དེ་རིང་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་རིས་མེད་དགེ་མཚན་གླེང་བའི་ཚོགས་འདུའི་ཐོག་བྱང་རྩེ་ཆོས་རྗེ་མཆོག་ནས་དངོས་གནས་རིས་མེད་ཡོང་བར་ཆོས་བརྒྱུད་ཕན་ཚུན་བར་བསླབ་པ་སློབ་གཉེར་གནང་དགོས་སྐོར་གསུངས་སོང་།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཐོག་རྡོར་གདན་མཆོད་རྟེན་ནང་སྐོར་དུ། རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རིས་མེད་ཀྱི་དགེ་མཚན་གླེང་བ་ཞེས་པའི་གཏམ་བཤད་ཚོགས་འདུ་ཞིག་ཚོགས་སོང་བ་དང་། ཚོགས་འདུའི་སྐུ་མགྲོན་དུ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་བླ་སྤྲུལ་རྣམ་པ་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག དེ་བཞིན་རིས་མེད་ཆོས་བརྒྱུད་ཁག་གི་དགེ་འདུན་པ་དང་མི་མང་བཅས་འཛོམས་འདུག
མཛད་སྒོའི་ཐོག་ཚོགས་གཞོན་གཡུང་དྲུང་རིན་པོ་ཆེ་མཆོག་དང་ཚོགས་གཙོ་ཟུར་པ་བསོད་རྒན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས། ཚོགས་པ་དེ་བཙུགས་པའི་དམིགས་ཡུལ་དང་ལས་འཆར་ནི། ཆོས་བརྒྱུད་ཁག་བར་མཐུན་སྒྲིལ་དང་སྤྱི་ཚོགས་མཐུན་ལམ། བོད་རིགས་གོང་བུ་གཅིག་གྱུར་གྱི་ནུས་པ་མཉམ་སྤུངས་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བ། ཉམ་ཐག་མི་མང་ལ་རོགས་རམ། འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་ཐབས་སོགས་ཀྱི་ཆེད་དུ་བཙུགས་ཡོད་པ་ལས། མིང་དང་ཐོབ་ཐང་རྩོད་པ། རང་དོན་ཕྱོགས་ལྷུང་། དཔལ་འབྱོར་འདུ་འགོད་སོགས་ཀྱི་ཀུན་སློང་གང་ཡང་མེད་སྐོར་སོགས་གསུངས་སོང་།
དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཆོས་ལུགས་གཞན་གྱི་ནང་རྙོག་དྲ་ཆེན་པོ་ཡོང་བཞིན་ཡོད་པ་དེ་ལྟ་བུ་ཞིག་ང་ཚོའི་སྤྱི་ཚོགས་ནང་མི་ཡོང་ཆེད་ད་ལྟ་ནས་འབད་བརྩོན་ཡོད་རྒུ་གནང་གལ་ཆེ་སྐོར་གསུངས་དོན། ཁ་ཆེའི་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ཀྱི་ནང་ཁུལ་དུ་མི་གསོད་ཁྲག་སྦྱོར་གྱི་རྙོག་དྲ་ཆེན་པོ་ཡོང་གི་ཡོད་པ་དང་། ད་ལྟའི་ཆར་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་ཆོས་བརྒྱུད་ཁག་མཐུན་པོ་དང་རྡོག་རྩ་ཆིག་སྒྲིལ་ཞེ་དྲགས་ཡོད་པས་རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་རེད། ཡིན་ནའང་། མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་རྙོག་དྲ་དེ་རིགས་མི་ཡོང་བར་དོགས་ཟོན་དང་སྤྱང་གྲུང་དགོས་པ་མ་ཟད། རྙོག་དྲ་མི་ཡོང་བའི་ཆེད་དུ་ང་རང་ཚོའི་ངོས་ནས་འབད་བརྩོན་ག་རེ་ཡིན་ནའང་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་བསམ་གྱི་འདུག དེར་བརྟེན་ཆོས་ལུགས་རིས་མེད་ཅེས་དགོངས་པ་བཞེས་པའི་ཐོག་ནས་ཆོས་བརྒྱུད་ཁག་གི་ནང་ལོགས་ལ་མཐུན་སྒྲིལ་ཡོང་བའི་འབད་བརྩོན་སུས་གནང་བ་ཡིན་ནའང་། དེ་ལ་རྗེས་སུ་ཡི་རང་ཞུ་ཡ་ཡིན། ཞེས་གསུངས་སོང་།
ཡང་ཁོང་གིས། ཆོས་བརྒྱུད་ནང་ཁུལ་གྱི་གཅིག་སྒྲིལ་དང་མཐུན་སྒྲིལ་ག་ཚོད་ཀྱིས་ཡག་པོ་བྱུང་ན། ང་ཚོའི་མ་རྩ་དེ་བརྟན་པོ་དང་སྟུག་པོ། གཏིང་ཟབ་པོ་ཞིག་ཡོང་གི་རེད་བསམ་པའི་ཐོག་ནས་ཆོས་ལུགས་རིས་མེད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། ང་རང་ཚོ་ནང་ཁུལ་གཅིག་སྒྲིལ་ཡོད་པ་ཡིན་ན། ༧གོང་ས་མཆོག་ནས་དགོངས་པ་ཁག་གསུམ་ཞེས་ནང་གི་ཡོད་པའི་ནང་ནས་དང་པོ་དེ་ཆོས་ལུགས་ཁག་མཐུན་སྒྲིལ་གནང་དགོས་ཀྱི་འདུག་ཞུ་ཡི་ཡོད་པ་དང་། ནང་ཁུལ་མཐུན་སྒྲིལ་ཡོད་ན་ཆོས་ལུགས་གཞན་གྱིས་ཀྱང་ང་ཚོར་ཆེ་མཐོང་སྤྲོད་ཀྱི་རེད་ལ། བརྩི་བཀུར་བྱེད་ངེས་རེད། ནང་ཁུལ་མ་འཆམ་པ་ཞིག་ལ་ང་ཚོ་ཆོས་ལུགས་གཞན་དང་མཐུན་སྒྲིལ་བྱེད་དུ་འགྲོ་ཡི་ཡིན། ཆོས་ལུགས་གཞན་ལ་ང་ཚོས་ལག་པ་གཏོང་གི་ཡིན་ལབ་ན། ཁོང་རང་ཚོ་ཡིན་ནའང་ཐེ་ཚོམ་བྱེད་ངེས་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་ཆོས་ལུགས་རིས་མེད་ཤིན་ཏུ་གལ་ཆེན་པོ་རེད། གཞི་རྩའི་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་གནང་མཁན་ཡིན་དུས། དགོངས་པ་བཞེས་སྟངས་གུ་ཡངས་ཀྱི་ལྟ་བ་འཁུར་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།
དེ་ནས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་ཚོགས་པའི་དམིགས་ཡུལ་ལྟར་ཆོས་ལུགས་ཕན་ཚུན་བར་སློབ་སྦྱོང་བྱེད་དགོས་སྐོར་བཀའ་སློབ་གནང་དོན། ད་ལྟ་བར་དུ་བོད་ཀྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་དཔེ་མི་སྲིད་པའི་ཡག་པོ་ཡོད་པ་རེད་དེ། སོ་སོའི་འཆད་ཉན་སྒོམ་སྒྲུབ་དེ་གནང་ནས་བསྡད་པ་མ་གཏོགས་ཆོས་བརྒྱུད་ནང་ཁུལ་གྲོས་བསྡུར་རྩ་བ་ནས་བྱུང་མེད་ཀྱང་། དེ་རིང་བྱུང་བ་དེ་དཔེ་མི་སྲིད་པའི་ཡག་པོ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ཨ་རིར་བཞུག་མཁན་ཚོས་ཐུགས་འཁུར་ཆེ་བཞེས་ཀྱིས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཀྱི་ཚོགས་པ་ཞིག་བཙུགས་གནང་བ་དང་། གོང་དུ་གསལ་བཤད་གནང་བ་ལྟར་ཚང་མ་ལག་བསྟར་བྱས་ནས་ཚོགས་པ་འདི་འདྲ་བཙུགས་གནང་ཐུབ་པ་དེ་མི་སྲིད་པའི་ཡག་པོ་རེད། ཚོགས་པ་འདི་བཙུགས་པའི་དགོས་པ་ག་རེ་རེད་ཟེར་ན། རིས་སུ་མ་ཆད་པའི་ཆོས་ལུགས་ལ་ཉན་བཤད་གནང་དགོས་པ་རེད། ཚོགས་འདུ་ཚོགས་པ་དང་ཚོགས་ཚོགས་ཙམ་ཚོགས་ཙམ་གནང་བ་དེ་འདྲ་ཙམ་མ་ཡིན་པར་ཕར་ཚུར་ཉན་བཤད་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་ཆགས་བསྡད་ཡོད་པ་རེད། ཅེས་སོགས་གསུངས་སོང་།
རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཞུ་བ་ཨ་རིའི་བྱང་བརྒྱུད་མངའ་སྡེ་ཁ་ལི་ཧྥོར་ནི་ཡའི་སན་ཧྥ་རན་སི་ཀོ་ཁུལ་དུ་གནས་བཞུགས་བོད་ཀྱི་མཁན་སྤྲུལ་རྣམ་པས་གྲོས་བསྡུར་གནང་བ་བརྒྱུད། ཕྱི་ལོ་ ༢༠༡༡ ལོར་དངོས་སུ་དབུ་བརྙེས་ཡོད་པ་དང་། རིས་སུ་མ་ཆད་པའི་ཐོག་ནས་རྒྱུན་ལས་གསར་འདེམས་རིམ་པ་གནང་སྟེ་ད་ལྟ་རྒྱུན་ལས་སྐབས་བཞི་པ་དེ་ཆགས་ཡོད་འདུག
གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།
༅༅། གངས་ཏེ་སེའི་འདབས་ན་མཚོ་ཞིག་འཁྱིལ། མཚོ་དེ་ནི་ཡར་འབྲོག་གཡུ་མཚོ་རེད།
ངའི་ཕ་ཡུལ་མངའ་རིས་སྐོར་གསུམ་ཡིན་།་བོད་ཁ་བ་ཅན་གྱི་སྟོད་པ་ཡིན།
ཡུལ་ཁ་བ་ཅན་ལ་བཀྲིས་ཤོག།
གྲགས་ཆེན་པོ་བོད་ལ་ཆུ་ཞིག་ཡོད། ཆུ་དེ་ནི་རྨ་འབྲི་རྗ་གསུམ་རེད།
ངའི་ཕ་ཡུལ་དབུས་གཙང་རུ་བཞི་ཡིན། བོད་ཁ་བ་ཅན་གྱི་དབུས་པ་ཡིན།
ཡུལ་ཁ་བ་ཅན་ལ་བཀྲིས་ཤོག།
ས་གླིང་དཀར་སྟོད་ལ་རི་ཞིག་ཡོད། རི་དེ་ནི་རྨ་རྒྱལ་གངས་རི་རེད།
ངའི་ཕ་ཡུལ་མདོ་ཁམས་སྒང་དྲུག་ཡིན། བོད་ཁ་བ་ཅན་གྱི་སྨད་པ་ཡིན།
ཡུལ་ཁ་བ་ཅན་ལ་བཀྲིས་ཤོག།