མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་གླེང་ཐབས་མེད་ཀྱི་ཤེས་ཡོན་སྲིད་བྱུས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཞང་བློན།

༄༅། ། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༧ པ་མ་ཚོགས་གོང་། བོད་ཀྱི་མ་འོངས་པའི་མདུན་ལམ་དང་ད་ལྟའི་གནས་བབ་ལ་བསམ་གཞིག་ནན་ཏན་བྱེད་མཁན་བློ་མཐུན་མང་པོ་ཞིག་གིས། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དགོངས་ཚུལ་ཡང་ཡང་གསུངས་སྟབས། གྲོས་ཚོགས་ཚོགས་དུས་༧ པའི་ཐོག་སྤྱི་འཐུས་འགའ་ཞིག་གིས་དེའི་ཐད་བགྲོ་གླེང་གི་ཆ་ཤས་བླངས་ཤིང་། བཀུར་འོས་ཚོགས་གཙོ་མཆོག་ནས་ཀྱང་“བར་ལམ་མང་ཚོགས་ཁྲོད་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་བསམ་ཚུལ་འདྲ་མིན་སླེབས་སྟབས། འདིའི་ཐད་རྒྱུན་ལས་ཀྱི་ཚོགས་ཆུང་ཟུར་འཛུགས་བྱས་ནས་ཞིབ་འཇུག་གནང་སྲིད་པ་རེད།” ཅེས་བརྒྱུད་བསྒྲགས་གནང་། མ་གཞི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ནི་གྲོས་ཚོགས་ནས་ཚིག་འབྲུ་རེ་རེ་བཞིན་ཐག་གཅོད་གནང་བའི་གཞུང་འབྲེལ་སྲིད་བྱུས་གལ་ཆེན་ཞིག་ཡིན་སྟབས། དེའི་ལག་བསྟར་བྱེད་ཕྱོགས་ཐད་མང་ཚོགས་ཀྱི་མཐོང་ཚུལ་མ་སླེབས་གོང་། གྲོས་ཚོགས་ནང་རྒྱུན་དུ་གླེང་སློང་དང་སྐུལ་འདེད་གནང་དགོས་པ་ཞིག་རེད་མོད། “གཙོག་གཅིན་མ་བྲོ་བར་དུ་གསང་སྤྱོད་མི་དྲན།” ཟེར་བ་ལྟར། གྲོས་ཚོགས་འཐུས་མི་རྣམ་པས་ད་སྔ་འདིའི་ཐད་གླེང་སློང་བྱས་པ་ཧ་ཅང་ཉུང་བའི་ཚད་དུ་འདུག

དེ་ལྟར་ཡང་། རེབ་འདིར་ཚོགས་གཙོའི་གསུང་དྲོད་མ་ཡལ་ཙམ་ལ་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཆུང་ཟུར་འཛུགས་བྱས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཐད་ཞིབ་འཇུག་གནང་འདུག་ལ། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༨ པར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དུའང་བསྣམ་གཏན་འཁེལ་འདུག་པ་དེ་ནི། “ཤེད་ཆེ་ནས་འབྲོང་ལ་མ་འཐམས་ཏེ། འུ་ཐུག་ནས་མི་འཐམ་ཀ་མེད་རེད།” ཟེར་བ་ལྟར་ལས་མ་འདས་ཀྱང་། རྒྱ་མཚོར་རྡོ་གཡུག་གི་དོ་ཟླར་མ་འགྱུར་བ་དེའང་ལེགས་བྱས་ཀྱི་མཚན་གཞིར་འོས།

འོན་ཀྱང་སྐུ་ཞབས་ནོར་མཱན་གྱིས་“རང་རེ་ནི་སྐྱོན་བརྗོད་ཀྱིས་སྐྱོབ་མི་ཐུབ་པར། དེ་ལས་ལྡོག་སྟེ་བསྟོད་བསྔགས་ཀྱིས་བསླུ་བར་བྱེད།” ཅེས་གསུངས་པ་ལྟར། བཀའ་ཤག་སྐབས་འདི་པས་“ཐེངས་དང་པོ་དང་། གྲ་སྒྲིག་པོ།“ རྐྱང་རྐྱང་གླེང་བ་ལས། དངོས་ཡོད་ཀྱི་གནད་དོན་ལ་ཁ་གསལ་གཏིང་གསལ་བྱེད་པའི་གོམས་གཤིས་ཡེ་ནས་མི་འདུག་སྟབས། ད་ལན་གྲོས་ཚོགས་ཚོགས་དུས་བརྒྱད་པར་ཡང་། མང་ཚོགས་ཀྱི་བསམ་ཚུལ་ལ་གསལ་བཤད་ཅི་འདྲ་ཞིག་གནང་ཡོང་ངམ་སྙམ་པའི་ཐེ་ཚོམ་འདི་གཏན་ནས་བསལ་མ་ཐུབ། མ་གཞི་ཐེངས་འདིར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཕེབས་སྐབས། སྤྱི་འཐུས་རྣམ་པས་ཞིབ་དཔྱད་གནང་སྲིད་པ་རེད་མོད། གྲོས་ཚོགས་མ་ཚོགས་པའི་ཉིན་ཤས་གོང་ཤེས་རིག་ལས་ཁུངས་ནས་ “ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཡུལ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུ་” ཟེར་བ་ཆེད་དུ་བསྐོང་ཚོགས་བྱས་ནས།“སྲིད་སྐྱོང་མཆོག་གིས་ཚོགས་འདུ་སྔ་རྗེས་ཐོག་ཤེས་ཡོན་སྲིད་བྱུས་དེ་རང་ལག་བསྟར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་གསུངས་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་ནང་མོལ་ཚོགས་འདུར་ཡང་བཀའ་གསལ་པོ་གནང་ཡོད་སྟབས། མང་ཚོགས་ཚོས་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཕྱོགས་ཐད་ཐེ་ཚོམ་དང་དོགས་པ་གནང་དགོས་དོན་མེད། “ ཅེས་བརྒྱུད་བསྒྲགས་བྱས་ལུགས་ལ་བལྟས་ན། སྲིད་སྐྱོང་མཆོག་གིས་དབུ་འཁྲིད་པའི་ཤེས་རིག་ལས་ཁུངས་ཀྱིས། ཟབ་སྦྱོང་དང་སློབ་ཡོན་གྱི་གྲངས་འབོར་མང་པོ་ཞིག་བགྲངས་ནས་གྲོས་ཚོགས་ཀྱི་དུས་ཚོད་ཕུད་ཐབས་བྱེད་པ་ལས། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཀྱི་དངོས་ཡོད་གནས་སྟངས་ལ་གསལ་འགྲེལ་བྱེད་པའི་ཆོད་སེམས་ཏིལ་ཙམ་མི་མངོན་པས། རྒྱ་ཆེའི་མི་མང་རྣམས་དང་། ལྷག་པར་གྲོས་ཀྱི་འདུན་སར་འཛོམས་པའི་གྲོས་ཚོགས་འཐུས་མི་རྣམ་པས། ཤིང་གས་པའི་བར་གྱི་སྤྱིན་མ་བྱུང་ཡང་། རྡོ་གས་པའི་བར་གྱི་བྱེ་མ་མི་བྱེད་པར། རང་འགན་རང་འགུར་དང་རྣམ་དཔྱོད་རྩལ་འདོན་གྱིས་རྩད་ཞིབ་བྱ་རྒྱུ་ཤིན་ཏུ་གལ་ཆེ།

མིག་སྔར་སྐོང་ཚོགས་བྱས་པའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཚོགས་འདུའི་སྐབས། ཤེས་རིག་དྲུང་ཆེས་ “ད་ལྟ་ཤེས་ཡོན་སྲིད་བྱུས་ལག་ལེན་ཐོག་ཤར་སྐྱོད་བྱེད་བཞིན་པའི་སྒང་ཡིན་“ ཞེས་ཡོངས་བསྒྲགས་བྱས་ཡོད་སྟབས། མི་མང་པོ་ཞིག་གི་སེམས་སུ་ཤེས་རིག་ལས་ཁུངས་ཁྱབ་ཁོངས་ཀྱི་སློབ་གྲྭ་ཡོངས་ནང་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་མུས་སུ་ཡོད་འདུག་སྙམ་པ་ཡོང་སྲིད། འོན་ཀྱང་དོན་དངོས་ཐོག་དེ་འདྲ་མིན་པར། ཐེངས་འདིའི་ཚོགས་འདུའི་ཐོག་ཏུ་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་བོད་ཁྱིམ་ཁྱབ་ཁོངས་ཀྱི་ལ་བྱང་སློབ་གྲྭའི་སྐུ་ཚབ་ལས་འཛོམས་མེད་པར་བལྟས་ན། མ་སུ་རི་དང་བོད་སློབ་འཛིན་ཚོགས་སོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་གཞན་དག་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་མེད་པ་ཤེས་རྟོགས་ཐུབ་ངེས། ཚོགས་ཞུགས་བྱས་པའི་སློབ་གྲྭ་འདི་དག་ནི་དུས་རྒྱུན་ཤེས་རིག་ལས་ཁུངས་ཀྱིས་“ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་” ཅེས་ངོ་སོ་བསྟོད་ཡུལ་ཁག་རེད། འོན་ཀྱང་ང་ཚོས་སློབ་གྲྭ་འདི་དག་ལ་ནན་གྱིས་བལྟས་ཚེ། སཾ་བྷོ་ཊའི་ཁྱབ་ཁོངས་སུ་སློབ་གྲྭ་བཅུ་ཡོད་པ་ལས། གཞི་རིམ་བར་མ་ཡན་གྱི་སློབ་གྲྭ་བཞི་ལས་མེད་པ་དང་། སློབ་གྲྭ་བཞི་པོ་འདི་དག་ནང་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་བསླབ་གཞི་རྩ་འཛིན་དང་སློབ་དེབ་སོགས་ལག་བསྟར་གཏན་ནས་བྱེད་ཀྱི་མེད། དེ་བཞིན་བོད་ཁྱིམ་ཁྱབ་ཁོངས་ལ་བྱང་ཁུལ་དུ་གཞི་རིམ་འོག་མའི་སློབ་གྲྭ་ལས་གཞི་རིམ་བར་མ་དང་གོང་མའི་སློབ་གྲྭ་མེད་སྟབས། ཤེས་རིག་ཁྱབ་ཁོངས་སུ་སློབ་གྲྭ་བདུན་ཅུ་དོན་གྲངས་ཡོད་པ་ལས། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ས་ནི་གཞི་རིམ་འོག་མའི་སློབ་གྲྭ་ཉུང་ཤས་ཤིག་རེད།

ཡང་སྙིང་གཞི་རིམ་འོག་མའི་སློབ་གྲྭ་དེ་དག་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་ཅི་འདྲ་བྱེད་ཀྱི་ཡོད་དམ། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་བོད་ཁྱིམ་སློབ་གྲྭས་སྣེ་འཁྲིད་དེ་གཞི་རིམ་འོག་མའི་སློབ་གྲྭ་ཁག་གི་བསླབ་གཞི་ཡོངས་རྫོགས་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་གནང་མགོ་ཚུགས་པས། ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་རྗེས་སུའང་གཞི་རིམ་འོག་མའི་བསླབ་གཞི་ཁག་ལ་དེ་ཙམ་གྱི་འགྱུར་བ་བྱུང་མེད་ཅིང་། འགྱུར་བ་གཅིག་རང་ཡོད་པ་ནི་འཛིན་རིམ་བཞི་པ་མན་ཨིན་ཇིའི་སྐད་ཡིག་སློབ་ཀྱི་མེད་པ་དེ་ཁོ་ན་རེད། དེར་བརྟེན་ང་ཚོས་མདོར་བསྡུས་པོ་བྱས་ན་གཞི་རིམ་འོག་མར་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་ཅེས་པ་དེ། འཛིན་རིམ་བཞི་པ་ཡན་དུ་དབྱིན་ཡིག་སློབ་ཀྱི་མེད་ཟེར་བ་ལས་གཞན་ཁྱད་ཅི།

གྲོས་ཚོགས་ཚོགས་དུས་བརྒྱད་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་ཞིབ་འཇུག་གི་སྙན་ཐོ་སྒྲོག་སྦྱང་གནང་ངེས་སྟབས། དེའི་ནང་ཡ་མཚན་ཆེ་བའི་གནད་དོན་ཅི་ཞིག་འཁོད་ཡོད་དམ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་དོན་ཚན་བཅོ་ལྔ་ཡོད་པ་ལས། དོན་ཚན་དང་པོ་ནས་བདུན་པའི་བར་ནི་སྲིད་བྱུས་ཀྱི་ལྟ་གྲུབ་དང་འབྲེལ་བ་ཞིག་ཡིན་སྟབས། དེའི་ཐད་དམིགས་བསལ་ལས་བསྡོམས་ཤིག་ཞུ་རྒྱུ་མེད་ངེས་ཤིང་། གལ་ཏེ་འུར་བཤད་འདྲ་བྱས་ན་ “དགེ་ལས་སློབ་ཕྲུག་ཀུན་གྱིས་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་ཡང་དག་པ་ཤེས་ཀྱི་ཡོད་” ཅེས་ཟེར་ངེས། དོན་ཚན་བརྒྱད་པ་མན་ལག་ལེན་གྱི་རིམ་པ་ཡིན་ཞིང་། དེའང་དོན་ཚན་བརྒྱད་པར་ཤེས་ཡོན་གྱི་སློབ་ཚན་བཀོད་སྒྲིག་བྱེད་སྟངས་བཀོད་ཡོད། གོང་ཞུས་ལྟར། བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་སུ་འཛིན་རིམ་ལྔ་པ་ཡན་ལ་ (NCERT དང་ CBSE) ཡི་སློབ་ཚན་ཁག་ལག་བསྟར་བྱེད་པ་ལས། ཤེས་རིག་ནས་རྩོམ་སྒྲིག་བྱས་པའི་བོད་ཡིག་སློབ་ཚན་མ་གཏོགས་སློབ་ཁྲིད་བྱེད་ཀྱི་མེད། མིག་སྔར་སྐོང་ཚོགས་བྱས་པའི་ཚོགས་འདུའི་སྐབས་ཤེས་རིག་དྲུང་ཆེས་” ང་ཚོས་དགོངས་པ་བཞེས་དགོས་པ་ཞིག་ལ་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་༨ ནང་ལ་འཛིན་རིམ་ ༡༠ པ་ཐོན་སྐབས་སྐད་ཡིག་གཉིས་པ་དེ་བྱང་ཆུབ་པ་ཞིག་དགོས་སྐོར་གསལ་ཡོད་སྟབས། ང་ཚོས་ལག་ལེན་བསྟར་སྐབས་འཛིན་རིམ་ ༤ པ་ནས་ ༡༠ བར་གྱི་ལོ་ ༦ ནང་ཤུགས་རྒྱག་དགོས་ཀྱི་ཡོད་པ་རེད། ཤེས་ཡོན་སྲིད་བྱུས་ཀྱི་ཁྱད་ཆོས་འདྲ་པོ་དེ་གང་ལྟར་༸གོང་ས་མཆོག་གི་དགོངས་གཞི་ལྟར་འདབ་གཤོག་གཉིས་ལྡན་གྱི་བོད་མི་བཟང་པོ་ཞིག་དགོས་པའི་དོན་སྙིང་དེ་ཆ་ཚང་འདིའི་ནང་བསྡུས་ཡོད་སྟབས། ཐོག་མར་སྐད་ཡིག་གཉིས་པ་སློབ་རྒྱུའི་སློབ་གཞི་དེ་འཛིན་རིམ་༤ པ་ནས་སློབ་བཞིན་ཡོད་ཀྱང་། འཛིན་རིམ་༡༠ པར་སླེབ་སྐབས་སྐད་ཡིག་གཉིས་པའི་ཐོག་ལ་བྱང་ཆུབ་པ་ཞིག་དགོས་སྐོར་གསུངས་ཡོད་པར་བརྟེན། ང་ཚོས་སྔོན་ཚུད་ནས་གྲ་སྒྲིག་བྱེད་དགོས་པ་ཞིག་ཆགས་ཡོད་རེད་བསམ་གྱི་འདུག “ ཅེས་ཟུར་ནས་གནད་དོན་ཞིག་གསལ་ལ་མི་གསལ་གྱི་ཚུལ་དུ་གསུངས་ཡོད། འདིར་ནན་བཤད་བྱ་དགོས་པ་ཞིག་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་ཆེད་དམིགས་འཛུགས་བྱས་པའི་དཔེ་སྟོན་སློབ་གྲྭའི་ནང་འཛིན་རིམ་དྲུག་པ་ཡན་ལ། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གསར་བསྒྲིགས་བྱས་པའི་སློབ་དེབ་ལག་བསྟར་བྱ་རྒྱུ་ཕར་ཟད། བོད་ཡིག་ཕུད་པའི་སློབ་ཚན་གཞན་རྣམས་དབྱིན་སྐད་རྐྱང་པའི་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད། ལྷག་པར་དུ་སྲིད་བྱུས་ཀྱི་དགོངས་དོན་ནང་སྐད་ཡིག་གཉིས་པ་མགོ་འཛུགས་བྱེད་སྐབས་སྐད་ཡིག་དེར་བྱང་ཆུབ་པའི་དགེ་རྒན་བསྐོ་བཞག་བྱ་དགོས་ཞེས་གསལ་ཡོད་ནའང། དཔེ་སྟོན་སློབ་གྲྭ་ཞེས་ཁང་པ་གསར་རྒྱག་བྱས་ནས་སློབ་གྲྭ་ཟུར་འཛུགས་བྱས་པ་མ་གཏོགས། བོད་ཁྱིམ་སེ་ལ་ཀུལ་ལྟར་དཔེ་སྟོན་སློབ་གྲྭར་དགེ་རྒན་དམིགས་བསལ་དང་། མཐུན་རྐྱེན་དམིགས་བསལ་ཞིག་གཏན་ནས་སྦྱར་མྱོང་མེད། སློབ་མ་དེ་དག་གི་བོད་ཡིག་གཙོས་ཤེས་ཡོན་གྱི་གོ་སྟོབས་དེ་ཙམ་ཡག་པོ་ཆགས་པ་དེ། ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེའི་བྱིན་རླབས་དང་། དགེ་རྒན་ལྷག་བསམ་ཅན་རེ་གཉིས་ཤིག་གི་སྡུག་རུས་ལས་བྱུང་བ་མ་གཏོགས། ཤེས་རིག་དང་སཾ་བྷོ་ཊའི་མཐུན་སྦྱོར་ཞུ་སྟངས་ལ་བལྟས་ན་དེ་ཙམ་ཞིག་ཀྱང་ཡོང་དཀའ་བའི་གནས་སུ་འདུག དེ་ལྟར་མིན་ན་སཾ་བྷོ་ཊའི་སློབ་གྲྭ་གཞན་དག་གི་བོད་ཡིག་སོགས་ཀྱི་ཤེས་ཚད་འདི་འདྲ་ཞིག་མི་ཡོང་དོན་ཅིས་ལན་པ་རེད།

དོན་ཚན་དགུ་པ་ནི་སློབ་ཚན་འཆར་གཞི་དང་སློབ་དུས་ཀྱི་སྐོར་ཡིན། སྲིད་བྱུས་ནང་” གཞི་རིམ་གོང་མ་བར་གྱི་སློབ་ཚན་དང་ལས་རིམ་གྱི་ནང་དོན་རྣམས་ཤེས་ཡོན་གྱི་སྲིད་བྱུས་གཞིར་བཟུང་གོ་རིམ་དང་འབྲེལ་བ་མཐར་ཆགས་སུ་འགོད་སྒྲིག་གང་ཐུབ་དགོས་རྒྱུ། དེའི་ཆེད་དུ་གཅིག་གྱུར་གྱི་སློབ་ཁྲིད་རྩ་འཛིན་ལས་རིམ་བཟོ་འགོད་ཚོགས་ཆུང་ཞིག་ཆེད་འཛུགས་བྱ་རྒྱུ། ” ཞེས་གསལ་ཞིང་། གསར་འགྱུར་མང་པོའི་ནང་གཞི་རིམ་གོང་མ་བར་གྱི་བསླབ་གཞིའི་རྩ་འཛིན་གཏན་འབེབས་ཟིན་སྐོར་ཐོན་ཡང་། གོང་སྨོས་ལྟར། འཛིན་རིམ་དྲུག་པ་ཡན་ལ་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་བསླབ་གཞིའི་རྩ་འཛིན་ལག་བསྟར་བྱེད་ཀྱི་མེད་པ་མ་ཟད། བསླབ་གཞི་རྩ་འཛིན་དང་སློབ་དེབ་བཀོལ་སྤྱོད་བྱེད་སྟངས་སོགས་ཀྱི་ཐད། འཆར་གཞི་མེད་པའི་བཀོད་ཁྱབ་སྔ་རྗེས་སུ་བཏང་ནས་སློབ་གྲྭའི་ནང་བརྡབ་གསིག་ཅི་ཙམ་བཏང་བ། ད་སྔ་བློ་མཐུན་རེ་ཤས་ཀྱིས་ཞིབ་པར་གླེང་བས་འདིར་ནན་བཤད་མི་བྱ།

དོན་ཚན་བཅུ་པ་ནི་རྒྱུགས་སྤྲོད་ཀྱི་སྐོར་ཡིན། ཤེས་ཡོན་སྲིད་བྱུས་ནང་ཆུ་ཚོད་གཉིས་གསུམ་གྱི་དུས་ཡུན་ནང་སློབ་ཕྲུག་གི་ཤེས་ཚད་ཚད་འཇལ་བྱེད་པའི་ལམ་སྲོལ་ལ་མོས་པ་མི་གནང་བར། ཉམས་ཞིབ་རྒྱུན་སྲིང་གི་ཐབས་ལམ་ལ་བརྟེན་དགོས་པ་གསུངས་ཡོད་མོད། བཀའ་ཤག་སྐབས་འདི་པས་རྒྱུགས་སྤྲོད་ཀྱི་སྐར་གྲངས་ཁོ་ནར་གཞི་བཟུང་སྟེ་སློབ་ཡོན་གཏན་འཁེལ་བྱེད་པའི་སྲོལ་བཏོད་པ་དང་། དཔེ་སྟོན་སློབ་གྲྭའི་འཛིན་རིམ་བཅུ་པ་སྐབས་དང་པོའི་སློབ་ཐོན་སྐབས། སྲིད་སྐྱོང་གིས་ཤེས་ཡོན་སྲིད་བྱུས་ལེགས་གྲུབ་བྱུང་མིན་དེ་སློབ་མ་རྣམས་ཀྱི་ཡིག་རྒྱུགས་སྐར་གྲངས་ལས་ཤེས་རྟོགས་ཐུབ་ཀྱི་རེད་ཅེས་གསུངས་ཡོད། འགལ་བ་ལྟག་སྤྲོད་ཀྱི་ལྟ་གྲུབ་གཉིས་ལག་ལེན་ཐོག་གྲ་སྒྲིག་པོའི་ངང་དོན་འཁྱོལ་ཡོང་གི་ཡོད་ཅེས་གསུངས་ན། བསམ་ཤེས་སུ་ཞིག་གིས་ཡི་རངས་བྱེད།

དོན་ཚན་བཅུ་གཅིག་པ་ནི་དགེ་རྒན་གྱི་སྐོར་ཡིན། དེའང་སྲིད་བྱུས་ནང་“དགེ་རྒན་ནི་སྤྱི་ཚོགས་ནང་གལ་གནད་ཆེ་ཤོས་ཡིན་སྟབས། མི་གཤིས་དང་སྤྱོད་ལམ་ལེགས་ཤོས། ཤེས་ཡོན་གནས་ཚད་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་བྱ་རྒྱུ་དང་། དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོངས་ཐབས་སུ་ཁྲིམས་ལུགས་ཀྱི་ཆ་རྐྱེན་བསྐྲུན་དགོས། ” ཞེས་གསལ་ཡོད། ཕྱི་ལོ་ ༢༠༠༤ ལོའི་གྲོས་ཚོགས་ཚོགས་དུས་བརྒྱད་པར་ཤེས་ཡོན་སྲིད་བྱུས་ཁྲིམས་བཞིན་གཏན་འབེབས་གནང་བ་ནས་བཟུང་། ཕྱི་ལོ་ ༢༠༡༤ ལོའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་སྟེ། རེབ་འདིའི་གྲོས་ཚོགས་བར་ལོ་ངོ་ཧྲིལ་པོ་བཅུའི་རིང་། དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོངས་ཐབས་སུ་གྲོས་ཚོགས་ནས་ཁྲིམས་འཆར་ཞིག་བསྣམས་རྒྱུ་ཕར་ཟད། འཛིན་སྐྱོང་བཀའ་ཤག་དང་ཤེས་རིག་ལས་ཁུངས་ནས་སྒྲིག་གཞི་ཐེབས་ཆག་གཅིག་ཀྱང་བཟོ་མྱོང་མེད། གཞན་ཡང་སྲིད་བྱུས་ནང་“དགེ་རྒན་རྣམས་ནི་མི་རིགས་སྤྱིའི་སྣེ་འཁྲིད་དང། རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱེད་པོ་ཡིན་པས། དགེ་རྒན་གྱི་བསམ་བློའི་རང་དབང་དང་། རྣམ་དཔྱོད་འཕེལ་རྒྱས། གསར་གཏོད་སྒྱུ་རྩལ་བཅས་འགོག་མེད་དུ་འཕེལ་ཐུབ་པའི་ཁོར་ཡུག་དང་མཐུན་རྐྱེན་བསྐྲུན་རྒྱུ། “ཞེས་གསལ་ཡོད། འོན་ཀྱང་དགེ་རྒན་ཕལ་ཆེ་བའི་གསོལ་ཕོགས་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཀྱི་གནས་རིམ་ཆེས་དམའ་མཐའི་གསོལ་ཕོགས་ལས་ཀྱང་ཉུང་བ་དང་། དུས་རྒྱུན་གཞུང་འབྲེལ་མཛད་སྒོ་སོགས་ཀྱི་སྐབས་དགེ་རྒན་རྣམ་པར་ཡིག་གད་ཅིག་གི་གདན་ཐོབ་ཙམ་ཡང་མེད་སྟབས། དགེ་རྒན་རྣམ་པར་“ལྷག་བསམ་བཟང་པོ་དང་། ལས་ལ་བརྩོན་པ་” སོགས་ཚིག་རྐྱང་པས་ངོ་བསྟོད་བྱེད་པ་ནི། ཁོང་ཚོར་གླ་ཆ་ཉུང་ཉུང་སྤྲད་ནས་ལས་ཀ་མང་པོ་བསྐུལ་འདོད་པའི་བཤུ་གཞོག་གི་བྱེད་ཐབས་སྤྱད་པ་ལས་གཞན་ཅི། གལ་ཏེ་གྲོས་ཚོགས་སྐབས་འདི་པས་དགེ་རྒན་གྱི་མཐུན་རྐྱེན་ཐད་ཁྲིམས་ཀྱི་ཆ་རྐྱེན་ཞིག་བསྐྲུན་ཐུབ་ན། དེ་ནི་གྲོས་ཚོགས་ཀྱི་དེབ་ཐེར་ནས་ནམ་ཡང་ཡལ་བ་མེད་པའི་གསེར་ཡིག་འོད་ཆེམ་ཆེམ་ཞིག་ཏུ་འགྱུར་ངེས།

དོན་ཚན་བཅུ་གཉིས་པ་ནི་འཛིན་སྐྱོང་གི་སྐོར་ཡིན། དེའང་སྲིད་བྱུས་ནང་། “བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་དགོས་དམིགས་དང་། སྒྲོམ་གཞི། སློབ་ཚན། རྒྱུགས་སྤྲོད། དགེ་རྒན། འཛིན་སྐྱོང་བཅས་ཀྱི་སྐོར་སྲིད་བྱུས་དང་། དེ་དག་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ནས་དུས་སུ་གཏན་ལ་ཕབ་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་ཡོད་པའི་བོད་མིའི་སློབ་གྲྭ་ཡོངས་ཀྱིས་གཅིག་གྱུར་དུ་ལག་བསྟར་དགོས་པ་ཡིན། “ ཞེས་གསལ་ཡོད། འོན་ཀྱང་གོང་དུ་བརྗོད་པ་ལྟར་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཡུལ་ནི་སྔོན་འགྲོའི་སློབ་གྲྭ་ཉུང་ཤས་ཤིག་ལས་མེད་ཅིང་། དེ་བྱིངས་སློབ་གྲྭ་ཡོངས་ཀྱིས་ལག་བསྟར་བྱེད་ཀྱི་མེད་པ་ནི་ཀུན་གྱིས་མཁྱེན་གསལ་ལགས། སློབ་གྲྭ་དེ་དག་ལས་སློབ་ཕྲུག་གི་གྲངས་འབོར་དང་དགེ་ལས་ཀྱི་མཐུན་རྐྱེན་སོགས་ལ་གཞིགས་ན། བོད་ཁྱིམ་སློབ་གྲྭ་ནི་བཙན་བྱོལ་བོད་མིའི་སློབ་ཁག་ཆེ་ཤོས་ཡིན་ཞིང་། དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ནི་རང་རེའི་སྲིད་སྐྱོང་འབུམ་རམ་པ་ཁོང་ཡིན། འོན་ཀྱང་ལ་བྱང་གི་སྔོན་འགྲོའི་སློབ་གྲྭ་མ་གཏོགས་བོད་ཁྱིམ་སློབ་གྲྭ་གཞན་དག་ཡོངས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་མེད་པ་མ་ཟད། ལ་བྱང་གི་སྔོན་འགྲོའི་སློབ་མ་དེ་དག་ཀྱང་གཞི་རིམ་བར་མར་སླེབས་སྐབས་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་པའི་སློབ་ཁག་ནང་སིམ་འཛུལ་བྱ་གཏན་འཁེལ་བས། འཛིན་སྐྱོང་གི་དབུ་ཁྲིད་ཆེས་མཐོ་ཤོས་སྲིད་སྐྱོང་མཆོག་གིས་ཀྱང་གཅིག་གྱུར་གྱི་ལག་བསྟར་བྱ་རྒྱུའི་ཆོད་སེམས་གཏན་ནས་བཅངས་མེད་པ་འདྲ།

དོན་ཚན་བཅུ་གསུམ་པ་ནི་ཤེས་ཡོན་གྱི་ཐོབ་ཐང་སྐོར་ཡིན། དེའང་སྲིད་བྱུས་ནང་ “བོད་ཀྱི་ཡུལ་མི་ཡིན་པ་དང་། ཡུལ་མིའི་འགན་སྒྲུབ་མཁན་ཞིག་ཡིན་ཕྱིན་སེར་སྐྱ་དང་། ཕོ་མོ། རིགས་རུས། ཆོས་ལུགས། ལུང་ཚན། དབུལ་ཕྱུག་གི་དབྱེ་བ་མེད་པར་གཞི་རིམ་འཛིན་གྲྭ་བཅུ་གཉིས་པ་བར་གྱི་སློབ་སྦྱོང་གི་ཐོབ་ཐང་ཡོད་ཅིང་། དེ་བར་སློབ་སྟོན་གླ་ཡོན་འབུལ་མི་དགོས།“ ཞེས་གསལ་ཡོད། འོན་ཀྱང་རང་རེའི་སློབ་གྲྭ་ཁག་གིས་འཛིན་རིམ་བཅུ་གཉིས་བར་སློབ་ཡོན་མི་ལེན་མཁན་གཅིག་ཀྱང་མེད་པ་ནི། བུ་ཕྲུག་གི་འགན་འཁུར་གནང་མཁན་རྒྱ་ཆེའི་ཕ་མ་རྣམ་པས་གསལ་པོར་མཁྱེན་གྱི་ཡོད།ཉམས་ཐག་གི་ཕྲུ་གུ་ཞིག་ཡིན་ནའང་དེར་རིན་མེད་དུ་སློབ་སྦྱོང་མི་སྤྲོད་པར། སྦྱིན་བདག་གང་མང་བཙལ་ནས་སློབ་ཡོན་ལེན་གྱི་ཡོད། ལྟ་སྟངས་གཞན་ཞིག་ནས་བལྟས་ན། རང་རེའི་སློབ་གྲྭ་དག་ནི་སློབ་ཡོན་བསྡུ་རྒྱུའི་ཆེད་དུ་བཙུགས་པ་ལྟ་བུ་ཡོད། དེང་སྐབས་བོད་པ་རང་གི་ཆེད་དུ་བཙུགས་པའི་སློབ་གྲྭ་ཁག་ནང་བོད་པའི་སློབ་ཕྲུག་ཉུང་དུ་འགྲོ་སྐབས། དངོས་གནས་བྱས་ན་སློབ་གྲྭ་ཆུང་གྲས་རྣམས་ཟླ་བསྒྲིལ་གྱིས་སྤུས་ཚད་བཟང་དུ་གཏོང་རྒྱུར་འབད་བརྩོན་བྱ་དགོས། འོན་ཀྱང་ཨུ་ཚུགས་མཐར་སྐྱེལ་གྱིས་ཧི་མ་ལ་ཡའི་རི་ཁུལ་གྱི་ཕྲུ་གུ་བསྡུ་རུབ་གང་ཐུབ་བྱས་ཏེ། སློབ་ཕྲུག་གི་གྲངས་འབོར་རྒྱུན་གནས་ཐུབ་ཐབས་བྱེད་པ་འདིའི་དགོས་དོན་སྙིང་པོ་གང་ཡིན་ནམ།

དོན་ཚན་བཅུ་བཞི་པ་ནི་བར་བརྒལ་གྱི་ཆ་རྐྱེན་སྐོར་རེད། དེའང་སྲིད་བྱུས་ནང་ ” སྲིད་བྱུས་འདི་གཏན་འབེབས་བྱས་པ་ནས་བཟུང་ཕུགས་དམིགས་སྲིད་བྱུས་འདི་དག་གི་ཐོག་ཏུ་རིམ་བསྐྱོད་ཐུབ་ཐབས་སུ་ད་ཡོད་ཀྱི་ལམ་སྲོལ་ལ་འཆར་གཞི་དང་ལྡན་པའི་འགྱུར་བ་རིམ་གཏོང་བྱེད་ཕྱོགས་དང་། སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཀྱི་ལས་གཞི་ངེས་ཅན་ཞིག་བསྒྲིག་དགོས། “ ཞེས་གསལ་ཡོད། འོན་ཀྱང་གོང་མཚུངས་བཞིན་གཞི་རིམ་འོག་མ་ཡན་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུར་འགྱུར་བ་གང་ཡང་བྱུང་མེད།

དོན་ཚན་བཅོ་ལྔ་པ་ནི་བསྐྱར་ཞིབ་ཡིན། དེའང་སྲིད་བྱུས་ནང་ “སྲིད་བྱུས་འདིའི་དོན་ཚན་ཁག་ལ་དགོས་གལ་ནམ་བྱུང་དུ་བསྐྱར་ཞིབ་ཆོག་པ་ཡིན་“ ཞེས་གསལ་ཡོད། དངོས་གནས་བྱས་ན་སྐབས་འདི་པའི་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱིས་ཆོད་སེམས་བརྟན་པོས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་འདོད་མེད་ན། དོན་ཚན་འདིའི་དགོངས་དོན་འོག་སྲིད་བྱུས་ལ་བསྐྱར་ཞིབ་དང་སྐབས་འདི་པའི་འཆར་གཞི་གསར་འཇུག་བྱས་ཆོག་མོད། འོན་ཀྱང་ཨ་སྡུག་ནང་གི་ཡང་སྡུག་སྟེ། བསྐྱར་ཞིབ་བྱེད་པའི་ལས་གཞི་ཡང་སྤེལ་མེད།

མདོར་བསྡུས་ན། གོང་གསལ་དོན་ཚན་རྣམས་ལ་ཞིབ་པར་བལྟས་ཚེ་ང་ཚོས་ང་ཚོ་རང་ཉིད་ལ་མགོ་སྐོར་གཏོང་གི་ཡོད་པའི་ཚོར་བ་ཞིག་ངང་གིས་སྐྱེས་ཡོང་། ཡང་སྙིང་ང་ཚོས་ཤེས་ཡོན་སྲིད་བྱུས་ལག་བསྟར་མུ་མཐུད་བྱེད་ཀྱི་ཡོད་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་སམ། གྲོས་ཚོགས་སྐབས་མང་པོར་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ནང་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དགེ་རྒན་འོས་སྦྱོང་དང་། ཟབ་སྦྱོང་། བསླབ་གཞི་རྩ་འཛིན་གཏན་འབེབས། སློབ་དེབ་གསར་བསྒྲིགས་སོགས་མང་དག་ཅིག་ཐོན་ཡོད་སྟབས། དེ་དག་སློབ་གྲྭ་གང་དུ་བཀོལ་སྤྱོད་ཅི་འདྲ་ཞིག་བྱེད་ཀྱི་ཡོད་དམ། གལ་ཏེ་སློབ་གྲྭ་གང་དུའང་བཀོལ་སྤྱོད་བྱེད་ཀྱི་མེད་ན། ལོ་ལྟར་ཤེས་ཡོན་སྲིད་བྱུས་ཐོག་སྔོན་རྩིས་ཧིན་སྒོར་འབུམ་ཕྲག་མང་པོ་བཀའ་ཁྲོལ་ཞུ་བ་དེ་དག་གི་དགོས་དམིགས་གང་ཡིན་ནམ། ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཡོངས་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་གཅིག་མཚུངས་དགོས་པའི་བཀོད་ཁྱབ་བཏང་མྱོང་ཡོད་དམ། མེད་ན་མེད་དོན་ཅི། གལ་ཏེ་བཀའ་རྒྱ་དེ་རིགས་བཏང་ཡོད་ཚེ་སློབ་གྲྭ་ལག་བསྟར་གཅིག་མཚུངས་མེད་པའི་རྒྱུ་རྐྱེན་གང་ཡིན་ནམ། ང་ཚོས་དུས་རྒྱུན་ “རྒྱ་མིས་བོད་ཀྱི་ཆོས་དང་རིག་གཞུང་གཏོར་ཤིག་གཏོང་གི་འདུག“ ཅེས་སྐད་བཟང་ཐོན་པོས་གླེང་གི་ཡོད་པས། འདི་ཕྱོགས་ནས་རང་རེས་དེ་དག་སྲུང་སྐྱོབ་བྱེད་པའི་ལས་དོན་ག་རེ་སྤེལ་གྱིན་ཡོད་དམ། དེ་དང་དེ་འབྲེལ་གྱི་གནད་དོན་མང་དག་ཅིག་ངེས་པར་ཁ་གསལ་གྱིས་གླེང་དགོས་ཤིང་། གྲོས་ཚོགས་ནས་ཀྱང་ཞིབ་འཇུག་ནན་འདྲོངས་དང་། འདི་བྱེད་འདི་མིན་གྱི་ལམ་སྟོན་ཁ་གསལ་ཞིག་མ་གནང་ཚེ། སེམས་བསམ་པའི་བར་སྣང་ལ་རྟ་རྒྱུག་ཀྱང་། དོན་དངོས་པའི་ལག་མཐིལ་ལ་སོ་མི་ཐེབས་པའི་དུས་ཤིག་གང་མགྱོགས་འཆར་ངེས་པར་མཐོང་ངོ་། ། ། །

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༦ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 6

  1. འཇིགས་མེད་སེངྒེ། says:
    ལོ་ 11 སྔོན།

    རྩོམ་ཡིག་འདི་གྲོས་ཚོགས་ཀྱི་སྡིངས་ཆར་སླེབས་འདུག

    Reply
  2. གནས་ཚང་། says:
    ལོ་ 11 སྔོན།

    ད་མང་པོ་མ་གླེང་། ཤེས་ཡོན་སྲིད་བྱུས་ཙམ་མ་རེད། བོད་དོན་ཐད་ཀྱི་སྲིད་བྱུས་ཀྱང་དངུལ་སློང་མོ་བྱེད་པའི་ལག་ཆ་ཙམ་དུ་འགྱུར་འདུག

    Reply
  3. འཇམ་གཅེས ། says:
    ལོ་ 11 སྔོན།

    མི་རིགས་དང་། དེའི་རིག་གནས་ལ་སྨན་པའི་རིན་ཐོང་ཅན་གྱི་རྩོམ་ཞིག་སྤེལ་འདུག །

    Reply
  4. བདེ་རྒྱལ། says:
    ལོ་ 11 སྔོན།

    ཤེས་ཡོན་སྲིད་བྱུས་ཐོག་དགོངས་ཚུལ་ཡོད་མཁན་མང་། གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐོག་ཏུ་ཡང་དགོངས་ཚུལ་ཤུགས་ཆེན་པོ་སླེབས་སོང་། རྩོམ་ཡིག་འདི་རྩིས་ན་རྩོམ་ཡིག་ཀྱང་སྔ་ཕྱིར་སླེབས་སོང་། ད་ལྟ་བཙན་བྱོལ་དམངས་ཁྲོད་དུ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་མཁྱེན་རྟོགས་ཐུབ་མཁན་མང་དུ་འགྲོ་བཞིན་འདུག་ལ། དེ་ནི་ཡག་རྟགས་ཤིག་ཀྱང་རེད་འདོད།

    Reply
  5. བདེ་རྒྱལ། says:
    ལོ་ 11 སྔོན།

    ཤེས་ཡོན་སྲིད་བྱུས་ཐོག་དགོངས་ཚུལ་ཡོད་མཁན་མང་། གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐོག་ཏུ་ཡང་དགོངས་ཚུལ་ཤུགས་ཆེན་པོ་སླེབས་སོང་། རྩོམ་ཡིག་འདི་རྩིས་ན་རྩོམ་ཡིག་ཀྱང་སྔ་ཕྱིར་སླེབས་སོང་། ད་ལྟ་བཙན་བྱོལ་དམངས་ཁྲོད་དུ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་མཁྱེན་རྟོགས་ཐུབ་མཁན་མང་དུ་འགྲོ་བཞིན་འདུག་ལ། དེ་ནི་ཡག་རྟགས་ཤིག་ཀྱང་རེད་འདོད།

    Reply
  6. བསྟན་པ། says:
    ལོ་ 11 སྔོན།

    ཞང་བློན་ལགས་ཀྱི་དཔྱད་ཞིབ་ཧ་ཅང་བཟང་བ་ཞིག་སྤེལ་འདུག་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
    ད་ལྟའི་བཀའ་ཤག་གི་ངོ་སྲུང་ཙམ་ལས་བློ་ཕུག་དེར་ཤེས་ཡོན་སྲིད་བྱུས་ལ་དེ་ཙམ་མོས་པ་ཨེ་ཡོད་བསམ་པའི་དོགས་པ་ཡོད། གཅིག་ནས་ཁྱེད་ནས་གོང་བཀོད་རྒྱུ་མཚན་དེ་དག་རེད། གཉིས་ནས་ངས་ལྟས་སྐབས། ཨ་རི་གཞུང་ནས་བོད་མིའི་ཤེས་ཡོན་སླད་ཨ་སྒོར་ས་ཡ་གཉིས་སྤྲད་ཡོད། དེའི་དམིགས་ཡུལ་ནི་བོད་མིའི་ངོ་བོ་དང་རིག་གཞུང་མ་བརླགས་པའི་ཐོག་ནས་བོད་པའི་གཞོན་སྐྱེས་ཚོས་དེང་གི་འཛམ་གླིང་གི་དཔལ་འབྱོར་ནས་ཆ་ཤས་ལེན་ཐུབ་རྒྱུ་ཞེས་བཀོད་ཡོད། འོན་ཀྱང་བོད་མིའི་ངོ་བོ་དང་རིག་གཞུང་གཙོ་བོར་བྱེད་པའི་ཤེས་ཡོན་སྲིད་བྱུས་ཀྱི་ལས་རིགས་གོང་འཕེལ་གཏོང་རྒྱུར་སྒོར་མོ་མ་ནས་བཏང་མེད། གནད་དོན་དེ་ལས་ཤེས་ཡོན་སྲིད་བྱུས་ལ་བཀའ་ཤག་གི་གཟིགས་ཕྱོགས་ཇི་འདྲ་ཞིག་ཡིན་མིན་རྟོགས་ཐུབ།
    ཉེ་ཆར་བྲེལ་ཚུབ་ཀྱི་ངང་ཤེས་སྲིད་བྱུས་ཀྱི་དམིགས་བསལ་ཚོགས་ཆེན་བཀོང་པ་དེ་ནི་ངོ་སྲུང་གི་ཐབས་ཤིག་ལས་མ་མཐོང་།
    འཛིན་སྐྱོང་ལ་སྲིད་བྱུས་དེ་ལག་ལེན་བཀལ་རྒྱུར་སྐུ་ངལ་ཡོད་པ་ནི་གདོན་མི་ཟ་ཡང་སེམས་གཏིང་གི་ཆོད་སེམས་ཤིག་མེད་སྐབས་མདུན་སྐྱོད་དཀའ་མོ་རེད། ལྷག་པར་སྲིད་སྐྱོང་གི་སློབ་སྦྱོང་གི་ཚད་གཞི་དེ་འཛིན་རིམ་བཅུ་པ་དང་བཅིུས་ཀྱི་བརྒྱ་ཆ་ཙམ་གྱི་ཐོག་ནས་དབྱེ་འབྱེད་བྱེད་ཚུལ་དེ་ནི་ཤེས་ཡོན་སྲིད་བྱུས་ཀྱི་ཤེས་ཡོན་གྱི་དགོས་དམིགས་གཙོ་བོ་དེ་གོ་བརྡ་མ་སྤྲོད་པའམ་ལྟ་ཚུལ་མི་འདྲ་ཡོད་པ་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཡོངས་ཀྱི་རྒྱུགས་སྤྲོད་བརྒྱ་ཆའི་ཐོག་ནས་ཤེས་ཡོན་གྱི་ཚད་འཛིན་བྱེད་པ་དེ་ནི་ནུབ་ཕྱོགས་ཀྱི་ལྟ་བ་ཤན་ཤུགས་ཆེ་བའི་མིན་ནམ་སྙམ།
    མཐར་ད་རེས་གྲོས་ཚོགས་ཀྱི་སྙན་ཐོ་ལ་གཞིགས་ནས་སྲིད་བྱུས་དེའི་ཁ་ཕྱོགས་གང་དུ་འགྲོ་མིན་བོད་མི་ཤེས་ཡོན་ཅན་ཡོངས་ཀྱི་ལེགས་པར་ཞིབ་དཔྱོད་བྱང་རྒྱུ་གལ་གནད་ཆེ་བར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese