མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་ལ་རོགས་རམ་བྱ་རྒྱུའི་ཆོད་སེམས་སྔོན་མ་ནས་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་ཐེངས་སོ་གཉིས་པ་ཕྱི་ཚེས་ ༡༠ ཉིན་ཡོངས་སུ་མཇུག་བསྒྲིལ་མ་ཐག ཕྱི་ཚེས་ ༡༡ ཉིན་གསར་འགོད་པས་ཐེངས་འདིའི་སྤྱིན་བདག་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་འདས་པོ་རྡོ་རྗེ་མཁའ་འགྲོའི་བུ་ཨ་རུ་ན་ཅལ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་བཅར་འདྲི་ཞུས་ཡོད།

དྲི་བ། སྐུ་ཉིད་ཀྱི་ཕ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གིས་ཐོག་མར་༧གོང་ས་མཆོག་ལ་དུས་འཁོར་དབང་ཆེན་ཞུས་པར་ཐུགས་རེ་གཙོ་བོ་གང་འདྲ་གནང་ཡོད་པ་དང་། དུས་དབང་གནང་ཡུལ་རྡོ་རྗེ་གདན་དུ་གོ་སྒྲིག་ཞུ་དོན་ཅི་ཡིན།

ལན། ངའི་ཡབ་དམ་པ་ཁོ་རང་སྔོན་མ་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་ཆེན་པོ་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་ཕ་ལགས་ལ་ཐུགས་ཉེ་བོ་གནང་གི་རེད། ལྷག་པར་དུ་ང་ཚོ་ཨ་རུ་ན་ཅལ་ཕྱོགས་སུ་ནང་པའི་ཆོས་བྱེད་མཁན་མང་པོ་དང་། ཁོང་ཅག་༧རྒྱལ་བ་རིན་པོ་ཆེ་ལ་བློ་གཅིག་སེམས་གཅིག་གིས་ཡིད་ཆེས་དང་དད་པ་ཡོད་མཁན་ཤ་སྟག་རེད། ཁོང་ཅག་གིས་སྔོན་མ་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་དུས་འཁོར་དབང་ཆེན་ཞུ་ཐུབ་ན་སྙམ་པའི་རེ་འདོད་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། ཨ་རུ་ན་ཅལ་མངའ་སྡེ་ནང་དེ་འདྲ་ཞིག་གོ་སྒྲིག་ཐུབ་པ་ཁག་པོ་རེད། ས་ཐག་རིང་པོ་དང་། ས་ཆའི་མཐུན་རྐྱེན་ཡང་འཛོམས་པོ་ཡོད་པ་མ་རེད། ཕ་ལགས་ཀྱིས་མི་མང་གི་རེ་འདོད་བསྐོང་ཆེད་༧རྒྱལ་བ་རིན་པོ་ཆེ་ལ་དུས་འཁོར་དབང་ཆེན་ཞུས་པ་རེད་ལ། སྐྱབས་འཇུག་ཞུས་པ་བཞིན་ཞལ་བཞེས་ཀྱང་ཐོབ་སྟེ། ས་ཆ་རྡོ་རྗེ་གདན་ལ་གཏན་འཁེལ་བ་རེད། རྡོ་རྗེ་གདན་ནི་རྒྱ་གར་གྱི་དཀྱིལ་དབུས་ལྟ་བུ་རེད། རྒྱ་གར་རྒྱལ་ཡོངས་ཀྱི་ནང་པ་ཚོར་སྟབས་བདེ་བོ་ཡོད་པ་མ་ཟད། བོད་ནང་ནས་ཕེབས་མཁན་དང་། ཕྱི་རྒྱལ་ཁག་ནས་ཕེབས་མཁན་ཚོས་དབང་གི་ཞོར་དུ་གནས་མཇལ་ཡང་ཐུབ་ཀྱི་ཡོད་པ་རེད།  

 

དྲི་བ། དུས་འཁོར་དབང་ཆེན་གྱི་ལས་དོན་མགོ་འཛུགས་བྱས་ཏེ་ད་ལྟའི་བར་དཀའ་ངལ་གང་དག་འཕྲད་ཡོད་དམ།

