པ་སོགས་ལ་གྲོས་བསྡུར་གནང་སྟེ། བོད་རྒྱའི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ལས་ལམ་ཁ་གཞན་མེད་པ་དང་། གྲོས་མོལ་དེ་ཡང་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་གི་ཐོག་ནས་མགོ་འཛུགས་དགོས་པ་སོགས་ལ་གཟིགས་ཏེ། བོད་ཕྱོགས་ནས་ ‘ཆེས་མཐོའི་རང་སྲིད་རང་སྐྱོང’ ཟེར་བ་ཞིག་གི་ཐོག་བསྐྱོད་རྒྱུ་གཏན་འཁེལ་གནང་བ་རེད། དེ་ནི་ཆེས་ཐོག་མར་དམངས་གཙོའི་ལམ་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདི་དབུ་བརྙས་པའི་བརྒྱུད་རིམ་དེ་ཆགས་ཡོད།

ཕྱི་ལོ་ ༡༩༧༩ ཟླ་ ༣ ཚེས་ ༡༢ ཉིན་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་རྒྱ་ནག་གི་མགོ་ཁྲིད་ཏུན་ཞའོ་ཕིན་ལ་ཐུག་འཕྲད་གནང་སྐབས། ཏུན་ཞའོ་ཕིན་གྱིས་“ བོད་རང་བཙན་མ་ཡིན་པའི་གནད་དོན་གང་ཡིན་ཡང་གྲོས་མོལ་བརྒྱུད་ཐག་གཅོད་བྱེད་ཆོག་གི་རེད།” ཟེར་བ་དང་། ཏཱ་ལའི་བླ་མ་མཆོག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཆེད་ཁོང་གི་སྐུ་ཚབ་བོད་ནང་སྐོར་སྐྱོད་གནང་ཆོག་གི་རེད་ལབ་པ་སོགས་ལ་བརྟེན་ཏེ། བོད་གཞུང་གིས་ ༡༩༧༩ ཟླ་ ༨ ཚེས་ ༢ ཉིན་ལྟ་སྐོར་ཚོགས་པ་ཐེངས་དང་པོ་བཏང་བ་རེད། འདི་ནི་བོད་ཕྱོགས་ནས་ཡོངས་གྲགས་ཐོག་དབུ་མའི་ལམ་ལ་དངོས་སུ་གོམ་པ་སྤོས་པ་ཞིག་ཆགས་ཡོད།

དུས་དེ་ནས་བཟུང་ཡོངས་གྲགས་ཐོག་བོད་ནང་ལྟ་སྐོར་ཚོགས་པ་ཐེངས་ ༤ དང་། གྲོས་མོལ་ཚོགས་པ་ཐེངས་ ༣ ཙམ་གཏོང་ཐུབ་ཡོད་ཀྱང་།{6} ༡༩༨༡ ཟླ་ ༧ ཚེས་ ༢༨ ཉིན། རྒྱ་ནག་གཞུང་གིས་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡོ་པང་གི་མཚན་ཐོག་ནས་ཏཱ་ལའི་བླ་མར་འཛིན་པའི་སྲིད་བྱུས་དོན་ཚན་ལྔ་{7}ཟེར་བ་ཞིག་རྒྱལ་ལོ་དོན་འགྲུབ་བརྒྱུད་ནས་བོད་གཞུང་ལ་སྤྲད་པའི་ནང་ “ཏཱ་ལའི་བླ་མ་སྒེར་དང་ཁོའི་ཉེ་འཁོར་གྱི་བོད་མི་ཁག་ཅིག” ཅེས་གླེང་པ་ཙམ་ལས། བོད་རྒྱའི་གནད་དོན་ཟེར་བའི་གྲོས་གཞི་ཞིག་རྩ་བ་ནས་མེད་པའི་རྣམ་འགྱུར་བསྟན་ཡོད་སྟབས། སྐབས་དེའི་བོད་རྒྱའི་འབྲེལ་གཏུག་དག་ལ་ཆབ་སྲིད་ཀྱི་ཐོག་ནས་ངལ་བ་འབྲས་མེད་ཆགས་པ་རེད།

ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན། ༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྟེང་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་{8}ཟེར་བ་ཞིག་ཁྱབ་བསྒྲགས་གནང་བར་རྒྱ་ནག་གཞུང་གིས་བོད་རང་བཙན་དང་ཕྱེད་རང་བཙན། མངོན་པར་མི་གསལ་བའི་རང་བཙན་ཟེར་བ་སོགས་ཀྱི་སྐྱོན་བརྗོད་སྣ་ཚོགས་བྱས་སྟབས། ༡༩༨༨ ཟླ་ ༦ ཚེས་ ༦ ཉིན་བཀའ་ཤག་དང་སྤྱི་འཐུས་གཉིས་ཀྱི་གོ་སྒྲིག་འོག་རྒྱ་གར་དྷ་རམ་ས་ལར་དམིགས་བསལ་ཆབ་སྲིད་ཚོགས་ཆེན་ཞིག་ཚོགས་ཏེ། ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔའི་འགྲེལ་བཤད་ཐོག་བགྲོ་གླེང་གནང་བར་མང་ཚོགས་ཀྱིས་རྒྱབ་གཉེར་ཤུགས་ཆེན་པོ་ཐོབ་ཡོད་སྟབས། ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་༧གོང་ས་མཆོག་གིས་ཧྥ་རན་སའི་སི་ཊྲས་སྦག་ཡུ་རོབ་གྲོས་ཚོགས་སྟེང་། ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔའི་འགྲེལ་བཤད་{9}ཟེར་བ་ཞིག་ཁྱབ་བསྒྲགས་གནང་བ་རེད། ཞི་བདེ་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་དང་དེའི་འགྲེལ་བཤད་གཉིས་དབུ་མའི་ལམ་གྱི་ནང་དོན་ཡིག་ཐོག་ཏུ་བཀོད་པ་ཐོག་མ་དེ་ཆགས་ཡོད།

རྒྱ་ནག་གཞུང་གིས་སྔར་བཞིན་གྲོས་གཞི་དེ་དག་ལ་ངོས་ལེན་མེད་པའི་སྐྱོན་བརྗོད་སྣ་ཚོགས་བྱས་སྟབས། ༧གོང་ས་མཆོག་གིས་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གསུང་འཕྲིན་ནང་ “མི་རིང་བར་རྒྱ་ཕྱོགས་ནས་ཁུར་ལེན་གསར་པའི་རིགས་མ་བྱུང་ཚེ། ངོས་ནས་སི་ཏྲས་སྦག་ཏུ་བཏོན་པའི་གྲོས་འཆར་འདི་དག་ལག་བསྟར་བྱེད་དགོས་པའི་འགན་ཁུར་གང་ཡང་མེད།” ཅེས་གསུངས་པ་དང་། ༡༩༩༢ ལོའི་གསུམ་དུས་གསུང་འཕྲིན་ནང་ “ལོ་གསུམ་གྱི་གོང་དུ་བཏོན་པའི་སི་ཏྲས་སྦག་གི་གྲོས་འཆར་རང་བཞིན་ནུས་མེད་ལ་གྱུར་ཟིན།” ཞེས་བཀའ་གནང་ཡོད།

༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་༧གོང་ས་མཆོག་གིས་མ་འོངས་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ཐད་མང་ཚོཊ་ལ་མང་མོས་འོས་བསྡུ་བྱ་དགོས་པའི་ལམ་སྟོན་ཕེབས་པ་ལྟར། ༡༩༩༥ ལོ་ནས་ ༡༩༩༧ ལོའི་བར་བོད་ཕྱི་ནང་གཉིས་ལ། ‘བོད་རང་བཙན་སླར་གསོ་དང་། དབུ་མའི་ལམ་རྒྱུན་འཁྱོངས། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས། དེ་མིན་གཞན་ཐབས་ལམ་གང་ཡོད’ བཅས་ཀྱི་ཐོག་བསམ་ཚུལ་གཞི་རྒྱ་ཆེན་པོ་ཞིག་བསྡུས་སྐབས། མང་མོས་འོས་བསྡུ་གནང་མི་དགོས་པར་༧གོང་ས་མཆོག་གི་དགོངས་བཞེད་གང་ཡིན་པ་དེའི་ཐོག་ཤར་སྐྱོད་བྱ་རྒྱུར་བརྒྱ་ཆ་ ༦༤ ལྷག་གིས་རྒྱབ་སྐྱོར་ཐོབ་ཡོད་སྟབས། ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ ༧གོང་ས་མཆོག་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་གཟིགས་ཏེ་དུས་ནས་དུས་སུ་བོད་དོན་ཐག་གཅོད་གནང་རྒྱུ་དང་། དེ་ལ་མང་མོས་འོས་བསྡུ་དང་གཅིག་གྱུར་བརྩི་རྒྱུ་ཡིན་པའི་སྤྱི་མོས་གྲོས་ཆོད་བཞག་ཡོད། དེ་གཞིར་བཟུང་༧གོང་ས་མཆོག་གིས་ཀྱང་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་། དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་འཛིན་རྒྱུ་ཡིན་པའི་གསལ་བསྒྲགས་གནང་པ་རེད།

ཕྱི་ལོ་ ༢༠༠༢ ལོར་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་པར་བཞུཊ་རྗེས་རྒྱ་ནག་གཞུང་དང་འབྲེལ་བ་བསྐྱར་མཐུད་བྱུང་སྟེ། བོད་རྒྱའི་སྐུ་ཚབ་བར་འབྲེལ་མོལ་ཐེངས་དགུ་དང་ནང་མོལ་ཐེངས་གཅིག་བཅས་བྱུང་ཡོད་ཀྱང་།{10}རྒྱ་ནག་གཞུང་གིས་སྐྱོན་འཛུཊ་སྣ་ཚོགས་དང་ཆ་རྐྱེན་འདྲ་མིན་བཏོན་ཏེ།{11}འབྲེལ་མོལ་དག་ལ་གྲུབ་འབྲས་དོན་དང་ལྡན་པ་ཞིག་བྱུང་མེད་མོད། རྗེས་སུ་རྒྱ་ནག་གཞུང་གིས་བོད་པའི་མངོན་འདོད་ངོ་མ་དེ་གསལ་བོ་གསུངས་རོགས་ལབ་པ་ལྟར། ༢༠༠༨།༡༠།༣༠ ཉིན་བོད་པའི་སྐུ་ཚབ་ཚོས་བོད་རིཊ་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆ་དེ་རྒྱ་གཞུང་ལ་སྤྲད་ཡོད།

རྒྱ་ནག་གཞུང་གིས་སྔར་ལྟར་༧གོང་ས་མཆོག་གིས་རང་བཙན་གྱི་ལྟ་བ་དོར་མེད་ཚུལ་སྐྱོན་བརྗོད་བྱས་པ་དང་། སྐབས་དེར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་བཅས་ལ་བརྟེན་ཏེ། ༢༠༠༨ ཟླ་ ༡༡ ཚེས་ ༡༧ ཉིན་དྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བསྐོངས་པ་རེད། སྐབས་དེར་ཡང་མི་མང་བརྒྱ་ཆ་ ༨༠ བརྒལ་བས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་ཡོད་སྟབས། ༢༠༡༠ ཟླ་ ༣ ཚེས་ ༢༠ ཉིན་སླར་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྤྱི་མོས་གྲོས་ཆོད་བཞག་སྟེ། ༢༠༡༠ ཟླ་ ༡ ཚེས་ ༢༦ ཉིན་གྱི་འབྲེལ་མོལ་མཐའ་མའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་ལ་འགྲེལ་བཤད་ཡིག་ཆ་ཞིག་རྒྱ་གཞུང་ལ་སྤྲད་པ་རེད། གོང་གི་ཡིག་ཆ་འདི་གཉིས་ད་ལྟའི་དབུ་མའི་ལམ་གྱི་འགྲེལ་བཤད་རྒྱས་ཤོས་དང་གསར་ཤོས་ཆགས་ཡོད།

མདོར་དེད་ན། དབུ་མའི་ལམ་གྱི་སྲིད་བྱུས་འདི་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་བརྟག་དཔྱད་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ། དེང་རབས་དམངས་གཙོའི་ལམ་ནས་ལེགས་བཅོས་རབས་དང་རིམ་པ་བྱས་ཏེ་ཐག་གཅོད་གནང་བའི་སྲིད་བྱུས་ཤིག་ཆགས་ཡོད།

 

དབུ་མའི་ལམ་གྱི་འགྱུར་བ།

དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་ཐག་གཅོད་གནང་སྟེ། ད་བར་ལོ་ངོ་ ༤༠ ཙམ་ཕྱིན་པའི་རིང་གཞི་རྩའི་ལྟ་གྲུབ་ལ་འགྱུར་བ་གང་ཡང་སོང་མེད་ཀྱང་། ནང་དོན་བྱེ་བྲག་པའི་ཐོག་འགྱུར་བ་ཟེར་ན་འདྲ། ཞིབ་ཇེ་ཚགས་དང་ཁ་ཇེ་གསལ་དུ་སོང་བའི་ཆ་མང་པོ་ཡོད། དཔེར་ན། ཕྱི་ལོ་ ༡༩༧༤ ནས་ ༡༩༨༨ ལོའི་བར་ང་ཚོས་‘ཆེས་མཐོའི་རང་སྲིད་རང་སྐྱོང་།’ ཟེར་བ་ཞིག་བཤད་པ་རེད། སྐབས་དེར་སྤྱི་རྡོག་ཙམ་ལས་བྱེ་བྲག་གི་དགོས་འདུན་རེ་རེ་བྱས་ཏེ་གསལ་བོ་ཡོད་པ་མ་རེད།

ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་དང་། ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་སི་ཊྲས་སྦག་གི་གསུང་བཤད་ནང་། “ཁྲིམས་ལུགས་དབང་འཛིན་དང་ཁྲིམས་བཟོ་ལྷན་ཚོགས་འཛིན་སྐྱོང་གསུམ་ལྡན་གྱི་དམངས་གཙོའི་ལམ་སྲོལ་ཅན་གྱི་རང་སྐྱོང་ཞིག་དགོས།” ཞེས་འཁོད་ཡོད། ད་དུང་ཡིག་ཆ་དེ་གཉིས་ནང་ “ཕྱི་འབྲེལ་དང་མཐའ་སྲུང་འཕུད་བའི་ནང་གི་རང་སྐྱོང་གི་དབང་ཚད་ཡོངས་རྫོགས་བོད་པ་རང་ཉིད་ལ་ཡོད་དགོས” ཞེས་བཀོད་ཡོད་ཀྱང་། ད་ལྟའི་དབུ་མའི་ལམ་གྱི་ཡིག་ཆ་ཁག་ནང་སྐད་ཆ་འདི་དག་མཐོང་རྒྱུ་མེད་པ་ཆགས་ཡོད།

ཕྱི་ལོ་ ༢༠༠༥ བཅས་ཀྱི་༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་། “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ཏུ་འདུག་རྒྱུ་འདོད་འདེམས་བྱ་རྒྱུ་ཡིན།” ཞེས་གསུངས་ཡོད། ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་། “མ་འོངས་བོད་ཀྱི་མདུན་ལམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་འཚོལ་ཐབས་བྱ་རྒྱུ་ཡིན།” ཞེས་གསུངས་ཡོད། གོང་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་གསུངས་པ་དང་། འོག་ཏུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་གསུངས་པ་གཉིས་ལའང་ཁྱད་པར་ཆེན་པོ་ཡོད།

༢༠༠༧ ཟླ་ ༡༠ ཚེས་ ༡༧ ཉིན་༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས༌རྟགས་བཞེས་སྐབས། “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་འོག བོད་ལ་དོན་དང་ལྡན་པའི་རང་སྐྱོང་ཞིག་བསྒྲུབ་བའི་ཐོག་འབབ་དགོས།” ཞེས་གསུངས་ཡོད། སྒང་དུ་རྩ་ཁྲིམས་གཅིག་པུ་ལབ་པ་དང་། འོག་ཏུ་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ཀ་ལབ་པའི་བར་དུའང་ཁྱད་པར་གང་འཚམ་ཡོད།

༢༠༠༨ ལོར་རྒྱ་གཞུང་ལ་འཕྲད་པའི་བསམ་འཆར་ཡིག་ཆའི་ནང་། དེ་སྔོན་བོད་ལ་མང་གཙོའི་ལམ་ལུགས་ཚད་དང་ལྡན་པ་ཞིག་ལག་བསྟར་བྱེད་དགོས་ཟེར་བ་དེ་བཀོད་མེད་ལ། ༢༠༡༠ ལོར་བསམ་འཆར་ཡིག་ཆ་ལ་འགྲེལ་བཤད་བྱས་པའི་ནང་དུ། རྒྱུན་འཁྱོངས་བྱེད་དགོས་པ་གསུམ་སོགས་ཁས་ལེན་བྱས་ཡོད། ང་རང་གི་མཐོང་ཚུལ་ལ་བསམ་འཆར་ཡིག་ཆ་དང་དེའི་འགྲེལ་བཤད་གཉིས་བར་དུའང་ཁྱད་པར་ཏོག་ཙམ་ཡོད་པར་མཐོང་གི་ཡོད།

གཞན། ཚིག་བེད་སྤྱོད་གཏོང་ཕྱོགས་ཀྱི་ཐད་ནས་ཀྱང་ཞིབ་ཚགས་མོར་བལྟས་ན་འགྱུར་བ་ཕྲན་བུ་རེ་ཕྱིན་ཡོད་པ་རེད། དཔེར་ན། དབུ་མའི་ལམ་ཟེར་བ་དང་རང་སྲིད་རང་སྐྱོང་ཟེར་བ་སོགས་སྐད་ཡིག་གཞན་པའི་ནང་ཕར་བསྒྱུར་ཚུར་བསྒྱུར་བྱེད་སྐབས། ཐོག་མ་དབུ་མའི་ལམ་གྱི་འགྲེལ་བཤད་དབྱིན་ཡིག་ནང་(Middle Path)དང་། རྒྱ་ཡིག་ནང་ (中庸之道)ཞེས་འཁོད་ཡོད་པ་རེད། དེའི་རྗེས་ལ་དབྱིན་ཡིག་ནང་(Middle Way Policy)དང་། རྒྱ་ཡིག་ནང་(中间道路)ཞེས་འཁོད་འདུག ད་ལྟ་ཡོངས་གྲགས་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་ལ་དབྱིན་ཡིག་ནང་ (Middle Way Approach)དང་། རྒྱ་ཡིག་ནང་(中间道路政策)ཟེར་བཞིན་ཡོད་པ་རེད། སྔོན་ཆད་ཀྱི་སྲིད་བྱུས་(Policy)ཟེར་བ་དེ་ད་ལྟ་ཐབས་ལམ་(Approach)ཞེས་པ་བེད་སྤྱོད་གནང་གི་འདུག དེ་བཞིན། དབུ་མའི་ལམ་གྱི་མཐར་ཐུག་གི་དགོངས་དོན་རང་སྲིད་རང་སྐྱོང་དེའང་སྔོན་མ་ ‘རང་སྲིད་རང་སྐྱོང’ ཟེར་བཞིན་ཡོད་ཀྱང་། ད་ལྟ་ ‘རང་སྲིད’ ཟེར་བ་དེ་བེད་སྤྱོད་གཏོང་རྒྱུ་ཇེ་ཉུང་དུ་ཕྱིན་ཏེ་ ‘རང་སྐྱོང’ གཙོ་བོར་འཛིན་གྱི་ཡོད་པའི་མཐོང་ཚུལ་ཞིག་བྱུང་སོང་། དེ་ལས་གཞན་དུའང་དངོས་ཤུགས་བརྒྱུད་གསུམ་ནས་འགྱུར་བ་ཆེ་ཕྲ་སོང་ཡོད་སྲིད་ཀྱང་། ང་རང་གིས་ཞིབ་འཇུག་བྱས་པའི་མཐོང་ཚོར་གྲུབ་དོན་འདི་ཙམ་ཡིན།

མདོ་བསྡུས་ན། དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་ནང་གི་གནས་སྟངས་དང་རྒྱ་ནག་གི་བཤད་སྤྱོད། རྒྱལ་སྤྱིའི་འགྱུར་འགྲོས། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་སོགས་ལ་བལྟས་ཏེ། དུས་ནས་དུས་སུ་༧གོང་ས་མཆོག་དང་སྐབས་དེ་དག་གི་བོད་མིའི་དབུ་ཁྲིད་ཚོས་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣར་གྲོས་འདྲི་དང་། ཤེས་ལྡན་པ་ཚོར་ལམ་སྟོན་ཞུས་ཏེ་ལེགས་བཅོས་དང་ཁ་ཇེ་གསལ་དུ་བཏང་བའི་སྲིད་བྱུས་ཡང་དག་པ་ཞིག་ཆགས་ཡོད།

 

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མུ་འགོད་བྱ་རྒྱུ་ཡིན།

གསལ་བཤད། དབུ་མའི་ལམ་ངོ་སྤྲོད་འདི་ ༢༠༡༤ ཟླ་ ༡༠ ཚེས་ ༡༤ ཉིན་ <ཉི་མ་བླ་བྲང་ཚང་།> དང་། ༢༠༡༥ ཟླ་ ༡༢ ཚེས་ ༡༧ ཉིན་ <ཆོལ་ཁ་གསུམ།> བཅས་ཀྱི་སྐད་འཕྲིན་ཚོགས་པར་སྐད་ཆ་བཤད་སྐབས་རགས་ཟིན་བཏབས་པ་རྩོམ་ཡིག་གི་རྣམ་པར་བཅོས་པ་ཡིན། འདིར་ ༼དབུ་མའི་ལམ་ཅི་ཞིག་རེད།༽ ༼དབུ་མའི་ལམ་ཇི་ལྟར་བྱུང་།༽ ༼དབུ་མའི་ལམ་ཅི་ཕྱིར་བྱུང་།༽ བཅས་ཚན་པ་གསུམ་གྱི་སྟེང་དུ། སྐབས་དེའི་དྲི་བ་དྲིས་ལན་ཁག་བོད་ནང་གི་དྲ་མིང་མཚོ་སྐྱེས་དང་བལ་ཡུལ་གྱི་སྐལ་བཟང་གཉིས་ཀྱིས་ཡིག་ཐོག་ཏུ་ཕབ་པ་བཅས་ཚན་པ་ ༤ རུ་བགོས་ཡོད་པ་ཁག་འདིར་མུ་འགོད་བྱ་རྒྱུ་ཡིན་པས། ཀློག་པ་པོ་ཚོས་དགེ་འདོན་སྐྱོན་སེལ་ལྷུག་པོར་གནང་རོགས། འདོན་ཐེངས་རྗེས་མར་ ༼དབུ་མའི་ལམ་ཅི་ཕྱིར་བྱུང་།༽ཞེས་པ་འགོད་རྒྱུ་ཡིན།

 

 

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

མཆན།

{1}དབུ་མའི་ལམ་དམངས་གཙོའི་ལམ་ནས་ཐེངས་ ༦ ལ་རྒྱབ་སྐྱོར་གཏན་འབེབས་གནང་།

༡༽ དབུ་མའི་ལམ་གྱི་ཡིག་ཆ་ཁག་ཏུ། ཕྱི་ལོ་ ༡༩༧༤ ལོར་༸གོང་ས་མཆོག་གིས་སྐབས་དེའི་བཀའ་ཤག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན། སྤྱི་ཚོགས་ནང་གི་ཤེས་ལྡན་མི་སྣ་ཚོར་བཀའ་བསྡུར་གནང་བ་བརྒྱུད་དེ། ཆེས་མཐོའི་རང་སྲིད་རང་སྐྱོང་ཞིག་གི་ཐོག་འབབ་རྒྱུ་གཏན་འབེབས་གནང་སྟེ། ཕྱི་ལོགས་སུ་གསན་ཕྱོགས་བདེ་བོ་ཡོང་བའི་ཆེད་དུ། བདེ་སྐྱིད་ཀྱི་དོན་ཟེར་བ་སོགས་ཀྱི་ཚིག་བེད་སྤྱོད་གནང་ཡོད། ཅེས་འཁོད་ཡོད་པ་དང་། ༢༠༡༥།༡༡།༣ ཉིན་བཞུགས་སྒར་ཕོ་བྲང་དུ་བརྟན་བཞུགས་སྐབས་༧གོང་ས་མཆོག་གིས། “ང་ཚོས་རྒྱལ་ཚོགས་ལ་ཞུ་བ་སོགས་མང་པོ་བྱས་པ་རེད། མཐའ་མ་ཕྱི་ལོ་ ༡༩༧༤ ལོར་ང་ཚོས་རང་བཙན་རྩོད་རྒྱུ་མིན་ལབ་སྟེ། རྒྱ་ནག་གཞུང་རང་ལ་འབྲེལ་བ་བྱེད་དགོས་ཀྱི་འདུག་ཟེར་ནས། ༡༩༧༤ ལོར་དེ་དོན་གཏན་འཁེལ་ཡིན། དེ་དུས་དབང་རྡོར་ལགས་དང་རྟ་མགྲིན་ལགས་མི་རབས་དེ་རེད། གོ་བསྡུར་བྱས་ནས་གཏན་འཁེལ་བ་རེད།” ཅེས་གསུངས་ཡོད།

༢༽ ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༦ ནས་ ༩ ཉིན་བར། རྒྱ་གར་དྷ་རམ་ས་ལར་བོད་གཞུང་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་དམིགས་བསལ་ཆབ་སྲིད་ཚོགས་ཆེན་དང་པོ་བསྐོངས་ཏེ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མི་མང་གི་སྐུ་ཚབ་ཚོགས་མི་ ༢༠༠ ལྷག་འཛོམས་ཏེ། ལོ་དེའི་ཟླ་ ༦ ཚེས་ ༡༥ ཉིན་༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་བསྐྱང་འཆར་གྱི་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་པའི་འགྲེལ་བཤད་ཐོག་ལ་གྲོས་བསྡུར་དང་བགྲོ་གླེང་མཐིལ་ཕྱིན་གནང་མཐར་རྒྱབ་གཉེར་གནང་ཡོད།

༣༽ ༡༩༩༥ ལོ་ནས་ ༡༩༩༧ ལོའི་བར་བོད་ཕྱི་ནང་གཉིས་ལ། བོད་རང་བཙན་སླར་གསོ་དང་། དབུ་མའི་ལམ་རྒྱུན་འཁྱོངས། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས། དེ་མིན་གཞན་ཐབས་ལམ་གང་ཡོད་བཅས་ཀྱི་ཐོག་བསམ་ཚུལ་གཞི་རྒྱ་ཆེན་པོ་ཞིག་བསྡུས་སྐབས། མང་མོས་འོས་བསྡུ་གནང་མི་དགོས་པར་༧གོང་ས་མཆོག་གི་དགོངས་བཞེད་གང་ཡིན་པ་དེའི་ཐོག་ཤར་སྐྱོད་བྱ་རྒྱུར་བརྒྱ་ཆ་ ༦༤ ལྷག་གིས་རྒྱབ་སྐྱོར་ཐོབ།

༤༽ ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་། ༸གོང་ས་མཆོག་ལ་རྒྱལ་སྤྱི་དང་རྒྱ་ནག་གི་གནས་བབ་ལ་གཟིགས་ཏེ་དུས་ནས་དུས་སུ་ཐག་གཅོད་མཛད་གནང་ཡོང་བ་དང་། ༸གོང་ས་མཆོག་གིས་ཐག་གཅོད་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུ་བྱུང་བ་དང་གཅིག་མཚུངས་བརྩི་རྒྱུ་ཡིན་པའི་སྤྱི་མོས་གྲོས་ཆོད་བཞག་ཡོད།

༥༽ ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ ནས་ ༢༢ ཉིན་བར་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་སྟེང་། རྒྱལ་བལ་འབྲུག་གསུམ་གྱི་བོད་མིའི་གཞིས་སྒར་ཁག་དང་། ཕྱི་རྒྱལ་ཡུ་གྲུ་ཁག དེ་བཞིན་སློབ་གྲྭ་དང་དགོན་སྡེ། མི་སྒེར་བ་དང་ཤེས་ཡོན་པ་བཅས་ཁྱོན་ཚོགས་བཅར་བ་ ༦༠༠ ལྷག་འཛོམས་ཡོད་པ་མ་ཟད། ཚོགས་བཅར་བ་མང་ཆེ་བ་མི་མང་གི་སྐུ་ཚབ་ཆགས་ཡོད་སྟབས། ས་གནས་མི་མང་གི་བསམ་ཚུལ་ཕྱོགས་སྡོམ་བྱས་ཏེ་བསྣམས་ཡོད། སྐབས་དེར་བོད་གཞུང་བདེ་སྲུང་ལས་ཁུངས་བརྒྱུད་བོད་ནང་གི་སློབ་མ་ ༣༨༦། ལས་བྱེད་༤༦༥། བླ་སྤྲུལ་དགེ་བཤེས་དང་མཁན་པོ་༢༤། གྲྭ་པ་ ༤༢༩༩། བཙུན་མ་ ༥༡༤། མི་དམངས་དཀྱུས་མ་ ༡༠༧༦༡། བཟོ་པ་ ༡༠༢། ཚོང་པ་ ༢༡༡། དགེ་རྒན་ ༡༣༢། ཆབ་སྲིད་བཙན་ཟུར་ ༢༡། ཤེས་ཡོན་ཅན་ ༦༠། སྨན་པ་ ༤། ལས་རིགས་ཁ་གསལ་མེད་པ་ ༤༡༤ བཅས་ཁྱོན་བསྡོམས་མི་ ༡༧༣༩༣ གྱི་བསམ་ཚུལ་བསྡུས་པའི་ཁྲོད། མི་ ༡༡༩༣༧ གྱིས་དབུ་མའི་ལམ་མམ་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་དང་། མི་ ༥༢༠༩ ཡིས་བོད་རང་བཙན་ལས་དབུ་མའི་ལམ་ལ་འདོད་པ་མེད་པའི་བསམ་ཚུལ་བསྟན་ཡོད། སྐབས་དེར་ཚོགས་མི་སོ་སོའི་ཡོང་ཁུངས་མང་ཚོགས་ཀྱི་བསམ་ཚུལ་ཡིག་ཐོག་ཏུ་ཕུལ་བ་བཅས་ཕྱོགས་སྡོམ་བྱས་པ་ལས་བརྒྱ་ཆ་༨༠ བརྒལ་བ་ཡིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཡོད།

༦༽ ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༠ ཉིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་༸གོང་ས་མཆོག་གི་གསུང་འཕྲིན་ཕེབས་པའི་ཐོག་བགྲོ་གླེང་གནང་རྗེས། སླར་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་སྤྱི་མོས་གྲོས་ཆོད་བཞག་ཡོད།[དབུ་མའི་ལམ་ངོ་སྤྲོད་སོགས་ཀྱི་གཞུང་འབྲེལ་ཡིག་ཆ་ཁག་ལས་བསྡུ་སྒྲིག་བྱས།]

 

{2}ཆུ་གླང་རྩ་ཚིགས།

འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའ་ལུང་།༸རྒྱལ་དབང་འཇིག་རྟེན་གསུམ་མགོན་དུས་ཀུན་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་འབོད་པའི་གཏམ། བསིལ་ལྡན་རྭ་བ་དཀར་པོས་ཁོར་ཡུག་ཏུ་བསྐོར་བའི་སྨན་ལྗོངས་ཆེན་པོ་འདིའི་ཁོངས་སུ་གཏོགས་པའི་སྐྱེ་བོ་སེར་སྐྱ་དྲག་ཞན་བར་པ་བཅས་དང་། བྱ་བ་ཞི་དྲག་གི་སྣེ་མོར་མངགས་སླེབས་མཐའ་དག་ལ་བཟློ་བ། འཕགས་པའི་ཡུལ་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདིས་ཇི་ལྟར་ལུང་དུ་བསྟན་པ་ལྟར་བསིལ་ལྡན་ས་ལའི་སྨན་ལྗོངས་འདི་བཞིན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་ཆོས་༸རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་ད་ལྟའི་བར་སྐྱེ་ཕྲེང་ཟམ་མི་ཆད་པ་བྱོན་ནས་ལྗོངས་འདི་ཕྱག་མཚན་དུ་བདག་གིར་བཞེས་ཏེ་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་ཐབས་དང་། ཐུགས་རྗེ་ཆེན་པོས་རྟག་དུ་སྐྱོང་ཞིང་། སྔར་ཇིང་གི་སི་ཁྭང་དང་། ཨལ་ཐན་རྒྱལ་པོ་སོགས་སོག་དུས་དང་། མིང་སོགས་རྒྱ་རྒྱལ་རིམ་བྱོན།༸རྒྱལ་མཆོག་ལྔ་པ་ཆེན་པོས་སྐུ་དུས་ནས་མན་ཇུ་༸གོང་མ་མཆོད་ཡོན་དུ་འབྲེལ་ཏེ་ཕན་ཚུན་སྐྱོང་རེས་ཀྱི་གནས་བཅས་དེ་ལྟར་ཡང་། བར་ལམ་ཟི་ཁྲོན་དང་། ཡུ་ནན་གྱི་རྒྱ་རིགས་ལས་བྱེད་འགའ་ནས་བོད་ས་ཟ་སེམས་ཀྱིས་དབང་ཤུགས་བརྡབྶ་མནར་ཚོད་བྱས་པས་མ་ཚད། ཆིངས་གསལ་ཚོང་རྭ་ཁག་གི་ཁྲིམས་སྲུང་ཡིན་ཚུལ་རྒྱ་དམག་ཁྱོན་ཆེ་རྒྱལ་ས་ལྷ་ལྡན་དུ་ལྷགས་འབྱོར་བྱུང་བ་བཅས་ལ་བརྟེན་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ཙམ་ལས། གཅིག་འོག་ཏུ་གཅིག་མེད་པའི་གནས་ལུགས་ཡོང་རྐྱེན་གསལ་བཤད་བྱེད་པར་ངོས་རྒྱལ་བློན་རྣམས་ས་མཚམས་སུ་བསྐྱོད་དེ་པི་ཅིང་རང་ལ་ལྕགས་སྐུད་ཐོག་ནས་བཀའ་མོལ་ཞུ་རྩིས་དེ་ལྟར་ཡང་། ངོས་ཐོན་པའི་རྗེས་སུ་གསོད་བཟུང་གང་ཐུབ་བྱེད་པར་གོ་མཚོན་ལྡན་པའི་རྒྱ་དམག་གཅིག་རྒྱབ་གཉིས་སྣོན་དུ་བཏང་རྐྱེན་རེ་ཞིག་རང་ས་བརྒལ་ཏེ་མི་འགྲོ་མཐུ་མེད་བྱུང་བ་དང་། རྒྱ་གར་དུ་འབྱོར་མཚམས་རྒྱ་ཕྱོགས་སུ་ལྕགས་འཕྲིན་ཐོག་ནས་གནས་ལུགས་སྔ་རྗེས་ཇི་ལྟར་ཞུས་ཀྱང་གནང་ཡོད་བློན་ཆེན་འགའ་ཤས་རྒྱུ་རྔན་གྱི་རྗེས་སུ་འབྲངས་ཏེ་འདི་བྱེད་གནས་ལན་སྣེ་གཅིག་མེད་མུར། ལས་འབྲས་མི་བསླུ་བའི་མཐུ་ལས་མན་ཇུ་༸གོང་མའི་ཆབ་སྲིད་མི་བརྟན་པའི་དུས་འགྱུར་མི་ཟད་པ་བྱུང་ཐོག བོད་རིགས་སྐྱེ་བོ་མཆོག་དམན་ཚང་མས་ཀྱང་རང་ནུས་གང་ཤར་གྱི་རྒྱ་དམག་དང་འཐབ་འཛིང་མུ་མཐུད་བྱས་པ་བཅས་ལ་བརྟེན་དབུས་གཙང་ཁུལ་དུ་ཡོད་པའི་རྒྱ་དམག་ཚང་མ་མཐར་བསྐྲོད་བཏང་ཟིན་ཏེ། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་གྱི་ཞིང་དུ་བདེ་འབྱོར་ཐོག ཁམས་ཕྱོགས་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་བསྐྲོད་གཏོང་རྒྱུ་བཅས། ད་ཆ་བོད་ཡུལ་འདི་བཞིན་རྒྱ་ཕྱོགས་ནས་མཆོད་ཡོན་ཁ་ལ་འཁྱེར་ཏེ་དོན་དམ་བྲན་གཡོག་དུ་བཀོལ་རྒྱུའི་བསམ་སྦྱོར་ངན་གཤོམ་དེ་དག་བྱེ་མའི་ཆངས་བུའམ། ནམ་མཁའི་འཇའ་ཚོན་ལྟར་ཅིག་ཅར་དུ་ཞི་ནས་འགྲོ་རྣམས་ཆོས་དང་། འབྱོར་པས་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ཉམས་སུ་མྱོང་བའི་སྐལ་བཟང་ཐོབ་པ་འདི་ནས་བཟུངས། ཁྱོད་རང་གོང་འཁོད་སེར་སྐྱ་དྲག་ཞན་ཚང་མས་ཉམས་སུ་ལེན་རྒྱུའི་དོན་ཚན་དང་པོར། འཇིག་རྟེན་གྱི་ཁམས་འདིར་ཕན་བདེ་མ་ལུས་པ་གང་ལས་བྱུང་བའི་གཞི་རྩ་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྙེད་དང་བཀུར་སྟི་བཅས་ཏེ་ཡུན་གནས་པ་ལ་རག་ལས་པས་ན། ལྷ་ལྡན་ར་ས་འཕྲུལ་སྣང་དང་། རྒྱས་བཏབ་ར་མོ་ཆེ། ཁྲ་བསམ་སོགས་གནས་ཆེན་ཁག་དང་། གདན་ས་གསུམ་སོགས་རིས་མེད་དགེ་འདུན་གྱི་སྡེ་མཆིས་སོ་ཅོག་ཚང་མའི་མཆོད་རྒྱུན་དང་། འཛིན་སྤྲས་ལ་དོ་དམ་ལྷོད་མེད་དགོས་རྒྱུ། དོན་ཚན་གཉིས་པ། རིས་མེད་དགོན་སྡེ་ཁག་གི་མཁན་སློབ་དགེ་འདུན་རྣམས་ནས་རང་ལུགས་མདོ་སྔགས་གསར་རྙིང་གི་དམ་པའི་ཕྱག་བཞེས་གཙང་མ་རྣམས་མི་ཉམས་གོང་འཕེལ་དང་། ཉམས་པ་གསོར་འཆུད་ཐོག ཆོ་ག་འཆད་ཉན། ཐོས་བསམ་སྒོམ་གསུམ་ལ་བརྩོན་ཞིང་། ཁས་བླངས་པའི་བཅའ་ཁྲིམས་སོགས་སྲུང་བརྩི་གང་ཆེ་དགོས་རྒྱུ། དོན་ཚན་གསུམ་པ། སྣེ་མོ་ལས་འཛིན་པ་མཆིས་སོ་ཅོག་ནས་ཁྲལ་བསྡུ། ཁྲིམས་གནོན་གྱི་བྱེད་སྒོ་ཅི་མཆིས་དྲང་པོས་གཞུང་བསྲང་གིས་གཞུང་འབངས་གཉིས་སྨན་ཐབས་ཚུལ་ལྷོད་མེད་དགོས་རྒྱུ་ལས། མངའ་རིས་བསྐོར་གསུམ་དང་། མདོ་སྨད་ཕྱོགས་སོགས་འདི་ནས་ས་ཐག་གིས་བསྐལ་བ་རྣམས་ལ་ལས་བྱེད་བསམ་མེད་རེ་ཟུང་ནས་འབམ་ཚོང་སྤུས་བསྒྱུར། དཔྱད་མཚམས་ལས་བརྒལ་བའི་རྟ་ཁལ་མི་གསུམ་གྲངས་མེད་བསྐུལ་འདེད་སོགས་ཆབ་འབངས་ཆགས་ཐབས་བྲལ་བའི་བརྡབས་མནར་དང་། ལེ་ཐོགས་ཕྲན་བུར་སྙད་དེ་ས་ཁང་གཞུང་ལེན་དང་། དབང་བོ་ཡན་ལག་གཅོད་བྲེགས་སོགས་འདི་ཕྱི་ལས་འབྲས་དང་། གཏམ་དོན་གང་ལའང་མི་བཏུབ་པའི་བྱ་ངན་འདི་རིགས་མིང་ཙམ་མེད་པ་དགོས་རྒྱུ། དོན་ཚན་བཞི་པ། བོད་འདི་རྒྱལ་ཁབ་གཞན་དག་ལྟ་བུའི་སྟོབས་འབྱོར་འཕྲུལ་ཆས་དང་མི་ལྡན་རུང་། ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་དང་ལྡན་པ་ཞིག་ཡིན་སྟབས། དེང་དུས་ཞི་དྲག་གི་ལས་དོན་གང་ཅིར་དོ་དམ་ཆེ་བསྐྱེད་ཀྱིས་རང་ས་བརྟན་སྲུང་ཐུབ་པའི་དྲག་པོའི་འདུ་འགོད་རྒྱ་ཆེ་གནང་མུས་ཡིན་ན། འཕྲལ་སྒང་དམག་འཁྲི་དང་། ཁམས་ཕྱོགས་ལམ་འཁེལ་ཁག་ལ་དཀའ་ཚེགས་ཕྲན་བུ་ཡོང་བ་གཞིར་བཅས་གཤིས། རྒྱ་ནག་ནས་མ་དག་བདག་བཟུང་སྔ་ཕྱིར་བྱུང་བའི་རྒྱུ་མཚན་སྔོན་བྱུང་ལ་བསམ་ཞིབ་ཀྱིས་ཚང་མས་མ་བསྐུལ་དང་བླངས་ཐོག་རང་ས་རང་སྐྱོང་དང་། རང་སྡེ་རང་སྲུང་བྱེད་རྒྱུའི་ཐབས་ཚུལ་ལ་ཚང་མས་ལྷག་བསམ་འཁུར་ལེན་ཆེ་བསྐྱེད་དགོས་རྒྱུ་མ་ཟད། སྟོད་སྨད། ལྷོ་བྱང་གི་ས་མཚམས་ཁག་ལ་སོ་སྲུང་ལྷོད་མེད་ཀྱིས་ཕྱི་མིའི་སོ་ཉུལ་ནང་ལྷགས་མི་འབྱུང་བའི་དམ་པོས་དམ་བཅིངས་དང་། གལ་ཏེ་དོགས་གླེང་ཕྲ་མོ་ཙམ་བྱུང་རུང་འཕྲལ་འཕྲལ་རྫོང་གཞིས་རྟ་ཤད་བརྒྱུད་ནམ་ཉིན་ཤད་རྩོལ་གྱིས་རྒྱལ་ཁབ་ཏུ་༸སྙན་སེང་དགོས་རྒྱུ་ལས། རང་བཞིན་ལྷོད་ཡངས་དང་། ཡང་དོན་མེད་རྒྱུ་ཆུང་རྐྱེན་ཆེའི་དཀྲོག་རྐྱེན་ཆེད་བཟོའི་རིགས་ནམ་ཡང་མི་ཆོག དོན་ཚན་ལྔ་པ། བོད་འདི་མི་འབོར་ཉུང་ཞིང་། ས་སྟོང་བདེ་མེད་ཤིན་ཏུ་མང་པོ་ཡོད་རུང་། འབད་རྩོལ་ཅན་འགའ་ཤས་ནས་ཕྲུ་གདུལ་བྱེད་བློ་ཤར་ཡང་། སྣེ་མོ་བ་ནས་བཟའ་འདོད་སྙད་འཚོལ་དང་། ས་བདག་རྣམས་ནས་རང་རང་གིས་ཕྲུ་གདུལ་ལག་ལེན་གང་ཡང་བྱེད་མ་ཐུབ་པར། གཞན་གྱི་བྱེད་པར་མི་བཟོད་པའི་ཕྲག་དོག་གིས་རྒྱུ་མཚན་ཅི་རིགས་སྒོ་ནས་ཡུལ་ལུང་ཡར་རྒྱས་ཀྱི་གཞི་རྩ་གཏན་བརླག་གཏོང་སྲོལ་འདི་དག་རང་གཞན་གཉིས་མེད་ཀྱི་རྒྱུ་ལས་དགེ་མཚན་གང་ཡང་མ་མཆིས་པས། ད་ནས་བཟུང་སྤྱི་ས་རི་ཀླུང་བེད་མེད་སྟོང་ལུས་ཇི་ཡོད་ལ་ཁྱིམ་པ་ཉམས་ཅན་རྩོལ་ལྡན་ནས་ས་ཞིང་འདུལ་བ་དང་། སྦྱར་ལྕང་སྐྱེ་ཚོར་ཡན་གྱི་ཕན་བདེ་སྤེལ་བའི་འདེབས་འཁོལ་གང་ཐུབ་བྱེད་པར་གཞུང་སྒེར་ཆོས་བཅས་སུས་ཀྱང་བཀག་འགོག་ནམ་ཡང་མི་ཆོག་ཅིང་། དེ་དག་དགེ་བེད་ལོ་གསུམ་ཁྲལ་མེད་དུ་སྤྱད་རྗེས་རྒྱ་ཁྱོན་དང་། དགེ་བེད་ལ་གཞིགས་པས་གཞུང་དང་། ས་བདག་གི་ཁྲལ་བོགས་གཉིས་ལོ་འགེལ་འོས་ཐོག འཛིན་བདག་གཏན་འཇགས་སུ་སྤྲད་པས་གཞུང་འབངས་གཉིས་སླེབས་ཡོང་བ་བྱེད་རྒྱུ་བཅས་གོང་དུ་ཇི་ལྟར་སྨྲོས་པ་བཞིན་ཚང་མས་ཉམས་སུ་བླངས་ན་གཞུང་སའི་བཀའ་དྲིན་གསོ་བའི་ཞབས་འདེགས་སུ་འགྱུར་ཞིང་། རང་གཞན་ཡུལ་གྲུ་ཀུན་ཏུ་བདེ་སྐྱིད་ཀྱི་དགེ་མཚན་རླབས་པོ་ཆེ་ངམ་ངམ་ཤུགས་ཀྱི་འཕེལ་ངེས་པས། ཁེ་ཉེན་ལ་བསམ་ཞིབ་ཀྱིས་ལྷ་ཆོས་དང་། མི་ཆོས་ཀྱི་བླངས་དོར་ཕྱིན་ཅི་མ་ལོག་པ་དང་ལེན་རྒྱུན་འཁྱོངས་དགོས་རྒྱུའི་རྩ་ཚིག་འདི་བཞིན་མངའ་ཁུལ་ཚང་མར་མ་གོ་མ་ཐོས་མེད་པའི་དྲིལ་བསྒྲགས་ཐོག་འདྲ་རེ་འདུ་གནས་ཆེ་སའི་ས་གནས་སུ་སྦྱར་འགྲེམས་དང་། ངོ་མ་རྫོང་གཞིས་སྤྲོད་ཁོངས་ཡིག་རིགས་དཀར་ཆག་ཏུ་བཀོད་ངོས།

ལས་བྱེད་རིམ་འབྱོར་ནས་རྩ་འཛིན་མཇུག་གནོན་རྒྱུན་འཁྱོངས་ཚུལ་བཞིན་སྤྱོད་པ་གྱིས། ཞེས་གོ་བར་བྱ་བའི་ཡི་གེ་ཆུ་མོ་གླང་གི་ལོའི་ཆོ་འཕྲུལ་ཟླ་བའི་གྲལ་ཚེས་ ༨ དགེ་བར་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏྭ་ལ་ནས་བྲིས། [<<སྲིད་དོན་རྒྱལ་རབས།>>དཔར་ཐེངས་དང་པོའི་གླེགས་བམ་གཉིས་པའི་ཤོག་ངོས་ ༢༡༩ ལས་བཤུས།]

 

{3}གྲོས་འཆར་དོན་ཚན་བཅུ་བདུན།

༡༽བོད་ཀྱི་མི་དམངས་རྣམས་མཐུན་སྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས། བོད་ཀྱི་མི་དམངས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་དགོས།

༢༽མི་དམངས་བཅིངས་བཀྲོལ་དམག་བོད་དུ་བསྐྱོད་དེ་རྒྱལ་ཁབ་བརྟན་པོར་སྲུང་རྒྱུ་ལ་བོད་ཀྱི་ས་གནས་སྲིད་གཞུང་ནས་རོགས་རམ་ལྷུར་ལེན་བྱེད་རྒྱུ།

༣༽ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་གུང་ཐང་ཀང་ལིང་གི་མི་རིགས་སྲིད་བྱུས་གཞིར་བཟུང་སྟེ། ཀྲུང་དབྱངས་མི་དམངས་སྲིད་གཞུང་ནས་གཅིག་བསྒྲིལ་གྱིས་འགོ་འཁྲིད་འོགབོད་ཀྱི་མི་དམངས་ལ་མི་རིགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱེད་རྒྱུའི་དབང་ཆ་ཡོད།

༤༽བོད་ཀྱི་ཆབ་སྲིད་ལམ་ལུགས་ད་མུས་ལ་ཀྲུང་དབྱང་གིས་བསྒྱུར་བཅོས་མི་བྱེད་པར། ཏཱ་ལའི་བླ་མའི་སྔར་ཡོད་གོ་གནས་དང་། དབང་ཆ་ལ་ཡང་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད། དཔོན་རིགས་མཐོ་དམའ་རྣམས་ཀྱང་སྔར་བཞིན་གནས་རྒྱུ།

༥༽པཎ་ཆེན་ཨེར་ཏི་ནིའི་སྔར་ཡོད་གོ་གནས་དང་དབང་ཆ་རང་འཇགས་གནས་དགོས།

༦༽ཏཱ་ལའི་བླ་མ་དང་། པན་ཆེན་ཨེར་ཏི་ནིའི་སྔར་ཡོད་ཀྱི་གོ་གནས་དང་དབང་ཆ་ཞེས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་དགུ་པ་མཐུན་པོའི་སྐབས་ཀྱི་གོ་གནས་དང་དབང་ཆ།

༧༽ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་གུང་ཐུང་ཀང་ལིང་ནང་ཐག་བཅད་པའི་ཆོས་ལུགས་ལ་དད་པ་རང་མོས་བྱས་ཆོག་པའི་སྲིད་བྱུས་ལག་ལེན་བྱས་ཏེ། བོད་མི་དམངས་ཀྱི་ཆོས་ལུགས་ལ་དད་པ་དང་ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་ལ་བརྩི་འཛིན་བྱེད་རྒྱུ་དང་། དགོན་པ་གྲྭ་ཚང་ལ་སྲུང་སྐྱོབས་བྱེད་རྒྱུ། དགོན་པ་གྲྭ་ཚང་གི་ཡོང་སྒོར་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད།

༨༽བོད་ཀྱི་དམག་སྒར་རིམ་གྱིས་བཅིངས་བཀྲོལ་དམག་ལ་ཚུར་བསྒྱུར་ནས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྲུང་བའི་དྲག་ཤུགས་ཁག་གཅིག་ཏུ་བསྒྲུབ་རྒྱུ།

༩༽བོད་ཀྱི་གནས་ཚུལ་དངོས་ཡོད་གཞིར་བཟུང་ཏེ་རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང་། ཡི་གེསློབ་གྲྭའི་སློབ་སྦྱོང་བཅས་གོང་འཕེལ་གཏོང་རྒྱུ།

༡༠༽བོད་ཀྱི་གནས་ཚུལ་དངོས་ཡོད་གཞིར་བཟུང་ཏེ་རིམ་གྱིས་བོད་ཀྱི་སོ་ནམ་དང་། འབྲོག་ལས།བཟོ་རིགས། ཚོང་ལས་རྣམས་གོང་འཕེལ་དུ་བཏང་ནས་མི་དམངས་ཀྱི་ལྟོ་གོས་སོགས་ཇེ་ལེགས་སུ་གཏོར་རྒྱུ།

༡༡༽བོད་ཀྱི་ལས་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་ཀྱིས་མི་བྱེད་པར། བོད་ཀྱི་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང་། མི་དམངས་ནས་ལེགས་བཅོས་བྱེད་དགོས་ཞུ་དུས།བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱི་ཐབས་ཤེས་ལ་བརྟེན་ན་ཐག་གཅོད་རྒྱུ།

༡༢༽སྔར་ཕན་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་དང་ཉེ་འབྲེལ་བྱེད་པའི་དཔོན་རིགས་ནས། ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་ལ་འབྲེལ་ཐག་མཐར་ཕྱིན་པ་བཅད་དེ། ད་ཕྱིན་ངོ་ལོག་དང་སྐྱོན་གནོད་མ་བྱས་ན་ལས་ཚན་རང་འཇགས་བྱས་ཆོག་པར་སྔར་བྱས་ལ་བརྩད་གཅོད་མི་བྱེད།

༡༣༽བོད་བསྐྱོད་མི་དམངས་བཅིངས་བཀྲོལ་དམག་གིས་གོང་གསལ་དོན་ཚན་རྣམས་ཀྱི་སྲིད་བྱུས་ལ་སྲུང་བརྩི་བྱེད་རྒྱུ་མ་ཟད། ཉོ་ཚོང་དྲང་བཞགམི་དམངས་ཀྱི་ཁབ་སྐུད་ཙམ་ཡང་གང་བྱུང་མི་ལེན།

༡༤༽ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བོད་ཀྱི་ས་གནས་སུ་བྱུང་བའི་ཕྱི་འབྲེལ་གྱི་ལས་དོན་མཐའ་དག་གཅིག་བསྒྲིལ་གྱི་སྒོ་ནས་བྱེད་རྒྱུ་དང་།འདྲ་མཉམ་གཉིས་ཕན། ཕན་ཚུན་གྱི་མངའ་ཁུལ་དང་རང་བཙན་གྱི་དབང་ཆ་ལ་བརྩི་འཇོག་ཐོག་ཉེ་འདབས་རྒྱལ་ཁབ་དང་ཞི་མཐུན་གྱིས་གནས་རྒྱུ་མ་ཟད། དྲང་འབྲེལ་གྱི་ཚོང་ལས་འཛུགས་རྒྱུ་དང་གོང་འཕེལ་དུ་གཏོང་རྒྱུ།

༡༥༽གྲོས་མཐུན་འདི་ལག་ལེན་དུ་བསྟར་བའི་འགན་ལེན་ཕྱིར། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བོད་ལ་དམག་སྲིད་ཨུ་ཡོན་ལྷན་ཁང་དང་ས་གནས་དམག་སྒར་གྱི་དམག་སྤྱི་ཁང་འཛུགས་རྒྱུ་དང་། ཀྲུང་དབྱང་ནས་བཏང་བའི་ལས་བྱེད་མ་ཚད། བོད་ཁུལ་གྱི་ལས་བྱེད་ཀྱང་གང་མང་རུག་སྟེ་ལས་ཀ་བྱེད་རྒྱུ། དམག་སྲིད་ཨུ་ཡོན་ལྷན་ཁང་ནང་འགྲོ་མི་རྣམས་བོད་ཀྱི་ས་གནས་སྲིད་གཞུང་དང་། ཡུལ་ཕྱོགས་སོ་སོ།དགོན་པ་གཙོ་ཆེ་བཅས་ནས་རྒྱལ་ཁབ་ལ་ཤ་ཞེན་ཡོད་པ་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བསྐོས་པའི་འཐུས་མི་དང་། གནད་ཡོད་ཀྱི་ཕྱོགས་ཚང་མ་མཉམ་གྲོས་ཐོག་ནས་མིང་ཐོ་ཕུལ་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བསྐོ་གཞག་གནང་བ་ཞུ་རྒྱུ།

༡༦།དམག་སྲིད་ཨུ་ཡོན་ལྷན་ཁང་དང་ས་གནས་དམག་སྤྱི་ཁང་། བོད་བསྐྱོད་མི་དམངས་བཅིངས་བཀྲོལ་དམག་བཅས་ཀྱི་འགྲོ་སོང་ཀྲུང་དབྱང་མི་དམངས་སྲིད་གཞུང་ནང་གཏོང་རྒྱུ། བོད་ཀྱི་ས་གནས་སྲིད་གཞུང་ནས་མི་དམངས་བཅིངས་བཀྲོལ་དམག་ལ་འབྲུ་དང་། གཞན་ཡང་ཉེར་མཁོ་བསྒྲུབ་རྒྱུ། སྐྱེལ་འདྲེན་བཅས་ལ་རོགས་རམ་བྱེད་རྒྱུ།

༡༧༽གྲོས་མཐུན་འདི་ཉིད་མིང་རྟགས་བཀོད་འཕྲལ་རྩ་བར་བཟུང་སྟེ་ལག་ལེན་བྱེད་རྒྱུ་བཅས་རེད། [༢༠༠༢ལོར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་དཔར་སྐྲུན་ཞུས་པའི་དེབ་<<བོད་དུ་ལག་བསྟར་བྱས་པའི་རྒྱ་དམར་གྱི་སྲིད་བྱུས་དང་བྱ་ཐབས།>>ཞེས་པའི་ཤོག་ངོས་ ༢༥ ནས་ ༢༨ བར་ནས་བསྡུ་སྒྲིག་བྱས།]

 

{4}བོད་མི་བསད་པའི་གྲངས་ཚད།

“ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་གྱེན་ལངས་བྱུང་། རྒྱ་དམག་གིས་དྲག་གནོན་ཚབས་ཆེན་བྱས་རྐྱེན་ཟླ་བ་བདུན་གྱི་ནང་བོད་མི་བརྒྱད་ཁྲི་བདུན་སྟོང་ཙམ་དམར་བསད་བཏང་།” [༢༠༡༤ལོར་དཔར་སྐྲུན་བྱས་པའི་<<དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད།>>ཤོག་ངོས་༡༣ལས་ལུང་འདྲེན་བྱས།]

 

{5}༧གོང་ས་མཆོག་གི་དགོངས་བཞེད།

“ང་ལོ་བཅོ་ལྔ་བཅུ་དྲུག་གི་སྐབས་ནས་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་དེ་བླངས་པ་རེད། ངས་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་འཁུར་ལེན་སྐབས་རྒྱ་མིས་བོད་ལ་བཙན་འཛུལ་མགོ་བཙུགས་ཚར་འདུག ངས་བོད་ཀྱི་ཆབ་སྲིད་ཀྱི་འགན་བླངས་པའི་ཉིན་མོ་དེ་ནས་བཟུང་རྒྱ་བོད་གཉིས་ཀྱི་དཀའ་ངལ་དེ་གཉིས་ཕན་གཉིས་མོས་ཤིག་གི་ཐོག་ནས་སེལ་རྒྱུའི་ལམ་ཁ་དེ་རང་ལ་ཕྱིན་པ་རེད།” [༧གོང་ས་མཆོག་གིས་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ། ༡༩༩༧ཟླ་ ༡ ཚེས་ ༢༣ ཉིན་མ་འོངས་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་གང་འདྲ་ཞིག་ཏུ་བསྐྱོད་རྒྱུའི་ཟབ་སྦྱོང་མཇུག་བསྡོམས་སྟེང་གསུངས་པ་ལས་ལུང་འདྲེན་བྱས།]

 

{6}བོད་རྒྱའི་འབྲེལ་གཏུག་རིམ་པ་དང་པོ།

༡༽ གཟུགས་སྐོར་སྐུ་ཚབ་ཚོགས་པ་ཐེངས་དང་པོ་ཕྱི་ལོ་ ༡༩༧༩ ཟླ་ ༨ ཚེས་ ༢ ཉིན་ནས་ཟླ་ ༡༢ ཚེས་ ༢༡ ཉིན་བར། སྐུ་ཚབ་མི་སྣ་དྲིལ་བསྒྲགས་བཀའ་བློན་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ཚོགས་གཙོ་དང་། བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས། སྐུ་གཅེན་བློ་བཟང་བསམ་གཏན། སྤྱི་འཐུས་ཚོགས་གཞོན་བློ་བཟང་དར་རྒྱས། ནང་སྲིད་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་བཅས་མི་ ༥ ཡོད། བོད་པའི་སྐུ་ཚབ་ཚོའི་རྩ་དོན་གཙོ་བོ་ ‘བོད་གཞིས་བྱེས་གཉིས་ཆགས་དགོས་པ་དང་༧གོང་ས་མཆོག་དང་བོད་མི་མང་པོ་བཙན་བྱོལ་དུ་གྱར་དགོས་དོན་བོད་དེ་དམར་པོའི་ལམ་ལུགས་ལ་གསར་བརྗེ་བྱེད་ཀྱིན་པས་མིན་པ་དང་། ཆོས་ལུགས་ཀྱི་གནད་དོན་ཡང་མིན། རྒྱ་བོད་མི་རིགས་ཀྱི་གནད་དོན་ཡང་མིན་པ་སོགས་དོན་ཚན་ ༤ ཡོད་ཅིང་། མདོ་དོན་སྙིང་བོ་བོད་མི་རིགས་ལ་བདེ་སྐྱིད་ཚད་དང་ལྡན་པ་ཞིག་ཡོང་དགོས་ཟེར་བ་དེ་ཡིན་འདུག སྐབས་དེར་བོད་ནང་གི་ཐོག་མ་མདོ་བླ་བྲང་དང་རེབ་གོང་། གཙོད། དེ་ནས་སི་ཁྲོན་རྔ་པ། དཀར་མཛེས། སྐྱེ་དགུ་མདོ། དར་མདོ། སྡེ་དགེ ཡུན་ནན། ནག་ཆུ། ལྷ་ས། གཞིས་རྩེ། གཙང་། ས་སྐྱ་བཅས་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཁག་ ༤༠ ཙམ་ནང་བསྐྱོད་ཡོད་འདུག [སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་བརྩམས་པའི་<<མི་ཚེའི་བྱུང་བ་བརྗོད་པ།>>གེགས་བམ་ ༣ པའི་ཤོག་ངོས་ ༡༣༥-༢༡༨ དང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་གསུང་བཤད་དྲ་བརྙན་སོགས་ལས་བསྡུ་སྒྲིག་བྱས།]

༢༽ གཟིགས་སྐོར་སྐུ་ཚབ་ཚོགས་པ་ཐེངས་གཉིས་པ་ ༡༩༨༠ ཟླ་ ༥ ཚེས་ ༡ ཉིན་ནས་ཟླ་ ༨ ཚེས་ ༡༥ ཉིན་བར། སྐབས་དེའི་ནེའུ་ཡོག་སྐུ་ཚབ་དོན་གཅོད་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཚོགས་གཙོ་དང་། སུད་སིའི་དོན་གཅོད་དྲུང་ཆེ་གསང་ཆོས་གསང་ཚེ་རིང་རྡོ་རྗེ། ཉི་ཧོང་དོན་གཅོད་པདྨ་རྒྱལ་བོ། བོད་ཀྱི་གཞོན་ནུའི་ཚོགས་གཙོ་བློ་བཟང་སྦྱིན་པ། དབྱིན་ཡུལ་གནས་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་དབང་རྒྱལ་བཅས་གཞོན་སྐྱེས་ཤེས་ཡོན་ཅན་ ༥ ཡོད། སྐབས་དེར་ཨ་མདོ་རྔ་པ་ནས་མགོ་བཙུགས་ཏེ་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་མང་པོར་གཟིགས་སྐོར་དང་། ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ལྷ་སའི་གཙུག་ལག་ཁང་དུ་མཆོད་སྐབས་མི་ཚོགས་ཕོན་ཆེན་པོ་འདུ་འཛོམས་བྱུང་བར། གཙུག་ལག་ཁང་གི་ཁྱམས་རའི་སྟེང་དུ་མི་མང་ལ་གཏམ་བཤད་སྤེལ་སྐབས། མང་ཚོགས་ཁྲོད་བོད་རང་བཙན་དང་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲ་ལོར་བརྟན་པོར་ཤོག་ཅེས་ཀྱི་སྐད་འབོད་བྱུང་ཡོད་འདུག ཚེས་ ༢༩ ཉིན་བློ་བུར་དུ་བོད་རང་སྐྱོང་ལྗོངས་ཀྱི་མི་སྣས་བོད་པའི་སྐུ་ཚབ་ཚོར་ཚོགས་འདུ་བསྐོངས་ཏེ་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཟེར་བའི་ལས་བྱེད་བསོད་ནམས་ནོར་བུ་ཟེར་བས། ཁྱེད་ཅག་ལྷ་སར་ཕེབས་ཏེ་རྒྱལ་ཁབ་དང་མི་རིགས་གཅིག་བསྒྲིལ་ལ་གནོད་པའི་བྱ་སྤྱོད་བྱུང་སྟབས་ཆུ་ཚོད་ ༣ ནང་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་སྟེ་བོད་པའི་སྐུ་ཚབ་རྣམས་ཉིན་དེའི་ཕྱི་དྲོར་ཕྱིར་ལོག་དགོས་བྱུང་འདུག[<<འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་དགུ་བའི་ཤོག་ངོས་ ༡༧༧ ནས་ ༡༨༡ བར་ནས་བསྡུས།]

༣༽ཤེས་རིག་སློབ་སྦྱོང་ཉམས་ཞིབ་གཟིགས་སྐོར་ཚོགས་པ་ ༡༩༨༠ ཟླ་ ༦ ཚེས་ ༡ ནས་ཟླ་ ༡༠ ཚེས་ ༣ བར། སྐབས་དེའི་དྷ་ས་བུ་ཁྱིམ་དབུ་འཛིན་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་དང་། མ་སུ་རི་གཏན་འཇགས་སློབ་གྲྭའི་སློབ་སྤྱི་ཕྱག་མཛོད་ཚང་བསོད་ནམས་རབ་བརྟན་དང་སློབ་དགེ་རྫ་ལྷ་མགོན་སྤྲུལ་སྐུ། ལ་དྭགས་བུ་གསོ་ཁང་གི་དབུ་འཛིན་དགེ་སློང་བསྟན་འཛིན། ཧོང་ཟུར་ཉིན་སློབ་དགེ་རྒན་སྐྱིད་གྲོང་དགྱེ་ཕུག་དབང་འདུས། རྡོར་གླིང་སློབ་དགེ་དབྱངས་མོ་ཚེ་རིང་བཅས་མི་ ༦ ཡོད། སྐབས་དེར་བོད་ཁྱོན་ཡོངས་སུ་སློབ་གྲྭ་ ༦༠༠༠ ལྷག་དང་སློབ་ཕྲུག་ ༢༠༠༠༠༠ ཙམ་ཡོད་སྐོར་རྒྱ་ཕྱོགས་ནས་བརྗོད་ཀྱང་། ཁོང་ཚོ་སློབ་གྲྭ་ཁག་ ༦༢ ཙམ་ནང་ལྟ་སྐོར་བྱས་སྐབས། དགེ་རྒན་མང་ཆེ་བ་འཛིན་རིམ་གསུམ་པ་བཞི་པ་འཐོན་པ་ཙམ་ལ་ལོ་གཉིས་ཡས་མས་ལ་དགེ་རྒན་སློབ་སྦྱོང་སྤྲད་དེ་མཐོ་རིམ་སློབ་ཐོན་གྱི་མིང་བཏགས་ཡོད་པ་དང་། འཛིན་གྲྭ་རེའི་ནང་སློབ་ཕྲུག་ ༧༠ ནས་ ༨༠ བར་ཡོད་ཀྱང་དགེ་རྒན་གཅིག་རེ་ལས་མེད་པ། སློབ་གྲྭ་དྲག་གྲས་ཀྱི་སློབ་ཕྲུག་མང་ཆེ་བ་རྒྱ་རིགས་ཡིན་པ་བཅས་ཀྱི་ལས་བསྡོམས་བྱུང་འདུག[<<འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་དགུ་བའི་ཤོག་ངོས་ ༡༨༩ ནས་ ༡༩༢ བར་ནས་བསྡུས། ]

༤༽གྲོས་མོལ་སྐུ་ཚབས་ཚོགས་པ་ཐེངས་དང་པོ་ ༡༩༨༢ ཟླ་ ༤ ཚེས་ ༢༤ ཉིན་ནས་ ༦ ཚེས་ ༥ ཉིན་བར། སྐབས་དེའི་སྐུ་ཚབ་ཚོར་ ‘ཉམས་ཞིབ་འབྲེལ་མཐུད་སྐུ་ཚབ་ཚོགས་པ།’ ཞེས་ཟེར་གྱི་ཡོད་པ་འདྲ། སྐབས་དེའི་སྐུ་ཚབ་དག་ནི་བདེ་སྲུང་བཀའ་བློན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་། ཆོས་ཤེས་བཀའ་བློན་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྒྱ་རི་བློ་གྲོས་རྒྱལ་མཚན་བཅས་མི་ ༣ ཡོད། སྐབས་དེར་སྐུ་ཚབ་ཚོར་ལས་དོན་དང་བཀའ་བསྡུར་གནང་ཕྱོགས་དོན་ཚན་ ༩ ཅན་ཞིག་དང་ཟུར་དུ་དོན་ཚན་ ༥ ཅན་ཞིག་བཅས་ཡོད་ཅིང་། དེ་དག་ཁྲོད་བོད་ནང་དགེ་རྒན་ ༥༠ གཏོང་རྒྱུ་དང་པེ་ཅིན་དང་ལྷ་ས་གང་རུང་དུ་མི་ ༦ ལས་གྲུབ་པའི་བཙན་བྱོལ་གཞུང་གི་སྐུ་ཚབ་འབྲེལ་མཐུད་ཁང་ཞིག་འཛུགས་རྒྱུ་སོགས་དོན་དག་མང་པོ་ཞིག་གྲ་སྒྲིག་བྱས་ཡོད་ལས། དོན་ཚན་གཞན་དག་ལ་ངོས་ལེན་བྱས་མེད་ཀྱང་བོད་ནང་དགེ་རྒན་གཏོང་རྒྱུར་ངོས་ལེན་ཙམ་བྱུང་ཡང་རྗེས་སུ་ལམ་ལྷོངས་བྱུང་མེད། [<<འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་བཅུ་པའི་ཤོག་ངོས་ ༢༤ ནས་ ༡༤༤ བར། དེ་བཞི་འཇུ་ཆེན་གྱི་གསུང་བཤད་དྲ་བརྙན། དུམ་བུ་ ༡༡། སྐར་མ་ ༥།༠༠ པ་བཅས་ལས་ཕབ་བཤུ་བྱས།]

༥༽ གྲོས་མོལ་སྐུ་ཚབ་ཚོགས་པ་ཐེངས་གཉིས་པ། ༡༩༨༤ ཟླ་ ༡༠ ཚེས་ ༡༩ ཉིན་ནས་ཟླ་ ༡༢ ཚེས་ ༨ ཉིན་བར། བཀའ་བློན་ཁྲི་པ་དང་ཆོས་ཤེས་གཅིག་གཅོག་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང་སྟག་ལྷ་ཕུན་ཚོགས་བཀྲ་ཤིས། ཕྱི་དྲིལ་དྲུང་ཆེ་ལས་འཕར་རྒྱ་རི་བློ་གྲོས་རྒྱལ་མཚན་བཅས་མི་ ༣ ཡོད། སྐབས་དེར་བོད་པའི་སྐུ་ཚབ་ཚོས་༧གོང་ས་མཆོག་ ༡༩༨༥ ལོར་བོད་ནང་ཕེབས་ཕྱོགས་དང་། ༡༩༨༣ ལོར་འཛིན་བཟུང་བྱས་པའི་བོད་མི་ ༡༦ དང་སྲོག་ཁྲིམས་བཅད་པ་ ༡༥ དག་གི་གྲོས་གཞི་འཁྱེར་ཡོད་འདུག སྐབས་དེར་པཎ་ཆེན་རིན་པོ་ཆེ་མཆོག་གིས།‘ད་མུས་བཞིན་འབྲེལ་བ་བྱེད་རྒྱུ་ཡག་པོ་རེད། བར་ལམ་ཁྱེད་རང་ཚོས་ཕྱི་རོལ་ལ་ཀྲུང་དབྱང་ལ་ངོ་རྒོལ་གྱི་ལས་འགུལ་བྱེད་པ་དེ་ཡག་པོ་མ་རེད། གང་ཡིན་ཟེར་ན། རྒྱ་མིའི་མགོ་འཁྲིད་ཀྱི་ནང་དུ་ཏཱ་ལའི་བླ་མ་དང་འབྲེལ་བ་བྱས་ན་ཡག་པོ་ཡོད་པར་ངོས་འཛིན་མཁན་ཁག་ཅིག་དང་། འབྲེལ་བ་མི་བྱེད་མཁན་ཁག་ཅིག་ཡོད། དེ་འདྲ་ཡིན་སྟབས་ཁྱད་རང་ཚོས་ཕྱི་རོལ་ནས་ཀྲུང་དབྱང་གི་སྐུ་ཚབ་ལ་ངོ་རྒོལ་ལས་འགུལ་བྱས་རྐྱེན་ཏཱ་ལའི་བླ་མ་དང་འབྲེལ་བ་བྱེད་མཁན་ཚོ་ལ་ཕམ་ཉེས་བྱུང་བ་དང་། འབྲེལ་བ་མི་བྱེད་ཟེར་མཁན་རྣམས་ལ་རྒྱལ་ཁ་འཐོབ་ཀྱི་ཡོད་པ་རེད། གནད་དོན་དེ་ཁྱད་རང་ཚོས་བསམ་བློ་ཡག་པོ་གཏོང་དགོས་པ་གལ་ཆེན་པོ་རེད།’ ཅེས་བཀའ་གནང་ཡོད་འདུག [<<འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་བཅུ་གཅིག་པའི་ཤོག་ངོས་ ༡༣༡ ནས་ ༢༢༢ བར་ནས་བསྡུས། ]

༦༽ལྟ་སྐོར་ཚོགས་པ་བཞི་པ། ༡༩༨༥ ཟླ་ ༦ ཚེས་ ༡༦ ཉིན་ནས་ཟླ་ ༩ ཚེས་ ༡༤ ཉིན་བར། ལྡི་ལི་དོན་གཅོད་ཁང་ནས་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་དང་རྩིས་ཞིབ་འགན་འཛིན་ཨ་ལག་འཇིགས་མེད། དྲིལ་བསྒྲགས་དྲུང་ཆེ་བསམ་འཕེལ། མདོ་སྨད་སྤྱི་ཟུར་སྐལ་ལྡན། མདོ་སྟོད་སྤྱི་ཟུར་བྲའུ་དཔོན་རིན་ཆེན་ཚེ་རིང་། དྲིལ་བསྒྲགས་རྒན་དྲུང་བསྟན་འཛིན་ཕུན་ཚོགས་བཅས་མི་ ༦ ཡོད། སྐབས་དེར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗངས་ལ་ཕེབས་ཆོག་མིན་ཀ་ཀོར་བྱས་ཏེ་མདོ་སྨད་ཕྱོགས་སུ་ཕེབས་ཏེ་ཕྱིར་ལོག་དགོས་བྱུང་ཡོད། [<<འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་བཅུ་གཅིག་པའི་ཤོག་ངོས་ ༣༠༤ དང་། དེབ་བཅུ་གཉིས་པའི་ཤོག་ངོས་ ༥༡ བཅས་ནས་བསྡུས། ]

༧ ༽ ལྟ་སྐོར་ཚོགས་པ་ཐེངས་བཞི་པ། ༡༩༨༦ ཟླ་ ༡༢ ཚེས་ ༢༩ ཉིན་ནས་ ༡༩༨༧ ཟླ་ ༢ ཚེས་ ༨ ཉིན་བར། སྟག་ལྷ་ཕུན་ཚོགས་བཀྲ་ཤིས། ལས་རོགས་ཡིག་འབྲི་བ་བདེ་ལེགས་སྨན་ཁང་གི་དྲུང་ཆེ་ཚེ་དབང་ཕུན་ཚོགས་བཅས་མི་ ༢ ཡོད། སྐབས་དེར་བོད་ཕྱོགས་ནས། ཤེས་རིག་ལྷན་ཁང་གིས་འདི་ལོའི་ཟླ་གསུམ་པའི་ནང་དྷ་རམ་ས་ལར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་བཅས་འཕེལ་རྒྱས་ཡོང་ཐབས་སུ་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་མཁས་པ་གང་འཚམས་གདན་འདྲེན་ཞུ་འཆར་ཡོད་པ་བཞིན། བོད་ས་ཁུལ་ནས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་རྡོ་རྗེ་རྒྱལ་བོ། སྤྲུལ་སྐུ་ཐུབ་བསྟན་ཉི་མ། དམུ་དགེ་བསམ་གཏན། དོར་ཞི་སྤྲུལ་སྐུ། ཟླ་བ་དཔལ་ལྡན་བཅས་མི་ ༦ གདན་ཞུའི་མགྲོན་ཤོག་ཕུལ་ཡོད་འདུག [སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་བརྩམས་པའི་<<མི་ཚེའི་བྱུང་བ་བརྗོད་པ།>>གེགས་བམ་ ༣ པའི་ཤོག་ངོས་ ༢༦༧-༣༠༠ ལས་བསྡུས།]

༡༽ སྐུ་གཅེན་རྒྱལ་ལོ་དོན་གྲུབ་དང་སྲས་མཁས་གྲུབ། ངག་དབང་བསྟན་པ་བཅས་རྒྱ་ནག་པེ་ཅིན་དུ་ཕེབས་པའི་ལས་བསྡོམས་ཤིག་ ༡༩༨༧ ཟླ་ ༦ཚེས་ ༡༦ ཉིན་བཀའ་ཤག་ནང་གོ་བསྡུར་དང་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་གསེང་ཞུས་པའི་གནས་ཚུལ་འདུག[ <<འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་བཅུ་གསུམ་པའི་ཤོག་ངོས་ ༡༤༦ ངོས་ནས་བསྡུས།]

༢༽ སྐུ་གཅེན་རྒྱལ་ལོ་དོན་གྲུབ་མཆོག་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཆེད་༧གོང་ས་མཆོག་གི་བཀའ་ཡིག་དང་བཅས་ ༡༩༨༧ ཟླ་ ༡༠ ནང་པེ་ཅིན་དུ་ཕེབས་ཏེ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་བཀའ་མོལ་གནང་སྟེ་ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་ཕྱིར་དྷ་རམ་ས་ལར་འབྱོར་ཏེ་ལས་བསྡོམས་བཀའ་ཤག་ལ་ཕུལ་ཡོད་འདུག [<<འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་བཅུ་གསུམ་པའི་ཤོག་ངོས་ ༣༡༠ ངོས་ནས་བསྡུས།]

༣༽ སྐུ་གཅེན་རྒྱལ་ལོ་དོན་གྲུབ་མཆོག་ ༡༩༨༧ ཟླ་ ༡༢ ཚེས་ ༢༧ ནས་ ༡༩༨༨ ཟླ་ ༡ ཚེས་ ༡༧ བར་གྱི་རྒྱ་ནག་པེ་ཅིན་དུ་བསྐྱོད་དེ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུ་ཡི་པུ་ཀྲང་ཡན་མིང་ཕུ་སོགས་དང་བཀའ་མོལ་གནང་སྟེ། སྐབས་སྔོན་མར་རྒྱལ་ལོ་དོན་གྲུབ་དང་ཡན་མིང་ཕུ་ཐུག་འཕྲད་སྐབས་བཀའ་མོལ་གནང་བའི་གནད་བསྡུས་ཟེར་བ་ཞིག་རྒྱ་ཕྱོགས་ནས་གསལ་བསྒྲགས་བྱས་པ་དེར། ཚིག་དོན་རེ་རེ་བཞིན་ལན་འདེབས་ཀྱི་ཡིག་ཆ་དོན་ཚན་ ༡༤ ཅན་ཞིག་སྤྲད་ཡོད་འདུག [<<འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས།>> དེབ་བཅུ་གསུམ་པའི་ཤོག་ངོས་ ༣༤༠ ངོས་ནས་བསྡུས།]

༤༽གྲོས་མོལ་སྐུ་ཚབ་ཐེངས་གསུམ་པ། ༡༩༩༣།༧།༡༤ ཉིན་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་བསོད་ནམས་སྟོབས་རྒྱལ་རྣམ་གཉིས་པེ་ཅིན་དུ་ཕེབས་ཏེ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་ཐུག་འཕྲད་ཀྱིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཕྱོགས་སྐོར་ལ་བཀའ་མོལ་གནང་ཡོད་འདུག[ ༢༠༠༤ ལོར་བཏོན་པའི་ ‘བོད་རྒྱའི་འབྲེལ་རིམ་ལ་དཔྱད་པ།’ ཞེས་པའི་རྩོམ་ཡིག་དང་། <<འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་དང་པོའི་ཤོག་ངོས་ ༣༠༠ སོགས་ལས་བསྡུས།]

༥༽ ༡༩༩༧ ཟླ་ ༩ པའི་ནང་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་རོགས་པར་བཀྲ་ཤིས་དཔལ་འབྱོར་རྣམ་གཉིས་ཧོང་ཀོང་དུ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་འབྲེལ་སྡེ་ཚན་གྱི་ཀྲུའུ་རིན་སྐུ་ཞབས་ཀྲའོ་ཞུ་བ་ཞིག་དང་ཐུག་འཕྲད་བྱས་ཡོད་ཀྱང་། སྐབས་དེར་ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོས་པ་ཁྱབ་བསྒྲགས་བྱས་བརྟེན་རྒྱ་ནག་གཞུང་ཁོང་གཉིས་ཕྱིར་སློག་བཏང་ཡོད་འདུག[<<འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་དང་པོའི་ཤོག་ངོས་ ༣༠༡ ལས་བསྡུས།]

༦༽ ༡༩༩༨ ཟླ་ ༣ ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་། ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་འབྲེལ་སྡེ་ཚན་གྱི་མི་སྣ་ཞའོ་ཕིང་ཟེར་བ་ཞིག་རྒྱ་ནག་ཧྲན་ཀྲེང་དུ་ཐུག་འཕྲད་ཀྱིས་བཀའ་མོལ་གནང་ཡོད་འདུག[<<འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་དང་པོའི་ཤོག་ངོས་༣༠༣ ལས་བསྡུས།]

༧༽ ༡༩༩༩ ཟླ་ ༩ ཚེས་ ༩ དང་ ༡༠ ཉིན་གཉིས་རིང་བལ་ཡུལ་དུ། ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང་རོགས་པ་བཀྲ་ཤིས་དཔལ་རྣམ་གཉིས། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་བྱེད་ཝང་ཤོན་ཧྲན་དང་ལི་ཞེས་པ་སོགས་མི་ ༤ དང་ཐུག་འཕྲད་ཀྱིས་བཀའ་མོལ་གནང་ཡོད་འདུག[<<འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་དང་པོའི་ཤོག་ངོས་ ༣༢༨ ལས་བསྡུས།]

༨༽ ༢༠༠༡ ཟླ་ ༣ ཚེས་ ༢༠ ཉིན་བལ་ཡུལ་དུ། ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང་ཁོའི་རོགས་པ་བཀྲ་ཤིས་དཔལ་འབྱོར་རྣམ་གཉིས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་འབྲེལ་སྡེ་ཚན་ཁོངས་ཏཱ་ལའི་བླ་མ་དང་འབྲེལ་བའི་ལས་དོན་ཚོགས་ཆུང་གི་མི་སྣ་ཝང་ཤོན་ཧྲན་སོགས་མི་ ༧ ཙམ་ལ་ཐུག་འཕྲད་བཀའ་མོལ་བྱུང་ཡོད་འདུག[<<འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་དང་པོའི་ཤོག་ངོས་ ༣༤༩ ལས་བསྡུས།]

༩༽ རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཕྱི་འབྲེལ་སྡེ་ཚན་ཁོངས་ཡོད་ཚོགས་ཆུང་གི་མི་སྣས་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ལ། ཧོང་ཀོང་གི་བང་མི་ཞིག་བརྒྱུད་དེ་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་དང་། ཏཱ་ལའི་བླ་མ་དང་རྒྱ་ནག་བར་བཀའ་མོལ་གནང་རྒྱུའི་ནང་དོན་ངོ་མ་གང་ཡིན། མ་འོངས་པར་དྷ་རམ་ས་ལའི་གཞུང་གི་ལས་ཀའི་འཆར་གཞི་གང་ཡོད། རྒྱལ་བ་ཀརྨ་པའི་གནས་སྟངས་དང་བྱེད་འཆར་གང་ཡོད་བཅས་དོན་ཚན་ ༤ ཡི་སྐོར་ལ་༢༠༠༡ ཟླ་ ༦ ཚེས་ ༣ ཉིན་དྲི་བ་དྲིས་ལན་ལྟ་བུའི་ཡིག་འབྲེལ་ཞིག་ཀྱང་བྱུང་ཡོད་འདུག[<<འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས།>>དེབ་དང་པོའི་ཤོག་ངོས་ ༣༧༢ ལས་བསྡུས།]

བོད་རྒྱའི་འབྲེལ་གཏུག་ལ་རིགས་གསུམ་འདུག གཅིག ༧གོང་ས་མཆོག་དང་སྐབས་དེའི་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་འབྲེལ་གཏུག གཉིས། བོད་གཞུང་གི་གཞུང་འབྲེལ་སྐུ་ཚབ་མིན་ཡང་༧གོང་ས་མཆོག་ལ་སྙན་སེང་ཞུས་ཏེ་བཀའ་འབྲེལ་གྱི་འབྲེལ་གཏུག གསུམ། ༧གོང་ས་མཆོག་དང་བོད་གཞུང་ལ་གསལ་ཆ་གང་ཡང་མེད་པར་སྒེར་བ་རེ་ཟུང་གི་འབྲེལ་གཏུག་བཅས་རེད། སྐུ་གཅེན་རྒྱལ་ལོ་དོན་གྲུབ་མཆོག་དང་ ༡༩༨༧ ཟླ་ ༦ པ་དང་། ༡༩༨༧ ཟླ་ ༡༠ པ། ༡༩༨༧ ཟླ་ ༡༢ པ། ༡༩༩༣ ཟླ་ ༧ པ་བཅས་སུ་རྒྱ་ནག་གི་མི་སྣ་དང་ཐུག་འཕྲད་གནང་བ་དང་། འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ ༡༩༩༧ ཟླ་ ༩ པ། ༡༩༩༨ ཟླ་ ༣ པ། ༡༩༩༩ ཟླ་ ༩ པ། ༢༠༠༡ ཟླ་ ༣ པ། ༢༠༠༡ ཟླ་ ༦ པ་སོགས་སུ་ཐུག་འཕྲད་གནང་བ་ཁག་བོད་རྒྱའི་བར་གྱི་གཞུང་འབྲེལ་ཐུག་འཕྲད་དུ་ངོས་འཛིན་གནང་གི་མེད་པ་མ་ཟད། གཞུང་འབྲེལ་དེབ་དང་ཡིག་ཆ་ཁག་ཏུའང་ཁ་གསལ་མེད་སྟབས། འབྲེལ་ཡོད་དོ་བདག་སོ་སོས་བྲིས་པའི་དེབ་སོགས་ལ་གཞི་བཅོལ་ཡོད་ལ། ད་དུང་འདིར་མ་ཚུད་པའི་གཞུང་ཚོགས་སྒེར་གསུམ་གྱི་འབྲེལ་གཏུག་རིགས་ཀྱང་ཡོད་སྲིད་དོ།། [རྩོམ་པ་པོའི་མཆན།]

 

{7} ཧུའུ་ཡའོ་པང་གི་མཚན་ཐོག་ནས་ཏཱ་ལའི་བླ་མར་འཛིན་པའི་སྲིད་བྱུས་དོན་ཚན་ལྔ།

༡༽ རྒྱ་ནག་རྒྱལ་ཁབ་ནི་སྤྱི་ཚོགས་བརྟན་བརླིང་དང་། མི་རིགས་འཆམ་མཐུན། སྤྱི་ཚོགས་ཡར་རྒྱས་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཀྱི་དུས་རབས་ཤིག་ཆགས་ཡོད། ཏཱ་ལའི་བླ་མ་དང་ཁོང་གི་ཉེ་འཁྲིས་སུ་ཡོད་པའི་བོད་མི་ཚོས་གནས་ཚུལ་དེར་ཤེས་རྟོགས་དང་ཡིད་ཆེས་ཐུབ་པར་བྱ་གལ་ཆེ།

༢༽ ཏཱ་ལའི་བླ་མ་དང་ཁོང་གི་སྐུ་ཚབ་ཚོས་འབྲེལ་གཏུགས་གི་གོ་རིམ་ཁྲོད་ལྷག་བསམ་རྣམ་དག་བྱེད་དགོས་པ་ལས། གབ་རེ་ཡིབ་རེ་མ་བྱེད། ཉོ་ཚོང་གི་བྱེད་སྟངས་མ་བྱེད། འདས་པའི་རྙོག་འཛིང་གི་ལོ་རྒྱུས་དེའང་མ་བཤད། ༡༩༥༩ ལོའི་ལོ་རྒྱུས་དེ་ཚང་མས་བརྗེད་དེ་རྩིས་མེད་གཏོང་རྒྱུ།

༣༽ ང་ཚོས་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འབྲང་བ་ཚོ་ཕྱིར་ལོག་སྟེ་གཞིས་སྡོད་བྱ་རྒྱུར་དགའ་བསུ་ཡོད། ང་ཚོས་ཁོང་ལོག་པར་དགའ་བསུ་ཞུ་དོན་ནི། ཁོང་གིས་ཀྲུང་གོའི་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་རྒྱ་བོད་མི་རིགས་དང་། མི་རིགས་ཁག་བར་མཐུན་བསྒྲིལ་གོང་སྤེལ་བཏང་སྟེ་དེང་རབས་ཅན་བཞི་མངོན་འགྱུར་ལ་ལེགས་སྐྱེས་འབུལ་དགོས།

༤༽ ཏཱ་ལའི་བླ་མ་ཕྱིར་ཕེབས་ཚེ་ ༡༩༥༩ ལོའི་གོང་གི་ཆབ་སྲིད་དང་འཚོ་བའི་ཐོབ་ཐང་སླར་གསོ་བྱེད་བྱ་རྒྱུ་ཡིན། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བསམ་འཆར་བཏོན་ཏེ། ཁོང་རྒྱལ་ཡོངས་འཐུས་མིའི་རྒྱུན་ལས་དང་ཨུ་ཡོན་ཀྲང་གཞོན་པར་བསྐོ་རྒྱུ་དང་། གྲོས་མོལ་བྱས་ཏེ་ཆབ་སྲིད་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གནང་ཆོག འོན་ཀྱང་། ཕྱིར་བོད་དུ་ལོག་མི་དགོས་པར་པེ་ཅིན་དུ་བཞུགས་རྒྱུ་དང་བོད་ཀྱི་ལས་འགན་ཡང་འཁུར་མི་དགོས་པར་དེང་སྐབས་བོད་ཀྱི་ལོ་གཞོན་ཡར་བསླེབས་ཡོད་པ་ཚོས་ལས་ཀ་ཡག་པོ་བྱེད་ཀྱིན་ཡོད། འོན་ཀྱང་སྐབས་རེར་བོད་ནང་ལྟ་སྐོར་དུ་བསྐྱོད་ཆོག དེ་མིན་ང་ཚོས་ཁོང་གི་རྗེས་འབྲང་པ་ཚོར་འོས་འཚམས་ཀྱི་ལས་གནས་བཀོད་སྒྲིག་བྱེད་རྒྱུ་ཡིན།

༥༽ ཏཱ་ལའི་བླ་མ་མཆོག་ཕྱིར་ལོག་ཕེབས་འདུན་ཡོད་ཚེ་གནས་ཚུལ་དེའི་སྐོར་གསལ་བསྒྲགས་མདོར་བསྡུས་ཤིག་སྤེལ་ན་འགྲིག་པ་དང་། གསལ་བསྒྲགས་ཀྱི་ནང་དོན་ཡང་ཁོང་གི་ཐུགས་འདོད་ལྟར་གནང་ཆོག ཁོང་ཕྱིར་ལོག་པའི་དུས་ཚོད་ང་ཚོར་གསུང་དང་། ཧོང་ཀོང་བརྒྱུད་ཕེབས་ཚེ་ང་ཚོས་པུའུ་ཀྲང་གི་གནས་རིམ་ཡོད་པ་ཞིག་གིས་སྣེ་ལེན་ཕེབས་བསུ་ཞུ་རྒྱུ་དང་། གལ་སྲིད་མཁའ་ཐོག་ནས་ཕེབས་ཀྱང་ང་ཚོས་གཞི་རྒྱ་ངེས་ཅན་གྱི་ཕེབས་བསུ་ཞུ་རྒྱུ་ཡིན་ལ། དེའི་སྐོར་གྱི་གསར་འགྱུར་ཁྱབ་བསྒྲགས་ཀྱང་བྱེད་ཆོག [སྤྱི་ཟུར་དྭངས་ཤར་ཡོན་ཏན་རྒྱ་མཚོས་བརྩམས་པའི་<<བོད་གཞིས་བྱེས་གཉིས་སུ་རང་གི་མཐོང་ཐོས་མྱོང་གྱུར་གྱི་དངོས་བྱུང་ལོ་རྒྱུས་བརྗོད་པ།>> ཞེས་པའི་ཤོག་ ༥༧ ལས་བསྡུས།]

 

{8}ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔའི་སྙིང་དོན།

༡༽ བོད་ས་ཡོངས་རྫོགས་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ།

༢༽ རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་བྱེད་པའི་རྒྱ་ནག་གི་སྲིད་བྱུས་དེས་རྐྱེན་པས་བོད་མིའི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུ།

༣༽བོད་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། དམངས་གཙོའི་རང་དབང་རྣམས་ལ་བརྩི་བཀུར་དགོས་པ།

༤༽ བོད་ཀྱི་རང་བཞིན་འབྱུང་ཁམས་ཀྱི་ཁོར་ཡུག་བཟང་པོའི་གནས་སྟངས་སྔར་སོར་ཆུད་ཐབས་དང༌།སྲུང་སྐྱོབ་བྱ་དགོས་པའི་ཐོག་བོད་ནང་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱེད་པ་དང༌། རྡུལ་ཕྲན་གྱི་སྙིགས་རོ་རྣམས་ཕུང་གསོག་བྱེད་འཆར་བཅས་མཚམས་འཇོག་དགོས་རྒྱུ།

༥༽བོད་ཀྱི་མ་འོངས་པའི་གནས་བབ་དང༌། བོད་དང་རྒྱ་ནག་བར་གྱི་འབྲེལ་བའི་སྐོར་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་གྲོས་མོལ་འགོ་འཛུགས་དགོས་རྒྱུ།[བཀའ་ཤག་སྐབས་བཅུ་གཉིས་བཅུ་གསུམ་གྱི་དབུ་མའི་ལམ་གྱི་ངོ་སྤྲོད་ཡིག་ཆ་ཁག་ལས་བསྡུས།]

 

{9}ཞི་བདེ་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔའི་འགྲེལ་བཤད་སི་ཏྲས་སྦག་གི་གསུང་བཤད་སྙིང་བསྡུས།

༡༽བོད་གཞུང་གིས་རང་བཙན་གཙང་མ་རྩོད་ལེན་མི་བྱེད་པར།བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་གི་གནས་བབ་དགོས་པ་དང་།དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་མཉམ་སྡོད་བྱ་རྒྱུ།

༢༽བོད་ཀྱི་གཞི་རྩའི་རྩ་ཁྲིམས་གཏན་འབེབས་བྱས་ཏེ་དམངས་གཙོའི་གཞུང་ཞིག་འཛུགས་རྒྱུ།

༣༽བོད་ས་ཡོངས་རྫོགས་དམག་དོན་གྱི་ལྟེ་གནས་མ་ཡིན་པར། མིང་དོན་མཚུངས་པའི་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ།

༤༽རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་བོད་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་གི་འགན་འཁུར་རང་འཇགས་ལེན་ཆོག་པ་ལས། དེ་མིན་གི་ལས་དོན་ཡོངས་རྫོགས་བོད་གཞུང་གིས་འགན་འཁུར་རྒྱུ།

༥༽བོད་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་རྒྱུ་སྲུང་སྐྱོབ་ཆེད། མི་བོད་ནང་གནས་སྤོར་བྱ་རྒྱ་བཀག་སྡོམ་བྱེད་དགོས་པ་བཅས་རེད། [༢༠༠༥ལོར་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ཀྱིས་སྒྲིག་སྦྱོར་བྱས་པའི་<<དབུ་མའི་ལམ།>>ཞེས་པའི་དྲ་བརྙན་ལས་བཤུས།]

 

{10}བོད་རྒྱ་འབྲེལ་གཏུག་རིམ་པ་གཉིས་པ།

༡༽ ༢༠༠༢ ཟླ་ ༩ ཚེས་ ༩ནས་ཚེས་༢༤ ཉིན་བར། དམིགས་བསལ་སྐུ་ཚབ་དང་པོ། ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་། ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན། བུ་ཆུང་ཚེ་རིང་། བོད་གཞུང་ཕྱི་དྲིལ་དྲུང་འཕར་དྭགས་པོ་བསོད་ནམས་ནོར་བུ་བཅས་མི་ ༤ ཡོད་འདུག ‘ཐེངས་འདིར་བོད་དང་རྒྱ་ནག་ནང་བསྐྱོད་རྒྱུར་ལས་དོན་གཙོ་བོ་གཉིས་ཡོད། དང་པོ། བོད་རྒྱའི་འབྲེལ་ལམ་བསྐྱར་གསོ་བྱས་ཏེ་མུ་མཐུད་གྲོས་མོལ་ཡོང་ཐུབ་པར་ཁོར་ཡུག་བསྐྲུན་ཆེད། གཉིས་པ། དབུ་མའི་ལམ་གྱི་སྲིད་བྱུས་རྒྱ་ནག་གི་དབུ་ཁྲིད་ཚོར་ངོ་སྤྲོད་ཆེད་བཅས་ཡིན།’

༢༽ ༢༠༠༣།༥།༢༥ ནས་ཟླ་ ༦ ཚེས་ ༨ ཉིན་བར། ༧གོང་ས་མཆོག་གི་སྐུ་ཚབ་ཚོགས་པ་ཐེངས་གཉིས་པ་ཟེར། (ཚོགས་མི་གོང་ལྟར། དམིགས་ཡུལ་གསུམ་འཁྱེར་ཡོད་པ་ནི། ༡། ས་གནས་མང་པོར་བསྐྱོད་དེ་ལས་བྱེད་གང་མང་ལ་ཐུག་སྟེ་རྒྱ་ནག་གི་ཁྱོན་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ། ༢། རྒྱ་ནག་གི་ནང་པའི་དབུ་ཁྲིད་རྣམས་དང་མཇལ་འཕྲད་དང་གནས་མཇལ། ༣། བོད་ཁུལ་དུ་ལྟ་སྐོར་དང་བོད་པའི་ལས་བྱེད་ཚོར་ཐུག་འཕྲད་བཅས་ཡིན་འདུག)

༣༽ ༢༠༠༤ ཟླ་ ༩ ཚེས་ ༡༢ ནས་ཚེས་ ༢༩ ཉིན་བར། (ཚོགས་མི་གོང་ལྟར་ཡིན་པ་འདྲ། ལས་དོན་ཡང་དེ་མཚུངས།)

༤༽ ༢༠༠༥ ཟླ་ ༦ ཚེས་ ༣༠ ནས་ཟླ་ ༧ ཚེས་ ༥ ཉིན་བར། སུད་སིའི་རྒྱལ་ས་བྷན་གྱི་རྒྱ་ནག་གཞུང་ཚབ་ཁང་དུ་ཚོགས། གོང་གི་སྐུ་ཚབ་བཞིའི་སྟེང་། ཐེ་ཝན་དོན་གཅོད་རྔ་པ་ཚེ་རྒྱམ་བཅས་མི་ ༥ ཡོད་འདུག རྒྱ་ནག་དབུ་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཞོན་པ་ཀྲུག་ཝེ་ཆོན་དང་གྲོས་མོལ་བྱས།)

༥༽ ༢༠༠༦ ཟླ་ ༢ ཚེས་ ༡༥ ནས་ཚེས་ ༢༣ ཉིན་བར། བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཟེར། སྐབས་དེར་དམིགས་བསལ་སྐུ་ཚབ་རྣམ་གཉིས་དང་། དྭགས་པོ་བསོད་ནམས་ནོར་བུ། བུ་ཆུང་ཚེ་རིང་མི་ ༤ ཡོད་འདུག (རྒྱ་ནག་བཀའེ་ལན་གྲོང་ཁྱེར་དུ། འཐབ་ཕྱོགས་གཅིག་གྱུར་བློན་ཆེན་གཞོན་པ་ཀྲུག་ཝེ་ཆོན་དང་གྲོས་མོལ། ‘ཞུ་མོལ་གྱི་འབྲེལ་མོལ་བྱེད་སྟངས་ལའང་མི་མཐུན་ས་ཆེན་པོ་ཡོད་པ་གསལ་ཁ་གཏོད་ཐུབ་ཡོད།’)

༦༽ ༢༠༠༧ ཟླ་ ༦ ཚེས་ ༢༩ ནས་ཟླ་ ༧ ཚེས་ ༥ ཉིན་བར། (རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་ནན་ཅིན་དུ། འཐབ་ཕྱོགས་གཅིག་འགྱུར་གྱི་བློན་ཆེན་གཞོན་པ་ཀྲུག་ཝེ་ཆོན་དང་སྲི་ཐར་གཉིས་དང་གྲོས་མོལ་བྱས།)

༧༽ ༢༠༠༨ ཟླ་ ༥ ཚེས་ ༤ ཚེས་ ༥ ཉིན་བར། (དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཛ་དྲག་ཐོག་ཕེབས། རྒྱ་རིས། ‘ང་ཚོས་ཐེངས་འདིར་འབྲེལ་མོལ་མ་ཡིན་པར་ནང་མོལ་གྱི་ཐུག་འཕྲད་དང་། འཛོམ་ཡུལ་པེ་ཅིན་མ་ཡིན་པར་ཧྲིན་ཀྲིན་དུ་འཛོམ་རྒྱུ། སྐུ་ཚབ་གཉིས་ལས་གཞན་མི་ཕེབས་རྒྱུ་བཅས་ཀྱི་བསམ་ཚུལ་བཏོན་པར་ལྟར་ཁས་ལེན་བྱས་སོང་བར་དགའ་བོ་བྱུང་།’)

༨༽ ༢༠༠༨ ཟླ་ ༦ ཚེས་ ༣༠ ནས་ཟླ་ ༧ ཚེས་ ༣ ཉིན་བར། (དམིགས་བསལ་སྐུ་ཚབ་རྣམ་གཉིས་ཡིན་པ་འདྲ།)

༩༽ ༢༠༠༨ ཟླ་ ༡༠ ཚེས་ ༣༠ ནས་ཟླ་ ༡༡ ཚེས་ ༥ ཉིན་བར། སྐབས་འདིར་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར>>ཡིག་ཆ་ཟེར་བ་དེ་རྒྱ་ནག་གཞུང་ལ་སྤྲད། (དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན། ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་འགན་འཛིན་བུ་ཆུང་ཚེ་རིང་། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་བྱེད་སྐལ་བཟང་ཚེ་རིང་བཅས་མི་ ༥ བཅས་ཡོད་འདུགརྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཞོན་ཏུའུ་ཆེན་ལིན་དང་། འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན། བོད་རིགས་སྲི་ཐར་སོགས་དང་གྲོས་མོལ་བྱས།དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་གཞོན་པ་པདྨ་འཕྲིན་ལས་ཀྱང་ཡོད་འདུགསྐབས་དེར་ཚེས་ ༥ ཉིན་འཐབ་ཕྱོགས་གཅིག་གྱུར་གྱི་གོ་སྒྲིག་འོག བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་དུ། ཞིབ་འཇུག་ཁང་དེའི་འགན་འཛིན་ལྷག་པ་ཕུན་ཚོགས་ལགས་ཀྱི་གཙོ་སྐྱོང་འོག རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སྐོར་ངོ་སྤྲོད་ཅིག་ཀྱང་གོ་སྒྲིག་བྱས་ཡོད་འདུག)

༡༠༽ ༢༠༡༠།༡།༢༦-༢།༡ ཉིན་བར། སྐབས་འདིར་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་འགྲེལ་བཤད་ཡིག་ཆ་ཞིག་རྒྱ་གཞུང་ལ་སྤྲད། (ཚོགས་མི་གོང་ལྟར་ཡིན་པ་འདྲ།) [བོད་ཀྱི་དུས་བབ་དང་། ཤེས་བྱས། བོད་མིའི་རང་དབང་ཚགས་པར་སོགས་ལས་བསྡུ་སྒྲིག་བྱས།]

 

{11}རྒྱ་ནག་གཞུང་གིས་སྐྱོན་འཛུཊ་དང་ཆ་རྐྱེན་འདྲ་མིན་བཏོན་པ་ཁག

༡༽ རྒྱུན་འཁྱོངས་བྱེད་དགོས་པ་གསུམ་ནི། ཀྲུང་གོ་གུང་ཁྲན་ཏང་གི་མགོ་འཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱ་རྒྱུ་ཟེར་བ་བཅས་ཡིན།

༢༽ མཚམས་འཇོག་དགོས་པ་གསུམ། ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་དགོས་པ་དང་། དྲག་སྤྱོད་མཚམས་འཇོག་དགོས་པ། པེ་ཅིན་དུ་རྒྱལ་སྤྱིའི་རྩལ་འགྲན་ཆེན་མོར་ངོ་རྒོལ་མཚམས་འཇོག་དགོས་པ་བཅས་རེད།

༣༽ རྒྱབ་སྐྱོར་མི་བྱེད་པ་བཞི་ནི། པེ་ཅིན་གྱི་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོར་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་མི་བྱེད་པ་དང་། ཁྲིམས་འགལ་དང་དྲག་པོའི་ལས་འགུལ་ལ་རྒྱབ་སྐྱོར་མི་བྱེད་པ། དྲག་སྤྱོད་པར་རྒྱབ་སྐྱོར་མི་བྱེད་པ་མ་ཟད་ལས་འགུལ་དེ་དག་འགོག་དགོས་པ། བོད་རང་བཙན་རྩོད་ལེན་གྱི་ལས་འགུལ་ལ་རྒྱབ་སྐྱོར་མི་བྱེད་པ་བཅས་ལ་ཟེར།

གཞན། དེ་མིན་གྱི་སྐྱོན་བརྗོད་དང་ཆ་རྐྱེན་འདྲ་མིན་བཏོན་ཡོད་སྲིད་ཀྱང་། གོང་གི་དོན་ཚན་དེ་དག་ཡོངས་གྲགས་ཆགས་པ་དག་ཡིན་ལ། ལོ་རྒྱུས་ཐོག་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། ཐེ་ཝན་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་ངོས་འཛིན་བྱེད་དགོས་པ། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ངོས་ལེན་བྱེད་དགོས་ཚུལ་སོགས་ཀྱི་ཆ་རྐྱེན་བཏོན་ཡོད་སྐོར་ཡང་སྐབས་དེའི་གསར་ལམ་ཁག་ཏུ་ཐོན་ཡོད།[རྩོམ་པ་པོའི་མཆན།]

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

4 thoughts on “དབུ་མའི་ལམ་ཇི་ལྟར་བྱུང་།

  1. དོན་གྲུབ་བཀྲ་ཤིས་ལགས་ཐུགས་རྗེ་ཆེ། སྤྱིར་བཏང་ང་རང་བོད་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཡིན་ནའང་ཁྱོད་རང་གི་དབུ་མའི་ལམ་གྱི་འགྲེལ་བཤད་འདི་ཧ་ཅང་སེམས་ལ་འབབ་པོ་བྱུང་།

  2. བྱ་གཞུང་དཔལ་རྡོར།

    དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་ནས་རྩོམ་ཡིག་རིན་ཐང་ཅན་ཞིག་བྲིས་འདུག་པས་བསྔགས་བརྗོད་ཡོད། ཁྱེད་རང་ད་ལོའི་མདོ་སྨད་སྤྱི་འཐུས་ལ་འོས་ཤིང་འཚམས་པ་འདུག

  3. དངོས་གནས་དྲང་གནས་དཔྱད་རྩོམ་ཡག་པོ་བྲིས་འདུག དབུ་མའི་ལམ་ཟེར་བ་དེ་འདི་འདྲ་ཞིག་རེད་བསམ་ནས་སེམས་ནང་འབབ་རྒྱུ་ཞིག་བཞག་སོང་།

གསར་འགོད་པ་ཤི་བའི་གསར་འགྱུར།

བརྙན།

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

དབུ་མའི་ལམ་ཇི་ལྟར་བྱུང་།
དོན་འགྲུབ་བཀྲ་ཤིས། རིག་པ། (༤)
དབུ་མའི་ལམ་ཅི་ཞིག་རེད།༼༡༽
དོན་འགྲུབ་བཀྲ་ཤིས། རིག་པ། (༡༣)
དེ་ལས་མང་།

རིག་པ་གསར་ཤོས།

ྸཨ་འབར་འཇིགས་དབང།
ཐོས་པ་དགའ།
རང་གྲོལ།
བྱ་གཞུང་དཔལ་རྡོར།
བྱ་གཞུང་དཔལ་རྡོར།
འཕྲིན་ལས།
ཚེ་རིང་སྒྲོལ་མ།
དོན་འགྲུབ་བཀྲ་ཤིས།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༢)
  • སྤྱིའི་མཆན་གྲངས། (༡༧)
  • སྤྱིའི་ཀློག་གྲངས། (༣)