གཅེས་པའི་དགེ་རྒན་ཞིག་དང་གྲོགས་ཀྱི་དཔུང་གཉེན་ཞིག་རྗེས་སུ་དྲན་པ།

དགེ་འདུན་རབ་གསལ་གྱིས།

པར་རིས་འདི་ http://www.rangzen.net/ ནས་བཤུས་པ་ཡིན།

པར་རིས་འདི་ http://www.rangzen.net/ ནས་བཤུས་པ་ཡིན།

གཅེས་པའི་གྲོགས་པོ་དང་ལས་གྲོགས།  ལམ་སྟོན་པ་དང་མཁས་དབང་ཨེ་ལིའོ་ཊི་ སྤེར་ལིང་ལགས་གྲོངས་པའི་ཡིད་སྐྱོའི་གཏམ་དེ་ཕྱིར་ཐོན་རྗེས།  ཁོང་ལ་བརྩེ་ཞིང་དུངས་པའི་གྲོགས་པོ་གྲོགས་མོ་དང་།  སློབ་ཚོགས། དེ་བཞིན་ངོ་ཤེས་མཁན་དང་མི་ཤེས་མཁན་མང་པོ་ཞིག་གིས་ཁོང་ལ་མྱ་ངན་ཞུ་ཚིག་བསྐུར་བཞིན་འདུག   དེ་དག་ཚང་མ་ལ་ཡི་རངས་བྱས་པ་ཡིན་ལ། དམ་པ་ཁོང་གིས་འབྲེལ་ཡོད་ཚང་མ་ལ་འདི་འདྲའི་ཤུགས་རྐྱེན་ཆེན་པོ་ཞིག་བཞག་འདུག་བསམས་ནས་སེམས་དུངས་པ་ཞིག་བྱུང་།  དེས་ན་འདིར་ཕྲན་གྱིས་ཀྱང་གྲོགས་པོ་དམ་པ་ཁོང་ལ་རྗེས་དྲན་ཞུ་བ་དང་ཆབས་གཅིག་བོད་ཡིག་ཁོ་ན་ཀློག་མཁན་གྱི་གྲོགས་པོ་རྣམས་ལ་ཕྲན་ལ་འབྲེལ་འདྲིས་བྱུང་བའི་གྲོགས་པོ་དམ་པ་དེ་ནི་མི་འདི་འདྲ་ཞིག་རེད་ཅེས་རང་གི་མྱོང་ཚོར་འགའ་བརྗོད་འདོད་བྱུང་།  དེ་ཡང་གང་དྲན་པ་རྣམས་གོ་རིམ་དང་འཛེམས་དོགས་མེད་པའི་ཐོག་ནས་འབྲི་རྒྱུ་ཡིན།

ལྟག་མཚེར་རིན་པོ་ཆེ་དང་ལྷན་དུ། པར་པ། ལེ་རེ།

ལྟག་མཚེར་རིན་པོ་ཆེ་དང་ལྷན་དུ། པར་པ། ལེ་རེ།

༢༠༡༧ ལོའི་ཕྱི་ཟླ་༡ ཚེས་ ༣༡ རེས་གཟའ་མིག་དམར་ཉིན་གྱི་ཞོགས་པའི་སློབ་ཁྲིད་གསུམ་གྲུབ་ནས་བར་གསེང་གི་སྐབས་སུ་ཡོད་དུས། ནིའུ་ཡོག་ནས་རྒན་པད་མ་འབུམ་གྱིས་ཁ་པར་སླེབས་ཏེ་དགེ་རྒན་ཆེན་མོ་ཨེ་ལིའོ་ཊི་སྤེར་ལིང་ལགས་གྲོངས་ཟིན་པའི་གཏམ་དེ་ཐོས་བྱུང་།  ཐོས་མ་ཐག་སྙིང་འདར་བ་དང་ཚ་བ་ཞིག་ལས་ཅི་ཡང་བསམས་རྒྱུ་མེད་པ་ཞིག་ཏུ་གྱུར།  སླར་ཡང་རྒན་པད་མ་འབུམ་ཁ་པར་ཞིག་བཏང་པ་ཡིན།  དེ་ནི་ངས་རང་གི་རྣ་བ་ལ་ཡིད་ཆེས་མ་བྱས་པ་ཞིག་དང་འདྲ།  སླར་ཡང་ངའི་གྲོགས་པོ་དང་སློབ་སྟོན་པ། ལམ་པ་ཁོང་འདས་ཟིན་པ་ཤེས།  སློབ་གྲྭ་ཆེན་མོའི་ལས་ཤག་དེ་ནི་ཇི་འདྲའི་ཡིད་དུ་མི་འོང་བ་ཞིག་རེད།  དེ་ནས་འདས་པོ་ཁོང་གི་གྲོགས་པོ་དགེ་རྒན་ཆེན་མོ་སྐུ་ཞབས་རོན་ སེ་ལ་ལགས་ལ་གནས་ཚུལ་དེའི་སྐོར་གླེང་བ་ཡིན།  དེ་ནི་ཕྱོགས་གཅིག་ནས་ཁོང་གིས་གནས་ཚུལ་དེ་འདྲ་གསན་ཡོད་ཀྱི་རེད་བསམས་པ་ཡིན། དེ་ལྟར་ལབ་གླེང་སྣ་ཚོགས་ཤིག་དང་བཅས་སླར་ཁྱིམ་དུ་ལོག་སྟེ་མཆོད་མེ་ཞིག་ཕུལ་བ་དང་སྨོན་ལམ་བཏོན་པ་ཡིན།

ཁོང་གིས་ཕྱག་ལས་གནང་ཡུལ་གྱི་ལས་ཁུངས་མདུན།

ཁོང་གིས་ཕྱག་ལས་གནང་ཡུལ་གྱི་ལས་ཁུངས་མདུན།

ངས་ཐོག་མར་དགེ་རྒན་ཆེན་མོ་སྤེར་ལིང་ལགས་ཇི་ལྟར་མཇལ་ཚུལ་གསལ་པོ་ཞིག་མི་དྲན།  ཕལ་ཆེར་ང་དུས་བབ་ལས་ཁུངས་ལ་ཡོད།  ཁོང་གིས་ལོ་རེའི་དུས་བབ་མངགས་ཉོའི་རིན་འབུལ་དུ་ཕེབས་པའམ་གང་ལྟར་ལས་ཁུངས་ལ་ཕེབས་ཏེ་མཇལ་བ་ཞིག་དྲན་གྱི་འདུག  དེ་ནི་ཕལ་ཆེར་ ༡༩༩༦ ལོའི་གཡས་གཡོན་ཞིག་ལ་རེད།  སྐབས་དེ་དུས་ཙམ་ནས་དགེ་རྒན་ཆེན་མོ་སྤེར་ལིང་ལགས་ངོ་ཤེས་པར་གྱུར།  ༡༩༩༨ ལོ་ནི་དམིགས་བསལ་གྱི་ལོ་ཞིག་ཡིན།  དེ་ནི་ཕྲན་རང་ཐོག་མར་ཨ་མི་རི་ཀ་ལ་འབྱོར་བའི་ལོ་ཡིན།  དེ་དུས་གྲོགས་དཔལ་ལྡན་རྒྱལ་དང་ངེད་གཉིས་མཉམ་པོ་ཡོང་པ་རེད།  རྒྱ་གར་ནས་ཨ་རི་ལ་ཡོང་སྐབས་གནམ་གྲུའི་ནང་ཐ་མ་འཐེན་སའི་རྐུབ་སྟེགས་ཉོ་རྒྱུ་ཡོད།  དཔལ་ལྡན་གྱིས་དེར་རྐུབ་སྟེགས་མ་ཉོ་མ་གཏོགས་དུ་བས་གནོད་ཡོང་སྐོར་བརྗོད་པ་ཡང་དྲན་གྱི་འདུག  ཨ་རི་ལ་ཡོང་དོན་ནི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བརྒྱད་པ་ལ་བཅར་ཆེད་ཡིན།  ཞིབ་འཇུག་ཚོགས་འདུ་དེ་ནི་ཨེ་ལིའོ་ཊི་ སྤེར་ལིང་ལགས་ཀྱིས་གོ་སྒྲིག་མཛད་ཅིང་ཚོགས་ས་ནི་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོ་རེད།  སྐབས་དེར་ཁོང་གིས་ཚོགས་འདུ་ཆེན་པོ་དེ་འདྲ་ཞིག་གོ་སྒྲིག་བྱས་པ་དང་ལས་བྲེལ་མང་བའི་རྐྱེན་གྱིས་ཞིབ་མཇལ་ཞིག་མ་བྱུང་ནའང་།  ཁོང་གི་གཟེངས་སུ་མཐོ་བའི་སྤོབས་པ་དང་། གཏམ་བཤད་པའི་རྩལ་སོགས་ལ་རྒྱུས་ལོན་བྱས་པ་ཡིན་ལ།  ཕྲན་ཚོ་ཕྱི་ནས་ཡོང་བ་རྣམས་ལ་འཕྲད་པའི་དཀའ་ངལ་རིགས་སེལ་རོགས་ཞུས་པ་ན་འཕྲལ་དུ་རོགས་རམ་གནང་བ་ཡང་དྲན་གྱི་འདུག   དེ་ལྟ་བུའི་རོགས་རམ་ནི་མི་ཚེ་འདིར་མུ་མཐུད་ནས་བསྡད་པ་རེད།  ཐུགས་རྗེ་ཆེ་གྲོགས་པོ་ལགས།

རྒན་པད་མ་འབུམ་དང་ལྷན་དུ་ངེད་ཅག་གསུམ་ནིའུ་ཡོག་ཏུ།

རྒན་པད་མ་འབུམ་དང་ལྷན་དུ་ངེད་ཅག་གསུམ་ནིའུ་ཡོག་ཏུ།

༢༠༠༡ ལོར་ཕྲན་གྱིས་དུས་བབ་ནས་དགོངས་ཞུ་བྱས་པ་དང་བཅས་ཨ་མི་རི་ཀ་ལ་གཞི་སྤོར་བྱས་པ་ཡིན།  སྐབས་དེར་སྨན་པ་གཡང་འབུམ་རྒྱལ་ལགས་ཀྱིས་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དགེ་རྒན་གནང་བཞིན་པའི་སྐབས་རེད།  ཁོང་གིས་ལོ་གཅིག་རིང་སྨན་གྱི་སློབ་སྦྱོང་མུ་མཐུད་བྱེད་རྒྱུའི་ཐག་གཅོད་བྱས་འདུག་ཅིང་།  དེ་བས་འཕྲལ་སེལ་རིང་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོར་བོད་དགེ་ཞིག་དགོས་མཁོ་འདུག་ཅེས་ང་ལ་བཤད་བྱུང་།  རྐྱེན་དེ་ལ་བརྟེན་ནས་ངེད་ནང་མི་རྣམས་ཨིན་ཌི་ཡ་ན་ལ་སྤོར་པ་རེད།  དགེ་རྒན་ཆེན་མོ་ཁོང་གིས་ང་དང་གཡང་འབུམ་གཉིས་ཞོགས་ཇ་ཟ་སའི་ཟ་ཁང་ཞིག་ཏུ་འཁྲིད་ནས་ང་ཚོ་སླར་ཡང་འཛོམས་པའི་སྐོར་དང་ལས་ཀའི་སྐོར་སོགས་འགྲེལ་བཤད་བྱས་བྱུང་།  ལས་ཀའི་སྐོར་ནི་ཧ་ཅང་གསལ་པོ་དང་མདོར་བསྡུས་ཤིག་རེད།  འཛིན་གྲྭ་ག་ཚོད་ཅིག་ལ་བོད་སྐད་སློབ་དགོས་པ་དང་།  འཛིན་གྲྭ་ཙམ་ཞིག་མ་ཡིན་པར་དེ་ལས་གཞན་པའི་སྐད་ཀྱི་སྐོར་ལ་ཅི་ཞིག་བྱེད་དགོས་མིན་ལྟ་བུ་ཞིག་རེད།  དེ་མ་གཏོགས་པའི་དྲི་བ་གང་ཡང་མི་འདུག  དེ་ནི་ ༢༠༠༢ ལོའི་དཔྱིད་ཀ་ཞིག་རེད།  ལོ་དེའི་སྟོན་ཀ་ནས་ངས་དགེ་རྒན་གྱི་ལས་ཀ་མགོ་བཙུགས་པ་ཡིན།  དེ་ནས་བཟུང་སྟེ་ད་བར་གྱི་མི་ལོ་བཅོ་ལྔ་ལྷག་རིང་ངེད་ཅག་གཤིབས་པ་ཡིན།  ཁོང་ནི་འགྱུར་བ་མེད་པའི་རྡོ་ཞིག་དང་འདྲ་བར་ཐོག་མར་མཇལ་བའི་སྐབས་ནས་ད་བར་དུ་འགྱུར་མ་མྱོང་ལ་ཞལ་རས་འཐིབས་པ་འདྲ་ཞིག་ཀྱང་མཐོང་མ་མྱོང་།

ངེད་ཅག་༧གོང་ས་མཆོག་ལ་མཇལ་བའི་སྐབས་ཤིག

ངེད་ཅག་༧གོང་ས་མཆོག་ལ་མཇལ་བའི་སྐབས་ཤིག

ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོར་བོད་རིག་པའི་སྡེ་ཁག་ནི་ཨ་རིའི་ནང་སྔ་ཤོས་ཀྱི་གྲས་རེད།  ཕྱི་ལོ་ ༡༩༦༥ ལོར་ལྟག་མཚེར་རིན་པོ་ཆེ་འདི་གའི་སློབ་གྲྭ་ཆེན་མོར་གདན་འདྲེན་ཞུས་པ་ནས་བཟུང་བོད་རིག་པ་མགོ་བཙུགས་པར་གྱུར། སློབ་གྲྭ་འདིར་མདོ་སྨད་པ་ཡོན་ཏན་རྒྱ་མཚོ་དང་རྒན་པད་མ་འབུམ་སོགས་སྔ་ཕྱིར་ཕེབས་ནས་ཕྱག་ལས་གནང་འདུག  ལྟག་མཚེར་རིན་པོ་ཆེའི་སློབ་མའི་ཁྲོད་ནས་བོད་རིག་པའི་ཐོག་ཤུགས་རྐྱེན་ཐེབས་པ་ཁག་ཅིག་བྱུང་ཡོད་པའི་ཁྲོད་ཀྱི་གཅིག་ནི་ཨེལིའོ་ཊི་སྤེར་ལིང་ལགས་ཡིན་པ་རེད།

གལ་སྲིད་ཁྱེད་རང་སློབ་གྲྭ་ཆེན་མོ་འདིར་ཕེབས་མེད་མཁན་ཞིག་ཡིན་ཚེ།  སློབ་གྲྭ་འདི་ནི་ཨ་མི་རི་ཀའི་ས་ཁྲའི་དཀྱིལ་ཙམ་ལ་འཁེལ་བའི་ཨིན་ཌི་ཡ་ན་མངའ་སྡེའི་ནང་དུ་ཡོད་ཅིང་།  མངའ་སྡེའི་རྒྱལ་ས་ཨིན་ཌི་ཡ་ན་པོ་ལེ་སི་ནས་ཆུ་ཚོད་གཅིག་ཙམ་ལྷོ་ཕྱོགས་སུ་བསྐྱོད་སྐབས་བྷི་ལོམ་མིང་ཊོན་ཞེས་པའི་གྲོང་ཁྱེར་ཆུང་བ་ཞིག་ལ་སླེབས་ཡོང་།  དེ་ནི་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་རེད།  སློབ་གྲྭ་ཆེན་མོའི་སྒོ་ཆེན་ཡོད་ས་ནས་ལྷོ་ངོས་ན་ལམ་ཁ་གསུམ་པ་ཡོད་ཅིང་།  ལམ་ཁ་གསུམ་པ་དང་ཉེ་བ་ཞིག་ན་གྷོ་ཌི་བྷོ་ཌེ་ཞེས་འབོད་པའི་ཁང་རྙིང་ཐོག་རྩེག་གསུམ་ཅན་ཞིག་ཡོད།  ཁང་རྙིང་དེའི་ཐོག་རྩེག་དང་པོའི་གྲུ་གཅིག་ལ་སྒོ་ཆེན་ཡོད་ལ།  ནང་དུ་འཛུལ་སྐབས་ཡུ་རོབ་དང་ཨེ་ཤ་ཡའི་དབུས་དཀྱིལ་རིག་པའི་སྡེ་ཁག་གི་ལས་ཁུངས་དང་ལས་བྱེད་པ་རྣམས་བཞུགས་ས་ཡོད།  དེར་ཕེབས་སྐབས་ཁྱེད་ཀྱིས་སྒོ་ཞིག་གི་སྟེང་དུ་བོད་ཡིག་གི་ཤོག་ངོས་སྦྱར་ཡོད་པ་ཞིག་མཇལ་ཡོང་།  ཤོག་བྱང་དེ་དག་ནི་མཚམས་རེར་འགྱུར་བ་འགྲོ་མོད་ས་སྐྱ་ལེགས་བཤད་ཀྱི་ཚིགས་སུ་བཅད་པ།  “རྒྱལ་པོས་གོ་འཕང་བསྟོད་དྲགས་ན། །དེ་ཡི་ཐ་མ་བརླག་པའི་རྒྱུ། །སྒོ་ང་མཁའ་ལ་འཕངས་གྱུར་ན། །ཆག་པ་ཉིད་ལས་གཞན་ཅི་འབྱུང་། །”ཅེས་པ་ཞིག་ཤོག་བྱང་སེར་ཤས་ཆེ་བ་ཞིག་སྟེང་སྤར་དུ་བཏབ་པ་ཞིག་སྦྱར་ཡོད་པ་དེ་ནི་ཡུན་རིང་གི་བར་དུ་གནས་པར་གྱུར།  ལས་ཁུངས་དེ་ནི་དགེ་རྒན་ཆེན་མོ་སྤེར་ལིང་གི་ལས་ཁུངས་རེད།

ཨ་རིའི་ནིའུ་ཡོག་གི་རུ་པིན་འགྲེམས་སྟོན་ཁང་དུ་ངེད་ཅག་སྐོར་ཞིག

ཨ་རིའི་ནིའུ་ཡོག་གི་རུ་པིན་འགྲེམས་སྟོན་ཁང་དུ་ངེད་ཅག་སྐོར་ཞིག

དགེ་རྒན་ཆེན་མོ་ཁོང་གི་ལས་ཁུངས་ཕྱོགས་གསུམ་གྱི་རྩིག་ངོས་ན་དེབ་འཇོག་སའི་ཆ་སྒམ་ཡོད་ཅིང་།  དེར་རྒྱ་བོད་གཙོ་བྱས་པའི་ཡིག་ཆ་རྣམས་ཀྱིས་ཁེངས་ཡོད།  རྩིག་ངོས་གཞན་རྣམས་ན་ཁོང་གིས་འཁྱེར་ཡོང་བའི་ཚོགས་འདུའི་བསྒྲགས་ཡིག་སོགས་ཡིག་བྱང་རིགས་དང་།  སྲིད་འཛིན་ཁི་ལིན་ཊོན་དང་༧གོང་ས་མཆོག་ལ་མཇལ་སྐབས་ཀྱི་པར་རིས་འགའ་ཡང་བཤམས་ཡོད།  མདུན་ཅོག་དེའི་འཁྲིས་ལ་གློག་སྒྲོན་གང་མང་ཞིག་བསྒར་ཡོད་ལ་དེའི་འཁྲིས་ཀྱི་སྒེའུ་ཁུང་དེར་མེ་ཏོག་ཅིག་ཀྱང་བཞག་ཡོད།  དེ་ན་ཁོང་གིས་རྟག་ཏུ་བེད་སྤྱོད་བྱེད་པའི་འཚིག་ཇ་བཟོ་བྱད་ཀྱི་ཡོ་བྱད་དེ་ཡང་སྒྲིག་ཡོད།

འཚིག་ཇ་འཐུང་བ་ནི་ཁོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་བཞག་ཆོག་ལ།  ད་དུང་གཞན་ཞིག་མིག་ལམ་དུ་འཁོར་བ་ནི་ཁོང་གིས་རང་གི་ཁྱི་དེ་མཉམ་དུ་ལས་ཁུངས་ལ་འཁྲིད་ཡོང་བ་དེ་ཡིན།  ཁྱི་དེའི་མིང་ལ་སོ་ཧྥི་ཡ་ཟེར་ཞིང་།  ཁོང་གི་ལས་ཁུངས་སུ་འཛིན་གྲྭ་འཚོགས་སྐབས་སུ་ཁྱི་དེ་ཡང་ཟུར་ཞིག་ན་ཉལ་ནས་བསྡད་ཡོད། དེས་ན་ཁྱི་དེའི་རྣ་ལམ་ན་ཡང་ “ལྔ་པ་ཆེན་པོ་”དང་“ཕོ་ལྷ་ནས་”སོགས་ཀྱི་ལོ་རྒྱུས་མིང་ཚིག་གོམས་ལོབས་སུ་ཡོད་པ་ཐག་གིས་ཆོད།

དེ་ལྟར་ཁང་པ་འདིའི་གཡས་གཡོན་ནས་ངས་དགེ་རྒན་ཆེན་མོ་འདི་དང་ལྷན་དུ་མི་ལོ་བཅུ་བཞི་ཙམ་གྱི་དུས་ཚོད་མཉམ་དུ་བསྐྱལ་བ་ཡིན་ལ།  རྡོ་གཅལ་དང་རྐང་ལམ། འདིའི་གཡས་གཡོན་གྱིས་ལམ་ཕྲན་དག་གིས་ང་ཚོར་རྟག་ཏུ་དགའ་འཛོམས་ཡོང་བའི་རྒྱབ་སྐྱོར་དང་མཐུན་འགྱུར་ཆེན་པོ་བྱས་ཡོད། ད་ནི་མི་ཚེའི་ནང་གི་དུས་ཚོད་རིང་མོ་ཞིག་སློབ་གྲྭ་འདིར་བསྐྱལ་བའི་དོན་ཚན་རེ་རེ་བཞིན་དྲན་པའི་ཡུལ་ན་མེད་ཅིང་།  ཡོད་ཀྱང་ཚིག་ཉོག་ཙམ་ལས་གཞན་ཅི།  དེས་འདིར་དྲན་པ་འབུར་དུ་ཐོན་པ་འགའ་རེ་ཞུ་བར་འདོད་དོ༎  དེ་ཡང་གྲོགས་པོ་ཉིད་རྗེས་སུ་དྲན་པའི་སླད་དུའོ༎

ཁོང་གི་ལས་ཁུངས་ཀྱི་སྒེའུ་ཁུང་ནས་མཇལ་བའི་སྟོན་ཀའི་ཤིང་སྡོང་ཞིག

ཁོང་གི་ལས་ཁུངས་ཀྱི་སྒེའུ་ཁུང་ནས་མཇལ་བའི་སྟོན་ཀའི་ཤིང་སྡོང་ཞིག

༢༠༠༢ ལོར་ང་ཚོ་དགེ་རྒན་ཁོང་གི་རླངས་འཁོར་དུ་བསྡད་དེ་བོད་རིགས་འཛོམས་ས་ཞིག་ཏུ་ཕྱིན་པ་ཡིན།  རླངས་འཁོར་དེའི་ནང་ང་དང་གཡང་འབུམ་གཉིས་ཡོད་ལ། ལྷན་དུ་༧སྐུའི་གཅེན་པོ་ཡང་ཕེབས་ཡོད།  ༧སྐུའི་གཅེན་པོར་སྙུན་གཞི་མ་ཕོག་པའི་སྔོན་ཙམ་ལ་རེད།  སྐུའི་གཅེན་པོ་དང་ཁོང་གཉིས་ཀྱིས་ཕན་ཚུན་ལ་སྡིགས་རེས་ལྟ་བུ་ཞིག་བྱས་སོང་།  ང་ནི་དེ་འདྲའི་ཚིག་ཙམ་ལའང་ཉན་རྒྱུར་འཚེར་བ་ཞིག་བྱུང་།  ང་ཚོའི་ལམ་ཐག་ནི་ཆུ་ཚོད་ཕྱེད་ཀ་ཙམ་གྱི་དུས་ཡུན་རེད།  དེ་ནས་བོད་རིགས་འཛོམས་ས་དེ་རུ་སླེབས་རྗེས་ལྟག་འཚེར་རིན་པོ་ཆེས་བོད་རིགས་རྣམས་ལ་བཀའ་སློབ་གནང་བ་རེད།  བཀའ་སློབ་གནང་སྐབས་ “ཨེ་ལིའོ་ཊི་ཁོང་ངའི་སློབ་མ་རེད།  འོན་ཀྱང་འཛིན་གྲྭའི་ནང་ངས་ཁོང་ལས་སྦྱངས་པ་དང་ཁོང་གིས་ང་ལས་སྦྱངས་པ་གཉིས་བསྡུར་ན། ངས་ཁོང་ལས་སྦྱངས་པ་མང་གི་རེད།”སོགས་ཁོང་ལ་ཆེད་བསྟོད་ཆེས་ཆེར་མཛད་སོང་།  ཁོང་ཅག་གཉིས་ཀྱི་བར་ལ་ཧ་ཅང་ཟབ་པའི་འབྲེལ་ཐག་ཅིག་ཡོད་པ་ཤེས་བྱུང་ལ། ཕྱིས་སུ་ལྟག་མཚེར་རིན་པོ་ཆེ་དགོངས་པ་རྫོགས་པའི་སྐབས་དེ་ལ་ངས་ཁོང་ལ་ཁ་པར་བཏང་ནས་བརྡ་བརྒྱབ་པ་ཡིན།  ངས་ཁོང་འཁྲིས་ལ་སླེབས་པའི་ཞལ་རས་དེ་ད་དུང་གསལ་ལེར་དྲན་གྱི་འདུག  རྒྱུགས་མ་འགྲོའི་རྣམ་པ་ཞིག་ལ་བསྟེན་ནས་སླེབས་བྱུང་ལ།  མིག་ནས་མཆི་མ་ཤར་སེ་གཏོང་བཞིན་འདུག   ཁོང་གིས་ལྟག་མཚེར་རིན་པོ་ཆེར་བཅངས་པའི་བརྩེ་བ་དང་བོད་རིགས་ལ་བཅངས་པའི་བརྩེ་བ།  བོད་ཀྱི་རིག་གནས་ལ་བཅངས་པའི་བརྩེ་བ་བཅས་ནི་ཅི་འདྲའི་ཟབ་པ་ཞིག་དང་ཅི་འདྲའི་བརྟན་པོ་ཞིག་རེད་ཨང་།

ཕྲན་གྱིས་སློབ་གྲྭ་ཆེན་མོ་འདིའི་དགེ་རྒན་གྱི་ལས་ཀ་མགོ་བཙུགས་ནས་ཅང་མ་འགོར་བར་ང་ཁོང་གི་འཛིན་གྲྭ་ཞིག་ལ་ཟུར་ཉན་ལ་ཕྱིན་པ་ཡིན།  འཛིན་གྲྭ་དེ་ནི་བོད་ཀྱི་ལོ་རྒྱུས་སྐོར་གྱི་འཆད་འཁྲིད་ཅིག་རེད།  བློན་པོ་མགར་སྟོང་བཙན་གྱི་སྐོར་དང་བཙན་པོའི་སྐོར་སོགས་ལ་ཉན་བཞིན་པའི་སྐབས་དེར་ང་ལ་སྤོབས་པ་ཞིག་སྐྱེས་བྱུང་།  ཨ་རིའི་དཀྱིལ་དུ་ཡོད་པའི་ཐག་རིང་གི་སློབ་གྲྭ་འདི་འདྲ་ཞིག་ན་བོད་ཀྱི་བཙན་པོ་དང་བློན་པོ་རྣམས་བཤད་བཞིན་པ་ལ་ཡིད་དགའ་ནས་སྤོབས་པ་ཞིག་སྐྱེས་བྱུང་།  དེ་བཞིན་ཁོང་གི་འཆད་ཁྲིད་ཀྱི་སྐབས་སུ་འཛམ་གླིང་གཅལ་དུ་བཀྲམས་ནས་དེའི་སྟེང་ནས་བོད་ཀྱི་ལོ་རྒྱུས་ཀྱི་འགྱུར་ལྡོག་ལ་དབྱེ་ཞིབ་བྱེད་ཀྱིན་འདུག   བོད་གཅིག་པུ་ལ་ཁབ་མིག་མ་བཙུགས་པར་བོད་དེ་འཛམ་གླིང་ལོ་རྒྱུས་ཁྲོད་དུ་འཁྱེར་ནས་གསེད་བཀྲོལ་བྱེད་ཀྱིན་འདུག  དེས་ང་ལ་བློ་སྐྱེད་ཆེན་པོ་ཞིག་ཐོབ་བྱུང་།

༧གོང་ས་མཆོག་ལ་བོད་སོག་ཆིངས་ཡིག་སྤྱན་འབུལ་ཞུས་སྐབས།

༧གོང་ས་མཆོག་ལ་བོད་སོག་ཆིངས་ཡིག་སྤྱན་འབུལ་ཞུས་སྐབས།

ངེད་ཅག་ལྷན་དུ་སློབ་གྲྭ་ཆེན་མོ་འདིར་དགེ་རྒན་བྱས་པའི་དུས་སྐབས་ལ་༧གོང་ས་མཆོག་ལ་ཐེངས་གསུམ་མཇལ་རྒྱུའི་སྐལ་བ་བྱུང་།  མཇལ་ཁའི་པར་འགའ་ཞིག་གྲོགས་པོ་ཚོས་ད་ལྟ་བཀྲམས་བཞིན་འདུག   མཇལ་ཐེངས་གཅིག་ནི་ངས་ནམ་ཡང་མི་བརྗེད།  དེ་ནི་ངེད་ཅག་སློབ་མ་དང་བཅས་པ་༧གོང་ས་མཆོག་ལ་མཇལ་སླད་དཔེ་མཛོད་ཁང་གི་རྒྱབ་ན་ཡོད་པའི་གཟིམ་ཤག་ཏུ་ཕྱིན།  དེའི་ཕེབས་ལམ་དུ་ང་ཚོ་སྒུག་བསྡད་པའི་སྐབས་༧གོང་ས་མཆོག་ཕེབས་བྱུང་།  དེ་དུས་ཁོང་གིས་ཤོག་དྲིལ་ཞིག་སྤྱན་འབུལ་དང་བཅས་ཕུལ་པ་རེད།  ཤོག་དྲིལ་དེ་ནི་དེང་སང་གི་བཀྲ་ཤིས་རྟགས་བརྒྱད་ཅན་གྱི་སྒོ་ཡོལ་གྱི་ཆེ་ཆུང་ཡོད།  ༧གོང་ས་མཆོག་ལ་སྤྱན་འབུལ་མ་ཞུས་གོང་དེར་ངས་ཁོང་ལ་རོགས་ཞུས་ཏེ་ཤོག་དྲིལ་ཁ་ཕྱེས་ཏེ་སྤྱན་གཟིགས་ཆེད་བཀྲམས་སྐབས་ཤོག་གུའི་ཤག་སྒྲ་དེས་ང་འདྲོགས་བཅུག་བྱུང་།  ང་ནི་༧རྒྱལ་བའི་མདུན་རང་ལ་ཡོད་སྟབས་ཧ་ཅང་སྒུར་ཡོད་ལ།  ཁོང་གིས་དེ་འཕྲལ་ཤོག་དྲིལ་དེའི་དབུ་ནས་བཀླགས་ཏེ་༧གོང་ས་མཆོག་ལ་སྙན་གསན་ཞུས་པ་དང་༧གོང་ས་མཆོག་གིས་དེ་ལ་གསན་གནང་པ་དེ་དྲན་གྱི་འདུག   ཤོག་དྲིལ་དེ་ནི་བོད་སོག་ཆིངས་ཡིག་གི་མ་དཔེ་ངོ་མའི་ངོ་བཤུས་དེ་རེད་ལགས།  ཕྱིས་སུ་ཁོང་གིས་འདིའི་ངོ་བཤུས་ཤིག་རང་གི་ལས་ཁུངས་ཕྱི་རོལ་གྱི་རྩིག་ངོས་ལ་སྦྱར་བྱུང་ལ་དེའི་སྐོར་གྱི་རྩོམ་ཡིག་ཅིག་ཀྱང་ ༢༠༡༣ ལོར་རླུང་རྟ་དུས་དེབ་ཏུ་བཏོན་པ་རེད།

ཁོང་ལ་འགྲོགས་ཤིང་འདྲིས་པའི་དགེ་རྒན་ཆེན་མོ་སྐོར་ཞིག་དང་ལྷན་དུ།

ཁོང་ལ་འགྲོགས་ཤིང་འདྲིས་པའི་དགེ་རྒན་ཆེན་མོ་སྐོར་ཞིག་དང་ལྷན་དུ།

ཡང་ཉིན་གཅིག་ང་ཚོ་ཁོང་གི་གཏམ་བཤད་ཅིག་ལ་ཉན་དུ་ཕྱིན་པ་ཡིན།  བརྗོད་གཞི་དེ་ཡང་གསལ་པོར་མི་དྲན།  འོན་ཀྱང་ཁོང་གིས་བོད་ཡིག་གི་ཡིག་ཆ་ཞིག་བསྟན་ནས་ཉན་མཁན་རྣམས་ལ་ཁྱེད་ཀྱིས་ཅི་མཐོང་ཞེས་དྲིས་པ་རེད།  ཡིག་ཆ་དེ་ནི་དགོན་པའི་རྒྱུ་ནོར་སྐོར་གྱི་ཡིག་ཚགས་ཤིག་རེད།  དགོན་པ་དེའི་བླ་མ་ཆེ་གེ་མོའི་མཚན་ལ་འདི་ཟེར། བླ་བྲང་ལ་རྒྱུ་ནོར་འདི་འདྲ་འདུག མེ་མདའ་འདི་ཙམ་འདུག ཅེས་པ་ལྟ་བུའི་ཡིག་ཚགས་ཤིག་རེད་ལ་ཉེ་ཆར་བོད་ནས་པར་སྐྲུན་བྱས་པ་ཞིག་རེད།  འོན་ཀྱང་ཁོང་གིས་ང་ཚོའི་དོ་སྣང་འདྲེན་འདོད་པ་བླ་བྲང་དང་དགོན་པའི་རྒྱུ་ནོར་སྐོར་མ་རེད།  ང་ཚོས་བོད་ཡིག་གི་ཡིག་ཆ་དེའི་ཐོག་ནས་ཁོང་གིས་ང་ཚོར་དྲིས་པའི་དྲི་བ་ལ་ལན་འདེབས་མ་བྱས་སྟབས་ཁོང་གིས་ང་ཚོར་གསལ་བཤད་བྱས་པ་རེད།  དེ་ནི་དགོན་པ་དེ་དག་གི་བླ་མ་རྣམས་ཀྱི་འཁྲུངས་འདས་ལོ་ཚིགས་སྐོར་རེད།  འཁྲུངས་ལོ་ལ་ངེས་པ་མེད་མོད་འདས་ལོ་ཕལ་ཆེ་བ་དེ་ ༡༩༥༨ ཙམ་ལ་འཁེལ་ཡོད་པ་རེད།  སྐུ་ན་བགྲེས་པ་རྣམས་ཀྱང་དེ་ལྟར་རེད་ལ་སྐུ་ན་གཞོན་པ་རྣམས་ཀྱང་དེ་ལྟར་རེད།  ཁོང་གིས་ལོ་ན་གཞོན་པའི་བླ་མ་ཞིག་འདི་ལྟར་འདས་པ་དེ་ནི་འདས་པ་རེད་དམ་བཀྲོངས་པ་རེད་ཅེས་དྲི་བའི་ཐོག་ནས་སྐབས་དེའི་གནས་ཚུལ་དང་ལོ་རྒྱུས་བཤད་བྱུང་།  ཁོང་གི་དཔྱོད་རིག་ནི་ཧ་ཅང་ཞིབ་ཚགས་པོ་དེ་འདྲ་ཞིག་འདུག

ང་ཚོ་ཚོགས་འདུ་སྐོར་ཞིག་ལ་ལྷན་དུ་བསྐྱོད་པ་ཡིན།  དགེ་འདུན་ཆོས་འཕེལ་རྗེས་དྲན་ཚོགས་འདུ་དང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་སོགས་ལ་མཉམ་དུ་ཕྱིན་པ་ཡིན།  ཁོང་གིས་ཚོགས་འདུ་སོགས་སུ་རང་གི་སློབ་མ་རྣམས་ཀྱི་དཔྱད་རྩོམ་སྒྲོག་སྦྱང་ལ་ཉན་པར་ཕེབས་པ་དང་།  དེ་རྗེས་སློབ་མ་རྣམས་ལ་ལེགས་སོའི་བསྔགས་བརྗོད་བྱེད།  སློབ་མ་ལ་རྗེས་སུ་བརྩེ་བ་དང་སློབ་སྟོན་སྐབས་དམ་འཛིན་བྱེད་པའི་རྒྱུ་གཉིས་ལ་བརྟེན་ནས་ཁོང་གི་སློབ་མ་རྣམས་ཀྱིས་ཁོང་ལ་བཅངས་པའི་བརྩེ་དུངས་ནི་ཧ་ཅང་ཟབ་པ་ཞིག་རེད།  བརྩེ་དུངས་ཟབ་པའི་ཁོང་གི་སློབ་མ་སྐོར་ཞིག་ནི་ད་ལྟ་བྱ་བ་ལ་ཞུགས་ནས་དགེ་རྒན་ཆེན་མོའམ་རྩོམ་པ་པོ་གྲགས་ཅན་སོགས་ཡིན་ལ་སློབ་མ་ཁག་ཅིག་ནི་ད་དུང་ཞིབ་འཇུག་གི་ལས་ཀ་ལ་ཞུགས་བཞིན་ཡོད།

ཁོང་གི་སློབ་མ་འགའ་དང་ལྷན་དུ་བདག་གི་ཁྱིམ་དུ།

ཁོང་གི་སློབ་མ་འགའ་དང་ལྷན་དུ་བདག་གི་ཁྱིམ་དུ།

གོང་ནས་ཀྱང་ཐོར་རེ་ཙམ་ཞིག་བྲིས་ཟིན་པ་བཞིན།  ང་ཐོག་མར་མཇལ་བའི་སྐབས་ནས་བཟུང་སྟེ་ད་བར་དུ་ཁོང་གི་འབྲེལ་བ་དང་ཇེ་ཟབ་དང་ཇེ་བཟང་དུ་ཕྱིན་པ་མ་གཏོགས།  ཁག་འཇོག་ཆུང་ཚགས་རིགས་ལ་བརྟེན་ནས་གྲོགས་པོ་བློས་གཏོང་བྱེད་པ་ལྟ་བུ་ཡེ་ནས་མ་བྱུང་བ་དེ་ནི་ངེད་ཀྱི་བསོད་ནམས་ཞིག་ཡིན།  གྲོགས་པོའི་འདུ་ཤེས་དེའི་ནང་ཁོང་གིས་ང་ལ་རྒྱབ་སྐྱོར་བྱས་པ་རྣམས་ཀྱང་ཚུད་ཡོད།  བོད་ཀྱི་དགོན་པའི་སློབ་གསོ་ལ་བརྟེན་ནས་སློབ་སྦྱོང་ཅུད་ཟད་ཐོབ་པའི་བདག་རང་ཉིད་ལ་མཚོན་ན་ནུབ་ཕྱོགས་པའི་སློབ་གྲྭ་ཆེན་མོའི་སློབ་གསོའི་ལམ་ལུགས་ལ་ཞུགས་ཏེ་དགེ་རྒན་བྱེད་རྒྱུ་ནི་ལས་སླ་པོ་ཞིག་དང་བློ་ཡུལ་དུ་ཤོང་སླ་པོ་ཞིག་གཏན་ནས་མིན།  འོན་ཀྱང་ད་བར་གྱི་ལས་ཀའི་བརྒྱུད་རིམ་ནང་ཁོང་གི་ལམ་སྟོན་དེ་ནམ་མཁོ་ལ་ནམ་ཡོད་ལྟ་བུ་ཞིག་ཡིན་སྟབས་ང་ལ་དཀའ་ངལ་ཀྱང་ཅི་ཡང་མ་འཕྲད།

བསོད་ནམས་འཚོས་པར་འདི་བླངས་སམ།

བསོད་ནམས་འཚོས་པར་འདི་བླངས་སམ།

ཁོང་དང་ངེད་གཉིས་ཕན་ཚུན་སྐད་ཆ་བཤད་སྐབས་བོད་སྐད་ཁོ་ནའི་ཐོག་ནས་ཁ་བརྡ་བྱེད།  ཁོང་གིས་རྒྱ་སྐད་དང་བོད་སྐད། ཧྥ་སྐད་བཅས་བྱང་བར་མཁྱེན་ཅིང་།  སློབ་ཁྲིད་ཀྱི་ཁྲོད་དུའང་བོད་ཀྱི་ལོ་རྒྱུས་དང་།  རྒྱ་བོད་འབྲེལ་ལམ། བོད་དང་ནུབ་ཕྱོགས།  བོད་ཀྱི་ལོ་རྒྱུས་ཡིག་ཚགས།  བོད་རིག་པ་ལ་འབྲེལ་བའི་རྒྱ་ཡིག་གི་ཡིག་ཚགས།  བོད་ཀྱི་ལོ་རྒྱུས་ལ་འབྲེལ་བའི་བོད་ཡིག་ཡིག་ཚགས་སོགས་ཀྱི་བརྗོད་གཞི་ལས་གཞན་རྣམ་ཐར་སོགས་ཀློག་པ་དང་།  བོད་ཀྱི་བརྡ་སྤྲོད་སློབ་ཁྲིད་བྱེད་པ་བཅས་ཀྱང་ཚུད་ཡོད།  རྐྱེན་དེ་འདྲ་ལ་བརྟེན་ནས་ངས་རྒྱུན་དུ་ཁོང་ལ་ “རྒན་ལགས་”ཞེས་འབོད།  ཁོང་གིས་ངས་ “རྒན་ལགས་”ཞེས་པའི་ཚིག་འདི་ཁོང་ལ་སྤྱད་པ་ཡང་ཡང་དགག་པ་གཏོང་།  དེའི་རྒྱུ་མཚན་གཅིག་ནི་ཁོང་གིས་བོད་པ་རྣམས་ལ་ཉམ་ཆུང་ངམ་ཁེངས་སྐྱུང་གི་གཤིས་ཀ་ཞིག་ཡོད་པ་དེ་ལ་དགག་པ་རྒྱག་བཞིན་ཡོད།  མཚམས་རེར་ཚོགས་འདུ་དང་གཏམ་བཤད་སོགས་ཀྱི་སྐབས་སུ་ངས་དྲི་བ་དང་རྩོད་པའི་ལམ་ནས་གཏམ་འཆད་མཁན་ལ་དགག་པ་དང་རྩོད་པ་བྱས་ཚེ།  ཁོང་དགའ་ནས་མཐེ་བོང་སྟོན་པ་ཡིན།  བོད་པ་རྣམས་ཀྱིས་རང་གི་ཤེས་ཡོན་ལ་སྤོབས་པ་བྱེད་པ་དེ་ནི་ཁོང་གིས་ང་ཚོར་བྱེད་འོས་པའི་ཐོབ་ཐང་ཞིག་ཡིན་པ་ང་ཚོར་བརྡ་སྤྲོད་པ་དང་མཚུངས།  ཁོང་གིས་ཞྭ་སྒབ་པ་དང་རྒྱལ་དབང་ལྔ་པ་སོགས་བོད་ཀྱི་ལོ་རྒྱུས་མཁན་པོ་རྣམས་ལ་རྗེས་སུ་བསྔགས་པ་ཙམ་ཞིག་མ་ཡིན་པར།  དེང་རབས་གསར་དུ་ཐོན་བཞིན་པའི་མཁས་པ་རྒྱལ་མོ་འབྲུག་པ་དང་ཚེ་རིང་ཐར་སོགས་ཀྱི་མཛད་རྗེས་ལ་དོ་སྣང་དང་ཡིད་རངས་བྱེད་པ་ཡིན།  དེ་ནི་བོད་ཀྱི་གཞོན་རབས་པ་ཚོ་བོད་ཀྱི་ལོ་རྒྱུས་དང་བོད་རིག་པའི་བདག་པོ་ངོ་མ་དེ་ཡིན་ལ། ཡིན་པ་ལྟར་བདག་པོའང་བྱེད་ཐུབ་ཀྱིན་པ་ལ་ཐུགས་དགྱེས་པའི་རྣམ་པ་སྟོན་པ་ཞིག་ཅིས་མིན།

ཁོང་གི་གྲོགས་པོ་མཁས་དབང་རོ་བྷི་ལགས་དང་ལྷན་དུ།

ཁོང་གི་གྲོགས་པོ་མཁས་དབང་རོ་བྷི་ལགས་དང་ལྷན་དུ།

ཁོང་གིས་བོད་ཀྱི་ལོ་རྒྱུས་སོགས་གཙོ་བོར་འཛིན་མོད་བོད་ཡིག་ཐོག་གི་ཡིག་ཆ་མང་པོ་ལ་དོ་སྣང་བྱེད་པ་ཡིན།  ཁོང་རྒྱ་གར་དང་བོད་ལ་ཕེབས་ཐེངས་རེ་ནི་དཔེ་ཆ་ཉོ་བའི་ཚོང་ལས་ཤིག་གི་ཆེད་དུ་ཡིན་པ་འདྲ་ལ།  ཁོང་གིས་རང་ལ་མཁོ་བའི་དེབ་རིགས་ཉོ་བ་མ་ཟད། ང་ལ་དགོས་པའི་དེབ་རིགས་ཀྱང་ཉོས་ནས་འཁྱེར་ཡོང་།   ཁོང་གི་ཁང་པ་གསར་རྙིང་གཉིས་ཀའི་ནང་དེབ་ཀྱིས་ཁེངས་ཡོད་ཅིང་།  ཁང་པ་གསར་པའི་རྩིག་ངོས་ཡོད་ཚད་དེབ་ཀྱི་ཆ་སྒམ་གྱིས་ཁེངས་ཡོད།  ད་དུང་ཁོང་ལ་ཡོད་པའི་དེབ་དེ་དག་གི་ནང་དོན་དང་ཡང་ན་དེབ་གང་ཞིག་གང་ན་ཡོད་པ་སོགས་ཧ་ཅང་གསལ་པོ་ཡོད།  ཁོང་འདས་པ་ལ་ཁོང་གི་གྲོགས་པོ་ཞིག་གིས་ “དཔེ་མཛོད་ཁང་ཞིག་མེས་འཚིག་པ་དང་འདྲ་”ཞེས་གསུངས་པ་ནི་དོན་དང་མཐུན་པ་ཞིག་རེད།

ང་ཚོས་གླེང་མོལ་ཞིག་བྱེད་ཀྱིན་པ་འདྲ། ནོར་ཝེར་ ༢༠༡༦ ལོར།

ང་ཚོས་གླེང་མོལ་ཞིག་བྱེད་ཀྱིན་པ་འདྲ། ནོར་ཝེར་ ༢༠༡༦ ལོར།

ད་ལྟའི་བོད་རིག་པ་ཞེས་པ་འདི་ནི་ང་ལ་མཚོན་ན་ཧི་མ་ལ་ཡའི་རྒྱབ་མདུན་དུ་རྒྱུགས་བཞིན་པའི་གཙང་པོ་ཆེན་པོ་གཉིས་དང་མཚུངས།  གཅིག་ནི་བོད་ཡིག་གི་གཙང་པོ་དང་།  གཞན་དེ་ནི་ཨིན་ཡིག་གི་གཙང་པོ་རེད།  ཨིན་སྐད་དུ་བོད་རིག་པའི་སློབ་སྦྱོང་བྱེད་པོ་རྣམས་ཀྱིས་མ་མཐའ་ལའང་བོད་ཡིག་ཏུ་རྩོམ་གསར་པ་གང་ཡོད་པ་དང་དཔྱད་གཞི་གསར་པ་གང་ཡོད་པ་ལྟ་རྟོག་བྱེད་བཞིན་ཡོད།  འོན་ཀྱང་བོད་ཡིག་གི་གཙང་པོ་དེ་ལ་བརྟེན་པའི་སྐྱེས་བུ་ང་ལྟ་བུ་དག་ལ་མཚོན་ན། ཨིན་ཡིག་གམ་སྐད་གཞན་གྱི་སྟེང་དུ་བོད་རིག་པའི་དཔྱད་འབྲས་གང་ཡོད་ཀྱི་ཐད་ནས་དབྱེ་ཞིབ་དང་རྒྱུས་ལོན་བྱེད་རྒྱུའི་ཐད་ནས་ད་དུང་མ་ལྡང་བའི་ཆ་ཏན་ཏན་ཡོད་པ་རེད།  དེ་བས་ངས་རང་གི་གྲོགས་པོའི་ཚོགས་འདུའི་གཏམ་བཤད་ལ་ཉན་པ་དང་ང་རང་ཚོའི་ཁ་བརྡའི་སྐབས་སུ་བྱུང་བའི་བརྗོད་གཞིའི་རིགས་ལ་དོ་སྣང་བྱས་ཏེ་རྩོམ་རེ་ཟུང་བཀླགས་པ་ཙམ་ལས་ཁོང་གི་ཞིབ་འཇུག་གི་འབྲས་བུ་ཡོངས་ལ་ལྟ་རྟོག་གི་སྐལ་བ་མ་ལྡན། དེ་ནི་ད་ཆ་ཅི་འདྲའི་ཕངས་པ་ཞིག་རེད་ཨང་།  ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད་ཅེས་པ་དང་འདྲ་པོ་བྱུང་འདུག  ད་ལྟ་པར་སྐྲུན་བྱས་ཟིན་པའི་དཔྱད་རྩོམ་ལྔ་བཅུ་ཙམ་ཞིག་བཞུགས་ཤིང་།  དེ་དག་ནི་བརྗོད་བྱ་སྣ་ཚོགས་པ་དང་དུས་རབས་མང་པོའི་རིང་གི་བོད་ཀྱི་ལོ་རྒྱུས་རེད།  (པར་སྐྲུན་བྱས་ཟིན་པའི་རྩོམ་རྣམས་ཀྱི་ཁ་བྱང་བསྒྱུར་ཏེ་མི་རིང་བར་འགོད་པར་བྱ།) ཁོང་གིས་ད་དུང་བོད་རིག་པའི་ཐོག་ཐོན་པའི་དེབ་ཉི་ཤུ་ལྷག་ལ་བསྐྱར་ཞིབ་བྲིས་པ་དང་།  འཛམ་གླིང་ཁྱོན་དུ་འཚོགས་པའི་བོད་རིག་པ་ལ་འབྲེལ་ཡོད་ཀྱི་ཚོགས་འདུ་བརྒྱ་དང་བཞི་བཅུ་སྐོར་ལ་བཅར་ཏེ་ཆེད་རྩོམ་སྒྲོག་སྦྱང་བྱས་འདུག  དཔེར་ན།  ༡༩༧༨ ལོར་འདི་གའི་སློབ་གྲྭར་ “རྒྱ་ནག་དང་ཨུ་རུ་སུའི་རྩོད་རྙོག་ཁྲོད་ཀྱི་བོད་”ཅེས་པའི་བརྗོད་གཞིའི་ཐོག་ཆེད་རྩོམ་བསྒྲགས་པ་ནས་ ༢༠༡༦ ལོའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་མི་དབང་ཕོ་ལྷ་བའི་སྐོར་རྩོམ་ཡིག་སྒྲོག་སྦྱང་མཛད་པ་ལྟ་བུ་རེད།

ཁོང་ལ་ཡུན་རིང་འདྲིས་པའི་ཕྱི་ཐག་ཅན་གྱི་གྲོགས་པོ་ཧ་ཅང་མང་ཞིང་།  དེ་དག་གི་ཁྲོད་དུ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་དབུ་འཛིན་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས།  ཨི་ཊ་ལའི་ཡུལ་གྱི་མཁས་དབང་རོ་བྷི་ ཝི་ཊ་ལི་སོགས་ཕྱི་ནང་གི་གྲོགས་པོ་ཧ་ཅང་མང་བའི་ཁྲོད་ནས་ཕྲན་བུ་ཁོང་གི་སྐུ་ཚེའི་སྨད་དུ་བྱུང་བའི་གྲོགས་མིང་འཛིན་པ་ཞིག་ཡིན།  ཁོང་ལས་འཁྱུར་མ་མཛད་གོང་དུ་རོ་བྷི་ལགས་ཀྱིས་སྐུ་ངལ་འཛེམས་མེད་ངང་མཁས་དབང་ཁོང་ལ་མངོན་བསྟོད་རྗེས་དྲན་གྱི་དེབ་ཅིག་པར་སྐྲུན་གྱི་ལས་རིམ་སྒྲུབ་སྐབས་ཕྲན་དང་ཉི་ཁོལ་གཉིས་ནས་ཀྱང་གང་ཐུབ་ཀྱིས་རོགས་རམ་བྱས་པའི་ཁུལ་ཡིན་ལ།  གཙོ་བོར་རོ་བྷི་ལགས་ཀྱིས་འགན་འཁྱེར་བའི་ཐོག་ནས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་པར་སྐྲུན་བྱས་པ་རེད།  དེ་ནི་ད་ལྟ་བསམས་ན་ཇི་འདྲའི་བསོད་ནམས་ལྡན་པའི་ལས་ཤིག་བསགས་འདུག་བསམས་ནས་དགའ་བ་འཕེལ་བཞིན་ཡོད།   ཁོང་གི་ལས་འཁྱུར་མ་བྱས་གོང་དེར་ང་ཚོའི་ལས་ཁུངས་ཀྱང་ཁང་པ་གསར་པ་ཞིག་ཏུ་སྤོར་ཞིང་།  དེར་ངེད་གཉིས་ཀྱི་ལས་ཁུངས་གཤིབས་ནས་ཡོད།  ཁོང་ལས་འཁྱུར་བྱེད་གྲབས་ཡོད་སྟབས་དཔྱད་གཞིའི་ཡིག་ཆ་རྣམས་འཕྲུལ་པར་དུ་ལེན་གྱིན་བཞུགས་ཤིང་།  དེའི་གྲས་ནས་བོད་ཡིག་གི་ཡིག་ཚགས་འབོར་ཆེན་ཞིག་ཕྲན་ལ་གནང་བྱུང་ལ།  ད་དུང་ཁོང་ལ་ཡོད་པའི་དེབ་འཕར་མ་ཡང་མང་པོ་ཞིག་ཕྲན་ལ་གནང་བྱུང་། དེ་ནས་ཅང་མ་འགོར་བར་ ༢༠༡༥ ལོའི་ལོ་མཇུག་ཏུ་ཁོང་ཨིན་ཌི་ཡ་ན་ནས་གྱེས་ཏེ་ནིའུ་ཡོག་ལ་ཕེབས་པ་རེད།

14-with-his-best-friends-

ཁོང་གིས་རྟག་ཏུ་གླེང་བའི་གྲོགས་པོ་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་དང་ཨ་གྷ་ཏ་གཉིས་དང་ལྷན་དུ།

ངེད་གཉིས་ཀྱིས་སྐད་ཆ་བཤད་ཐེངས་མཐའ་མ་དེ་ནི་ཕྱི་ཟླ་དང་པོའི་ཚེས་ ༢༢ ཉིན་ཡིན་མོད་དེ་དུས་ཕལ་ཆེར་ཉེ་ཆར་བྱུང་བའི་ངེད་ཀྱི་བུ་མོའི་གོད་ཆག་གི་སྐོར་ལས་གཞན་ཅི་ཡང་མ་བཤད་པ་འདྲ།  ཕྱི་ཟླ་དང་པོའི་ཚེས་ ༡༠ ཉིན་གྱི་ཁ་བརྡའི་ཁྲོད་འཇམ་དབྱངས་དར་རྒྱས་ལགས་ཀྱིས་བསྒྱུར་པའི་ “རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས་”དེབ་བཞི་པ་དེའི་སྐོར་ཡིན།  ད་ངས་དེབ་བཞི་པ་དེ་སུ་ལ་བསྐུར།  ད་དུང་ངས་འཇེག་ ཁེ་རོ་ཨེག་གིས་བརྩམས་པའི་ལམ་དུ་ཞེས་སྒྲུང་རྩོམ་དེ་བསྒྱུར་ཟིན་ན་དེའི་གླེང་བརྗོད་སུ་ཡིས་འབྲི།

ངའི་ཨ་མ་དང་སྲུ་མོ་འདས་པོ་གཉིས་ལ་ངེད་ཅག་གི་པར་རིས་སྟོན་བཞིན་པ། པར་པ་ John Lee

ངའི་ཨ་མ་དང་ཨ་ནེ་འདས་པོ་གཉིས་ལ་ངེད་ཅག་གི་པར་རིས་སྟོན་བཞིན་པ། པར་པ་ John Lee

ངའི་ཨ་མ་ལགས་དང་ལྷན་དུ།

ངའི་ཨ་མ་ལགས་དང་ལྷན་དུ།

གྲོགས་པོ་ལགས།  ངའི་ཉོག་གཏམ་འདི་རྫོགས་རྒྱུ་མེད་པ་འདྲ་བས་རེ་ཞིག་མཚམས་འཇོག་གི་ཡིན།  ཁྱེད་ཀྱིས་ཕྲན་ལ་བསྩལ་བའི་དགའ་བ་དང་སྤོབས་པ་དེ་སྒོམ་ནས་ང་ནི་མུ་མཐུད་ནས་འཚོ་ཐབས་བྱེད།  ཁྱེད་དང་བྲལ་བའི་སྡུག་བསྔལ་དེ་ནི་འདི་ཙམ་ཞིག་ལྕི་བ་ཡིན་པ་ངས་ནམ་ཡང་ཚོད་དཔག་མ་ཐུབ།  ཁྱེད་ཅག་ངའི་ཨ་མ་ལ་ཆེད་དུ་ཐུག་འཕྲད་ལ་ཕེབས་པའི་པར་འདི་ཡིད་ལ་སྒོམ་བཞིན་རེ་ཞིག་མཚམས་འཇོག་པར་བྱེད་དོ༎  ག་ལེར་ཕེབས། རྒན་ལགས།

དོར་ཉིན་སྡེ་པ་ནས་ཐོན་ཁར། པར་པ། John Lee

དོར་ཉིན་སྡེ་པ་ནས་ཐོན་ཁར། པར་པ། John Lee

བསྐྱར་བཅོས།: ༢༠༡༧/༠༢/༠༥

Leave a Reply