ལན། སྤྱི་ཡོངས་ཀྱི་ཐོག་ནས་དཀའ་ངལ་ཆེན་པོ་གང་ཡང་འཕྲད་མ་སོང་། དེ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཉེ་ཆར་དུས་དབང་བསླེབ་ལ་ཉེ་སྐབས་ཆོས་ཞུ་བར་གུར་རྒྱག་རྒྱུའི་ཐོག་དཀའ་ངལ་ཏོག་ཙམ་འཕྲད་སོང་། ཐོག་མ་བྷེ་ཧྭར་མངའ་སྡེ་གཞུང་ལ་ས་ཆ་གཡར་དུ་ཕྱིན་སྐབས། ས་ཆ་གཡར་ལ་མ་གཡར་ལ་དང་། དུས་ཚོད་གང་འཚམ་འགོར་འགྱངས་བྱས་སོང་། ས་ཆ་གཡར་བ་དེ་ཡང་ཆུང་དྲགས་པའི་དབང་གིས་ས་གནས་ཁག་གསུམ་ནང་གུར་རྒྱག་དགོས་བྱུང་སོང་། མ་གྷ་ངྷི་གཙུག་ལག་སློབ་གྲྭའི་གླིང་གར་ཆོ་ཞུ་བ་སྤྱི་ཡོངས་ལ་གུར་བརྒྱབ་པ་རེད། བཀའ་བརྒྱུད་དགོན་པའི་ཉེ་འགྲམ་དུ་ཨ་རུ་ན་ཅལ་གྱི་ཆོས་ཞུ་བ་ཚོར་གུར་བརྒྱབ་པ་རེད། གསུམ་པ། བོད་ནས་ཕེབས་མཁན་ཚོར་ཆུ་བོ་ཎེར་ཛ་ནའི་འགྲམ་དུ་བརྒྱབ་ཡོད། ཆོས་ཞུ་བ་མང་ཤོས་སྡོད་སའི་མ་གྷ་ངྷ་གཙུག་ལག་སློབ་གྲྭའི་གུར་ནང་ཆུ་དང་གློག་ཀྱང་སྤྲད་ལ་མ་སྤྲད་ལ་བྱས་སོང་། དེ་ནས་ཕྱི་ཚེས་ ༡ ཉིན་གསུང་ཆོས་མགོ་འཛུགས་བྱས་མ་ཐག་ཆར་བ་བབས་ཏེ་ཆོས་ཞུ་བ་ཚོར་དཀའ་ངལ་གང་འཚམ་འཕྲད་ཡོད་པ་རེད།

  

དྲི་བ། གོ་སྒྲིག་ཚོགས་ཆུང་གིས་ཐོག་མར་བྷེ་ཧར་མངའ་སྡེ་གཞུང་གིས་རྒྱབ་སྐྱོར་ཆ་ཚང་ཡོད་སྐོར་དང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཀྱང་གྲ་སྒྲིག་ཨང་གསར་བྱས་ཡོད་ཚུལ་བརྗོད་ཀྱང་། ལས་དོན་དངོས་གཞིའི་ཐོག་དེ་འདྲ་བྱུང་མེད་དོན་གང་ཡིན།

ལན། ང་རང་ལས་འདོན་འདི་མགོ་འཛུགས་བྱས་ཏེ་ཐེངས་ ༤ ཙམ་ལ་ཨ་རུ་ན་ཅལ་ནས་ཆེད་དུ་རྡོ་རྗེ་གདན་ལ་བཅར་དགོས་བྱུང་སོང་། བྷེ་ཧྭར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གི་སར་ཐེངས་ ༢ ལ་བཅར་ཏེ་རྒྱབ་སྐྱོར་རོགས་རམ་ཡོང་བའི་རེ་སྐུལ་ཞུས་པ་ཡིན། གང་ལྟར་མངའ་སྡེ་གཞུང་དང་ས་གནས་ལས་བྱེད་ཚོས་སྤྱི་ཡོངས་ཀྱི་ཐོག་ལ་རྒྱབ་སྐྱོར་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ལས་དོན་ཕྲན་བུ་རེ་ཟུང་ཐོག་འཐུས་ཤོར་དང་འགོར་འགྱངས་བྱས་སོང་། ཆོས་ཞུ་བའི་སྡོད་གུར་རྒྱག་ཡུལ་ཐད་ནས་ཀྱང་མངའ་སྡེ་བློན་ཆེན་གྱིས་བཀའ་གནང་སྟེ་རིམ་པ་འོག་མ་དག་གིས་ས་ཆ་ཁག་གསུམ་དུ་བགོས་ནས་སྤྲད་འདུག་ལ། ས་ཆར་རིན་པ་ཡང་གང་འཚམ་ཐག་གཅོད་བྱས་འདུག ང་ཚོས་ས་གནས་རྫོང་ལ་རེ་སྐུལ་ཞུས་ཏེ་དུས་འཁོར་དབང་ཆེན་འདི་ཆོས་ཀྱི་དགེ་རྩ་ཞིག་དང་། མང་ཚོགས་ལ་ཞབས་འདེགས་བསྒྲུབ་པ་ཞིག་ཡིན་སྐོར་ཞུས་ཀྱང་། ས་གནས་རྫོང་དཔོན་གྱི་ངོས་ནས་ས་རིན་ལེན་དང་མི་ལེན་ང་ཚོར་ཐག་གཅོད་ཀྱི་དབང་ཆ་ཡོད་པ་མ་རེད། མངའ་སྡེ་གཞུང་ལ་ཞུ་དགོས་པ་རེད་གསུངས་སོང་། དེ་ནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་མངའ་སྡེ་བློན་ཆེན་གྱི་ཕྱག་ཏུ། ས་རིན་དང་གློག་རིན་ཐོག་དགོངས་བཞེས་ཡོང་བའི་རེ་ཞུ་ཞིག་ཕུལ་བ་རེད། ད་དུང་ཐག་གཅོད་གང་ཡང་འབྱོར་མ་སོང་། ས་གནས་མི་མང་ལ་མཚོན་ན་ང་ཚོས་རྒྱབ་སྐྱོར་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་རེད་ལ། ཁོ་རང་ཚོས་དངོས་ནས་ཀྱང་རོགས་འདེགས་དེ་འདྲ་གནང་མ་སོང་ལ། སྡུག་ཅག་དེ་འདྲ་ཡང་བྱས་མ་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

དྲི་བ། ཆོས་ཞུ་བའི་སྡོད་གུར་ནང་ཆུ་དང་གློག གསང་སྤྱོད་སོགས་ཀྱི་མཐུན་རྐྱེན་འཛོམས་མིན་དང་། ལྷག་པར་དུ་ཉིན་འགའི་སྔོན་ཆར་བ་བབས་ཏེ་མི་མང་ལ་དཀའ་ངལ་འཕྲད་པའི་དབང་གིས་གོ་སྒྲིག་ཚོགས་ཆུང་གིས་གུར་གླ་ཆ་ཚང་མི་མང་ལ་ཕྱིར་སློག་གནང་བ་དེས་དཔལ་འབྱོར་ཐོག་དཀའ་ངལ་འཕྲད་ཡོད་དམ།  

ལན། ཉེ་ཆར་ཆར་བ་འབབ་སྐབས་ང་འདིར་བསྡད་མེད། ཕྱི་ཚེས་ ༡ ནས་ ༦ བར་ཚོགས་འདུ་སོགས་ལས་དོན་གཞན་ཁག་ཅིག་གི་ཆེད་དུ་ལྡི་ལིར་སྡོད་དགོས་བྱུང་སོང་། དུས་ཚོད་དེའི་རིང་ལ་ཆར་བ་བབས་པ་དང་ཆོས་ཞུ་བའི་གསང་སྤྱོད་འཁྲུས་ཁང་མ་འགྲིག་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་ས་རེད། ཡིན་ནའང་ང་རང་ཐེངས་འདིའི་སྦྱིན་བདག་ཡིན་པ་ཙམ་ལས། ལས་དོན་མང་ཆེ་བ་གོ་སྒྲིག་ཚོགས་ཆུང་གིས་ཐག་གཅོད་གནང་གི་ཡོད་པ་རེད། གནས་སྟངས་ལ་གཟིགས་ཏེ་འགྲོ་སོང་ག་ཚོད་གཏོང་དགོས་པ་དང་། ཕྱག་ལས་ག་རེ་གནང་དགོས་པ་ཁོ་རང་ཚོས་གནང་གི་ཡོད་པ་རེད། རྗེས་སུ་དེ་དག་གི་རྩིས་ཐོ་དང་འགྲེལ་བཤད་ང་ལ་འབྱོར་དགོས་པ་རེད། ད་དུང་ལས་རིམ་དེར་བསླེབས་ཡོད་པ་མ་རེད། གཅིག་བྱས་ན། ཁྱོད་ཀྱིས་ང་ལ་ཐེངས་འདིའི་བྱུང་སོང་གི་དངུལ་རྩིས་སྐོར་འདྲི་སྲིད་པ་རེད། ད་ལྟ་རྩིས་ཁྲའི་སྐོར་ཁྱེད་ལ་ཞུ་ཐུབ་ཀྱི་མི་འདུག ཕར་འགྲོ་སོང་ག་ཚོད་ཕྱིན་པ་དང་། ཚུར་ཡོང་འབབ་ག་ཚོད་ཡོད་པ་སོགས་རྩིས་ཁྲ་གཙང་མ་གཙང་རྐྱང་ཞིག་རྗེས་མ་གསལ་བསྒྲགས་ཞུ་རྒྱུ་ཡིན། ཁ་སང་༧གོང་ས་མཆོག་གིས་ཀྱང་ཁྱེད་རང་ཚོས་རྩིས་ཁྲ་ཕྱི་གསལ་ནང་གསལ་ཞིག་བཟོས་ཞེས་བཀའ་ཕེབས་སོང་། ཉི་མ་གཅིག་གཉིས་ནང་རྩིས་ཁྲའི་ལས་རིམ་དེ་གྲུབ་རྗེས་བོད་ཡིག་དང་དབྱིན་གཉིས་ཐོག་ནས་གསལ་བསྒྲགས་ཞུ་ངེས་ཡིན། སྐབས་དེར་ཁྱེད་རང་ཚོས་མང་ཚོགས་ལ་གསལ་བོ་ཞིག་བསྒྲགས་རྒྱུའི་རེ་བ་ཞུ་བཞིན་ཡོད། 

 

དྲི་བ། ད་ལྟ་དུས་འཁོར་དབང་ཆེན་ལེགས་པར་གྲུབ་སྟེ་ཁྱེད་སྦྱིན་བདག་རྣམ་པའི་དམིགས་ཡུལ་དང་ཆོས་ཞུ་བ་རྣམས་ཀྱི་རེ་འདོད་ཡོངས་སུ་གྲུབ་ཡོད་སྟབས་སེམས་ཚོར་གང་འདྲ་འདུག་གམ།

ལན། ༧རྒྱལ་བ་རིན་པོ་ཆེ་ལ་དུས་འཁོར་དབང་ཆེན་ཐོག་མ་ཞུ་མཁན་ཡབ་དམ་པ་རྡོ་རྗེ་མཁའ་འགྲོ་ཁོ་རང་རེད། ཡིན་ནའང་ཁོ་རང་ཚེ་ཡི་བར་ཆད་ཀྱི་དབང་གིས་ཁོང་གིས་ད་ལྟ་དབང་དངོས་སུ་ཞུ་ཐུབ་མེད་ཀྱང་། ང་རང་ཁོང་གི་བུ་ཡིན་པའི་ངོས་ནས་ཁོང་གི་རེ་བ་མཇུག་སྐྱོང་བྱས་ཏེ། དེ་རིང་དུས་འཁོར་དབང་ཆེན་བདེ་ལེགས་ངང་གྲུབ་པར་སེམས་པ་ཧ་ཅང་སྐྱིད་པོ་འདུག ཁ་སང་ཁེ་ཉིན་དབང་མགོ་བཙུགས་ཏེ་༧གོང་ས་མཆོག་གི་གསུང་སྐད་ཐོས་སྐབས། སེམས་པ་སྐྱོ་ལྷང་ལྷང་ཞིག་འདུག ལས་ཀ་འདི་འདྲ་རླབས་ཆེན་ཞིག་མགོ་འཛུགས་གནང་མཁན་ཕ་ལགས་ཡིན་ཡང་། ཁོ་རང་ད་ལྟ་འདིར་༧གོང་ས་མཆོག་གི་གསུང་ཆོས་ཞུ་རྒྱུའི་གོ་སྐབས་རག་ཡོད་པ་མ་རེད། ད་ལྟ་དམིགས་ཡུལ་ཡོངས་སུ་གྲུབ་པ་རེད། ང་ཚོའི་ནང་མི་ཚང་མ་ཧ་ཅང་དགའ་བོ་བྱུང་འདུག ལྷག་པར་དུ་དུས་ཡུན་འདིའི་རིང་༧གོང་ས་མཆོག་གི་སྐུ་གཟུགས་བདེ་བོ་བྱུང་བ་དང་། མི་མང་འབུམ་གཉིས་ལྷག་འཛོམས་པ་རེད། དཀའ་ངལ་ཕྲན་བུ་རེ་བྱུང་ཡོད་ཀྱང་། རྙོག་དྲ་དང་ཆག་སྒོ་ཆེན་པོ་དེ་འདྲ་མ་བྱུང་བར་མཇུག་བསྐྱལ་ཐུབ་པ་འདི་རྨི་ལམ་འདྲ་བོ་ཞིག་རེད།

 

དྲི་བ། དུས་འཁོར་དབང་ཆེན་འདིའི་སྔ་ཕྱིར་སྐུ་ཉིད་༧གོང་ས་མཆོག་ལ་མཇལ་འཕྲད་བྱུང་ཡོད་མེད་དང་། ཡོད་ཚེ་ཁོང་གིས་ལམ་སྟོན་གང་འདྲ་གནང་བྱུང་ངམ།

ལན། དུས་འཁོར་དབང་ཆེན་དངོས་གཞི་མགོ་འཛུགས་བྱས་པའི་སྔ་ཕྱིར་མཇལ་རྒྱུ་བྱུང་མ་སོང་། ཕ་ལགས་སྐུ་གྲོངས་བའི་རྗེས་སུ་ང་ཚོ་ནང་མི་ཚང་མ་ལྷན་དུ་༧གོང་ས་མཆོག་ལ་མཇལ་ཁ་ཐེངས་གཅིག་རག་སོང་། སྐབས་དེར་༧གོང་ས་མཆོག་གིས་རྡོ་རྗེ་མཁའ་འགྲོ་མཆོག་སྐུ་མ་གཤེགས་གོང་གི་དམ་བཅའ་དེར་ཁྱེད་ཅག་གིས་འཕྲོ་སྐྱོང་གནང་བ་ཡག་པོ་རེད། འདི་མི་མང་ལ་ཕན་ཐོགས་ཡོད་པའི་བྱ་བ་རླབས་ཆེན་ཞིག་རེད་ཅེས་གསུངས་སོང་ལ། ཐེངས་གཉིས་པ། ངས་འདི་ནས་གསོལ་ཚིགས་གཅིག་གྲ་སྒྲིག་ཞུས་ཏེ་༧གོང་ས་མཆོག་གདན་འདྲེན་ཞུས་པ་ཡིན། དམིགས་བསལ་བཀའ་མོལ་དེ་འདྲ་གནང་རྒྱུ་མ་བྱུང་ཡང་ཁོང་གིས་ཐུགས་ཉེས་པ་ཞེ་དྲག་གནང་གི་འདུག དེ་རིང་༧རྒྱལ་བ་རིན་པོ་ཆེ་ཕྱིར་ངྷ་རམ་ས་ལར་ཕེབས་སྐབས། ང་རང་གནམ་ཐང་ལ་ཕེབས་སྐྱེལ་དུ་ཕྱིན་པ་ཡིན། སྐབས་དེར་ཁོང་གིས་ང་ལ་ཁྱོད་ཀྱིས་ལས་དོན་འདིའི་མགོ་མཇུག་བར་གསུམ་ལ་དཀའ་ལས་ཆེན་པོ་བརྒྱབ་སོང་། ད་ལྟ་ལས་འགན་གྲུབ་པ་རེད། དུས་འཁོར་དབང་ཆེན་འདིས་མི་མང་ལ་ཕན་ཐོགས་ཆེན་པོ་བྱུང་སོང་། ཐུགས་རྗེ་ཆེ་ཞེས་གསུངས་བྱུང་།

 

དྲི་བ། མ་འོངས་པར་༧གོང་ས་ཨ་རུ་ན་ཅལ་དུ་གདན་འདྲེན་ཞུ་རྒྱུ་སོགས་༧གོང་ས་མཆོག་ལ་བསྐྱར་དུ་ཆོས་འབྲེལ་དེ་འདྲ་འཇོག་རྒྱུའི་འཆར་གཞི་ཡོད་དམ།

ལན། ཡོད་དང་ཡོད། ༧རྒྱལ་བ་རིན་པོ་ཆེ་མཆོག་དང་ང་ཚོའི་བར་གྱི་ཆོས་འབྲེལ་མཚམས་འཇོག་ཐབས་ཡོད་པ་མ་རེད། ང་རང་གིས་མོན་རྟ་དབང་དགོན་པའི་ཉེ་འཁྲིས་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ཡུལ་ཨོ་རྒྱན་གླིང་དུ་མཐོ་ཚད་ཧྥེ་ཊི་ ༡༠༠ ཙམ་ཡོད་པའི་མཆོད་རྟེན་ཆེན་མོ་ཞིག་བཞེངས་བཞིན་ཡོད། ༢༠༠༩ ལོར་༧གོང་ས་མཆོག་མོན་རྟ་དབང་ལ་ཕེབས་སྐབས་མཆོད་རྟེན་གྱི་ས་ཆར་རབ་གནས་བྱིན་རླབས་མཛད་པ་རེད། མ་འོངས་པར་མཆོད་རྟེན་ཡོངས་སུ་གྲུབ་རྗེས་དབུ་འབྱེད་མཛད་སྒོར་༧རྒྱལ་བ་རིན་པོ་ཆེ་ཕེབས་ཏེ་རབ་གནས་ཤིག་གནང་ཐུབ་ན་བསམ་སྟེ་རེ་བ་རྒྱག་གི་ཡོད། ཡིན་ནའང་ད་དུང་སྙན་གསེང་ཞུས་མེད།

 

དྲི་བ། ཉིད་ཀྱི་ཡབ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་པ་མ་ཟད། ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་སྐབས་ངྷ་རམ་ས་ལར་བཅར་བ་སོགས་བོད་མི་མང་དང་བོད་དོན་ལའང་ཤ་ཚ་ཡོད་མཁན་ཞིག་རེད། ཁྱེད་རང་གིས་བོད་མི་དང་བོད་པའི་རྩ་དོན་ཐོག་ལངས་ཕྱོགས་གང་འདྲ་འཛིན་གྱི་ཡོད་དམ།

ལན། ང་རང་གི་ཡབ་དམ་པར་མཚོན་ན་བོད་མི་མང་ལ་ཤ་ཚ་རྒྱབ་སྐྱོར་ཆེན་པོ་ཡོད་པ་ངས་གསལ་བོ་ཤེས་ཀྱི་ཡོད། དེ་ཆབ་སྲིད་ཀྱི་དགོས་མཁོ་དང་མི་སྒེར་གྱི་ཁེ་ཕན་དེ་འདྲ་ཁྱོན་ནས་མ་རེད། སེམས་གཏིང་ནས་བོད་མི་མང་ལ་དགའ་ཞེན་ཡོད་པ་རེད། ཁོ་རང་གིས་བོད་མི་ཚོར་ག་རེ་གནང་ཐུབ་པ་དེ་གནང་བ་རེད། མ་གཞི་ང་རང་གིས་ཡབ་དམ་པའི་དགོངས་གཞི་དང་ལས་དོན་གལ་ཆེན་དག་རྒྱུན་སྐྱོང་རྒྱུའི་དམ་བཅའ་ཡོད་ལ། ང་རང་སྒེར་ངོས་ནས་ཀྱང་བོད་མི་མང་ལ་རྒྱབ་སྐྱོར་རོགས་རམ་གང་ཐུབ་པ་དེ་བྱ་རྒྱུའི་ཆོད་སེམས་སྔོན་མ་ནས་ཡོད། ཨ་རུ་ན་ཅལ་ཕྱོགས་སུ་བོད་པའི་གཞས་ཆགས་ཁག་ ༤ ཙམ་ཡོད་པ་རེད། ང་རང་ལས་དོན་ཞིག་གི་ཞོར་དུ་ཏེ་ཛུ་བོད་མིའི་གཞས་ཆགས་སུ་ཕྱིན་ཏེ་གཞས་ཆགས་ཀྱི་མགོ་བར་ཆེད་དུ་ཐུག་པ་ཡིན། གཞས་ཆགས་ནང་དཀའ་ངལ་ག་རེ་ཡོད་མེད་དྲིས་སྐབས། ཁོ་རང་གིས་འཐུང་ཆུའི་སྐོར་གྱི་དཀའ་ངལ་ཞིག་ལབ་སོང་། ཁྲོན་པ་བརྐོ་དགོས་ཀྱི་ཡོད་པ་འདྲ། ངས་དེ་ལ་ཧིན་སྒོར་འབུམ་བཞི་ ༤༠༠༠༠༠ སྤྲད་པ་ཡིན། རྗེས་སུ་ཁོང་གིས་ཁྲོན་པ་བརྐོས་ཏེ་འབུམ་ ༢ ཙམ་ལས་ཕྱིན་མ་སོང་ཟེར། དངུལ་ལྷག་པ་དེ་དག་ཀྱང་ང་ལ་ཕྱིར་སློག་མི་དགོས། སློབ་གྲྭ་དང་གཞས་ཆགས་ཀྱི་དཀའ་ངལ་ཐོག་གཏོང་རོགས་ཞེས་བཤད་ཡོད། གཞས་ཆགས་གཞན་དག་ལའང་སོ་སོ་སྒེར་ཡིན་ན་འདྲ་ལ། གཞུང་ཡིན་ནའང་འདྲ། རོགས་པ་ག་རེ་བྱ་དགོས་ཀྱང་ནུས་པ་ཡོད་ཚད་འདོན་དགོས་བསམ་ཡོད། བོད་ནས་གསར་དུ་སྐྱབས་བཅོལ་ལ་ཡོང་མཁན་ཚོར་ཡང་རོགས་པ་ག་འདྲ་ཞིག་བྱ་ཐུབ་ན་བསམ་ནས་སེམས་ལ་ཐེངས་ཁ་ཤས་དྲན་སོང་། ཡིན་ནའང་ད་སྔ་རོགས་པ་དེ་འདྲ་བྱས་མྱོང་མེད། ཁ་སང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལའང་ཐུག་སོང་། ཁོ་རང་མ་འོངས་པར་ཨ་རུ་ན་ཅལ་དུ་ཕེབས་རྒྱུའི་འཆར་གཞི་ཞིག་ཡོད་པ་འདྲ། ང་རང་སྒེར་དང་གཞུང་གང་ནས་རོགས་རམ་དགོས་ཀྱང་གསུངས་དང་འབད་བརྩོན་ཞུ་ངེས་ཡིན་ཞེས་ཁས་ལེན་ཞུས་ཡོད།

 

དྲི་བ། ངྷ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་དང་བོད་རིགས་མང་ཚོགས་ཀྱི་ངོས་ནས་ཨ་རུ་ན་ཅལ་ཕྱོགས་ལ་རོགས་རམ་དང་། མཉམ་ལས་གནང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ། 

ལན། ཨ་རུ་ཅལ་ཕྱོགས་ཀྱི་གྲྭ་ཕྲུག་མང་པོ་ཞིག་སྔོན་མ་ནས་ལྷོ་ཕྱོགས་གདན་ས་ཁག་ཏུ་ནང་ཆོས་སློབ་ཏུ་འགྲོ་བཞིན་ཡོད་པ་རེད། ཕར་ནས་ཕེབས་པའི་ཆོས་དང་རིག་གནས་ཀྱི་དགེ་རྒན་ཡང་མང་པོ་ཞིག་ཨ་རུ་ན་ཅལ་ཁུལ་དུ་བཞུགས་ཡོད། བོད་གཞུང་བཀའ་དྲན་ཆེན་པོ་ཡིན། དེའི་སྒང་ལ་ང་ཚོས་རེ་བ་ཆེན་པོ་རྒྱག་གི་མེད། གཞན། བཙན་བྱོལ་བོད་གཞུང་གི་ངོས་ནས་སྔོན་མ་ནས་སློབ་གྲྭ་ཁག་རེ་ཟུང་ནང་ཨ་རུ་ན་ཅལ་གྱི་སློབ་ཕྲུག་བསྡུ་བའི་ས་མིག་ཅིག་ཡོད་པ་རེད། དེ་ཕན་ཐོགས་ཆེན་པོ་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕན་ཚུན་འབྲེལ་ལམ་རྒྱུན་གནས་ཐོག་ལའང་ཡག་པོ་ཡོད་པ་རེད། དེ་ནས་སྨན་རྩིས་ཁང་ཟེར་བ་དེ་ལ་ཨ་རུ་ན་ཅལ་གྱི་མི་མང་ཚོས་དགའ་བོ་ཞེ་དྲག་བྱེད་ཀྱི་འདུག འབུམ་སྡེ་ལ་དང་། ཨེ་ཊ་ན་གྷར་སོགས་སུ་སྨན་རྩིས་ཁང་གི་ཡན་ལག་རེ་ཟུང་ཡོད་ས་རེད། ད་དུང་མང་དུ་བཏང་སྟེ་ཨ་རུ་ན་ཅལ་གྱི་ས་ཁུལ་གཞན་དག་ལའང་འཛུགས་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད།

 

དྲི་བ། དེ་རིང་གི་བཅར་འདྲི་བརྒྱུད་དེ་ཐེངས་འདིར་དུས་དབང་ལ་ཕེབས་མཁན་ཆོས་ཞུ་བ་རྣམས་ལ་ཞུ་རྒྱུ་འདྲ་ཡོད་དམ།

ལན། ད་ཐེངས་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ལྟེ་བ་ང་ཡིན་པ་འདྲ་བོ་རེད། ང་ལ་མཚོན་ན་ལས་གཞི་རྒྱ་ཆེན་པོ་འདི་འདྲ་ལ་ཉམས་མྱོང་གཅིག་ཀྱང་ཡོད་པ་མ་རེད། གོ་སྒྲིག་ཚོགས་ཆུང་ནང་དུའང་ཉམས་མྱོང་ཡོད་མེད་གཉིས་ཀ་རེད། སྤྱི་ཡོངས་ཀྱི་ཐོག་ལ་མ་འགྲིག་པ་དང་མ་འཁྱོང་ས་ཡོད་རྒྱུ་རེད། ལྷག་པར་དུ་ཆོས་ཞུ་བ་ཚོར་མཐུན་རྐྱེན་ཡག་པོ་ཞིག་སྦྱོར་མ་ཐུབ་པ་དེ་ང་ཚོའི་འཐུས་ཤོར་རེད། ཚང་མ་ལ་བཟོད་གསོལ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་ཉམས་མྱོང་འདི་བརྒྱུད་དེ་མ་འོངས་པར་སླར་ཡང་དུས་འཁོར་དབང་ཆེན་འདི་འདྲ་གོ་སྒྲིག་ཞུ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་ལ། སྐབས་དེར་ཐེངས་འདི་ལས་དྲ་རྒྱས་པ་དང་ཚགས་ཚུད་པ་ཡོང་ཐུབ་པའི་ཡིད་ཆེས་ཡོད། གཉིས་པ། ང་ཚོ་སྦྱིན་བདག་ཚོའི་ངོས་ནས་ཐོག་མ་ནས་རེ་བ་ག་རེ་བརྒྱབ་ཡོད་པ་རེད་ཟེར་ན། གནས་རྩ་ཆེན་པོ་རྡོ་རྗེ་གདན་དུ། བླ་མ་རྩ་ཆེན་པོ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས། དབང་རྩ་ཆེན་པོ་དུས་འཁོར་དབང་ཆེན་གནང་ཐུབ་པ་ཡིན་ན། ཆོས་ཞུ་མཁན་མང་ཚོགས་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་རེད་དྲན་ཡོད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་དགོངས་པ་དེ་འདྲ་ཞིག་ལ་བཞེས་ཏེ་ཞལ་བཞེས་ཐོབ་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉིན་བཅུ་གྲངས་ཤིག་ལ་གནས་ཚུལ་མང་པོ་ཞིག་གི་ཐོག་ཏུ་བཀའ་སློབ་གནང་བ་རེད། ཆོས་ཞུ་བ་རྣམས་ཕྱིར་ལོག་རྗེས་ཉི་མ་རེ་རེའི་ལས་ཀའི་ཁྲོད་ནས་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དེ་དག་ཡིད་ལ་དྲན་དགོས་པ་རེད། བླ་མའི་བཀའ་གསུང་བརྩིས་ན་ང་ཚོར་ཡང་བསྐྱར་དུས་ཚོད་འདི་འདྲ་རག་གི་རེད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༦ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་འདས་པོ་རྡོ་རྗེ་མཁའ་འགྲོའི་བུ་ཨ་རུ་ན་ཅལ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་རྟག་ཏུ་རྒྱལ་འགྱུར་ཅིག ཁྱེད་སྐུ་ཚེ་རིང་།

    Reply
  2. བསོད་དར། says:
    ལོ་ 15 སྔོན།

    དྲི་བ་དྲིས་ལན་ཧ་ཅང་ཡག་པོ་འདུག་སྟེ། ཡིན་དང་ཡིན་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་རེད།
    ང་ལ་དྲ་གྲོགས་ཚོར་སྐད་ཆ་ཞིག་འདྲི་ཡ་ཡོད། བཙན་བྱོལ་ནང་གི་རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར། དྲ་རྒྱ་སོགས་སུ་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་ཡོད་པའི་ནང་དུ་མི་མང་གིས་དོ་སྣང་ཆེ་ཤས་དང་། སྤྱི་ཚོགས་ཀྱི་གནད་དོན་གསལ་གསལ་ཐང་ཐང་བཟོ་ཐུབ་མཁན་དེ་བཅར་འདྲི་དག་རེད། ཡིན་ནའང་བརྒྱུད་ལམ་ཁག་ཏུ་བཅར་འདྲི་བྱེད་མཁན་མང་པོ་ཞིག་ཡོད་པའི་ནང་ནས་ང་རང་གི་མཐོང་ཚུལ་ལ། བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དགའ་ལྡན་བློ་གྲོས་དང་ཀརྨ་རྒྱ་མཚོ། དེ་ནས་ཨ་རིའི་རླུང་འཕྲིན་ཀུན་གླེང་ལས་ཚན་གྱི་རྡོ་རྗེ་ཚེ་བརྟན་བཞི་ནི་ཧ་ཅང་ཡག་ཤོས་སུ་མཐོང་གི་ཡོད།

    Reply
  3. རིག་བུ། says:
    ལོ་ 15 སྔོན།

    1) བཅར་འདྲིའི་ཁ་བྱུང་། <<དུས་འཁོར་དབང་ཆེན་གོ་སྒྲིག་ཚ་ཚ་འུར་འུར་གྱིས་གནང་གི་འདུག>>
    བཅར་འདྲི་ཞུ་ཡུལ། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ།
    2) བཅར་འདྲིའི་ཁ་བྱང་། <<བོད་ནས་ཕེབས་པའི་ཆོས་ཞུ་བར་སྣེ་ལེན་བྱེད་སྟངས་འདི་འདྲ་འདུག>>
    བཅར་འདྲི་ཞུ་ཡུལ། དབུས་སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུ།
    3) བཅར་འདྲིའི་ཁ་བྱང་། <<ལུས་འབྱོར་མ་ཐུབ་ཀྱང་སེམས་ལ་བྱིན་རླབས་འཇུག་གི་རེད།>>
    བཅར་འདྲི་ཞུ་ཡུལ། དུས་དབང་གོ་སྒྲིག་ཚོགས་ཆུང་གི་སྤྱི་ཁྱབ་སློབ་སྟོན་པ་གུ་རུ་རིན་པོ་ཆེ།
    4) བཅར་འདྲིའི་ཁ་བྱང་། <<ཁྱོད་ཀྱིས་དུས་འཁོར་དབང་ཆེན་ཞུ་དགོས་པའི་རྒྱུ་མཚན་གང་ཡིན།>>
    བཅར་འདྲི་ཞུ་ཡུལ། རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་ཏོ་རིན་པོ་ཆེ།
    5) བཅར་འདྲིའི་ཁ་བྱང་། <<བོད་མི་མང་ལ་རོགས་རམ་གང་བྱ་རྒྱུའི་ཆོད་སེམས་སྔོན་མ་ནས་ཡོད།>>
    བཅར་འདྲི་ཞུ་ཡུལ། དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གཙོ་བོ་ཨ་རུ་ན་ཅལ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པད་མ་མཁའ་འགྲོ།
    གནམ་ན་རང་འབོད་སྤྲོ་མཁན་མང་ན་ཡང་།།
    བཅོ་ལྔའི་དུང་ཟླར་འགྲན་མཁན་སུ་ཞིག་ཡོད།།
    ས་ན་འདབས་བརྒྱ་གྲོལ་མཁན་མང་ན་ཡང་།།
    ཨུ་དམ་བཱ་རར་འགྲན་མཁན་སུ་ཞིག་ཡོད།། ཞེས་གསུངས་པ་ལྟར།
    གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས་ཁྱོད་ཀྱི་གསར་འགྱུར་དང་བཅར་འདྲི་སོགས་ལ་གཞན་དག་ལས་ལྷག་པའི་ནུས་སྟབས་ཤིག་དང་གནད་སྟོབས་ཤིག་འདུག རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་མགོ་མཇུག་བར་གསུམ་ལ་ཁྱོད་ཀྱིས་སྐབས་དོན་དང་འབྲེལ་ཆེ་ཞིང་། གནད་དོན་དང་ཐག་ཉེ་བའི་བཅར་འདྲི་འདི་དག་བཏང་བར་ཐུགས་རྗེ་ཤིན་ཏུ་ཆེ།

    Reply
  4. ནད་པ says:
    ལོ་ 15 སྔོན།

    ཨ་རུ་ལ་གྱི་མངའ་སྡེའི་བློན་ཆེན་སྐུ་གཤེགས་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གློ་བུར་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐབས་སྡུག་དེ་འདྲ་བྱུང་བར་ང་ཚོ་བོད་རིགས་མི་དམངས་ཀྱིས་ངོས་ནས་མྱ་ངན་དང་གུས་བརྩིའི་དྲན་གསོ་བྱེད་བཞིན།

    ཁོང་གི་ཕ་དམ་པ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ནི་༸ གོང་ས་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཡོད་མཁན་ཞིག་དང་། བོད་རིགས་མི་དམངས་རྣམས་ལ་ཐུགས་བརྩེ་ཆེན་པོ་གནང་གནང་མཁན་ཞིག་རེད།

    སྤྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱུང་རྗེས་སུ་ཡང་ཆེད་དུ་ཐུགས་གསོའི་འཚམས་འདྲི་དང་སྦྲགས་ནས་བཞུགས་སྒར་རྡ་སར་ཕེབས་ནས་བོད་མི་དམངས་སྤྱི་འཐུས་ལྷན་ཁང་དུའང་ཆིབས་བསྒྱུར་གནང་ཏེ་གཟིགས་རྟོགས་གནང་ཡོད།

    ཐེངས་འདིར་ཕ་དམ་པའི་ཐུགས་རེ་བསྐོངས་ཆེད་དང་། ཧི་མ་ལའི་རི་རྒྱུད་ཀྱི་མི་དམངས། བོད་རིགས་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མི་དམངས་རྣམས་ལ་ཕན་རླབས་ཆེན་པོས་ད་རེས་ཕ་ཤུལ་བུ་འཛིན་གྱིས་ལས་དོན་རླབས་ཆེན་འདི་འདྲ་ཞིག་མཇུག་སྐྱོང་གནང་བར་སྙིང་དབུས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    སླད་མར་ཡང་༸ གོང་ས་མཆོག་དང་། བོད་རིགས། ཧི་མ་ལའི་མི་རིགས། གཞུང་དམངས་སྤྱི་ཡོངས་ལ་སྔར་བཞིན་ཕ་ལས་བུ་ལྷག་པའི་མཛད་རྗེས་རླབས་ཆེན་ཞིག་འཇོག་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ།

    Reply
  5. ཤིང་ལོ། says:
    ལོ་ 15 སྔོན།

    སེམས་འགུལ་ཐེབས་པ་ཞིག་ནི་ཁོང་གི་ཕ་དམ་པས་དུས་དབང་འདི་དངོས་སུ་མཇལ་མ་ཐུབ་པ་དེ་རེད། འོན་ཀྱང་༸གོང་ས་མཆོག་གི་ཐུགས་ནས་འདོར་གནང་གི་མ་རེད། སྲས་དམ་པ་མཆོག་སློབ་གསོ་ཡག་པོ་མངའ་མཁན་ཞིག་ཡིན་ས་རེད་ཐུགས་རྗེ་ཆེ།

    Reply
  6. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    བུ་འདིར་ཕ་དམ་པའི་རྡོ་རྗེ་མཁའ་འགྲོའི་རུས་རྐང་ཐིམ་འདུག ཕ་ཤུལ་བུ་ཡིས་འཛིན་ངེས་ཤིག་རེད་འདུག བུ་ཁྱོད་དུས་རྟག་ཏུ་རྣམ་པ་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese