རྒྱ་ནག་གིས་ཏཱ་ལའི་བླ་མ་མཉམ་དུ་ཁོང་སྒེར་གྱི་མ་འོངས་པའི་གནས་བབ་མ་གཏོགས་བོད་ཀྱི་གནད་དོན་ནམ་ཡང་གྲོས་མོལ་མི་བྱེད་པ་དང་། ཨོ་ལིམ་པིག་གཏོར་སྐྱོན་གཏོང་ཐབས་ཀྱི་ངོ་རྒོལ་ཟིང་ཆ་དེས་པེ་ཅིན་གྱི་ལངས་ཕྱོགས་ལ་ནམ་ཡང་འགྱུར་བ་གཏོང་མི་ཐུབ་ཟེར།
ལོ་དྲུག་གི་རིང་ཁོར་ཡུག་བསྐྲུན་ཅིང་ཕན་ཚུན་གྱི་ཕོག་ཐུག་ལ་འཛེམས་པའི་བོད་རྒྱའི་འབྲེལ་མོལ་གྱི་རིམ་པ་དེ་ད་ལྟ་སླར་ཡང་འགག་གི་ཡོད་ལ། ཕན་ཚུན་གྱི་ཚིག་མཚོན་དང་ངོས་ལེན་མེད་པའི་རྣམ་པའང་ཇེ་གསལ་དཡ་འགྱུར་གིན་ཡོད། རྒྱ་ནག་གིས་ཏཱ་ལའི་བླ་མ་དང་མཉམ་དུ་བོད་ཀྱི་མ་འོངས་པའི་གནད་དོན་ཐད་གྲོས་མོལ་མི་བྱེད་ཅེས་བརྗོད་བཞིན་པ་ལྟར་བོད་མིའི་ཕྱོགས་ནས་ཀྱང་ད་ལྟའི་འབྲེལ་མོལ་འདི་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་རྩེད་མོ་ཞིག་ཏུ་མཐོང་གི་ཡོད་སྟབས། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་འབྲེལ་མོལ་གྱི་རིམ་པ་འདི་མཚམས་བཞག་ན་འོས་སྐོར་གྱི་བསམ་ཚུལ་ཤུགས་ཆེར་འདོན་གྱི་ཡོད།
རྒྱ་ནག་དབུས་གཞུང་གི་དྲིལ་བསྒྲགས་ལྷན་ཁང་གི་སྤྱི་ཁྱབ་མགོ་གཙོ་གསར་པ་ཏོང་ཡུན་ཧུའུ་ཡིས་ཕྱི་ཚེས་ ༡༦ ཉིན་བརྗོད་དོན། དབུས་གཞུང་གིས་ཏཱ་ལའི་བླ་མ་དང་མཉམ་དུ་བོད་ཀྱི་མ་འོངས་པ་ནམ་ཡང་གྲོས་བསྡུར་མི་བྱེད། ང་ཚོས་ཁོང་མཉམ་དུ་གྲོས་བསྡུར་བྱེད་ཐུབ་པ་དེ་ནི་ཁོང་སྒེར་དང་ཁོང་གི་རྒྱབ་སྐྱོར་བ་ཚོའི་མ་འོངས་པའི་གནས་བབ་སྐོར་ཡིན་ཅེས་བརྗོད་ཡོད་པ་རེད།
ཏུང་གིས་བརྗོད་དོན། ངས་བལྟས་ན་ཏཱ་ལའི་བླ་མ་ནི་བོད་མིའི་སྐུ་ཚབ་བྱེད་པའི་འོས་བབ་མི་འདུག གལ་སྲིད་འོས་བབ་ཅིག་ཡོད་ཚེ་དེ་ནི་ ༡༩༥༩ ཡར་སྔོན་ཡིན་གི་རེད་ཅེས་དང་། ཏུང་ཡུན་ཧུའུ་ཡིས་ཏིན་ལའོ་ཕིན་གྱི་སྐད་ཆ་ལུང་དྲངས་ནས་བཤད་དོན། གལ་སྲིད་ཁོང་གིས་ཀྲུང་གོའི་མི་སེར་ཞིག་ཡིན་པའི་ངོས་ནས་རྒྱ་ནག་གི་ཡར་རྒྱས་ལ་ལེས་སྐྱེས་འབུལ་ཐུབ་པ་ཡིན་ཕྱིར་ཡོང་ཆོག་གི་རེད། ཁོང་ངེས་པར་དུ་ཀྲུང་གོའི་མི་སེར་ཞིག་ཡིན་པའི་ཕྱིར་ཡོང་དགོས་པ་རེད། རང་བཙན་དང་ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་བཅས་ནི་རྩ་བ་ཉིད་ནས་གནད་དོན་ཆགས་གི་ཡོད་པ་མ་རེད་ཅེས་བརྗོད་ཡོད།
༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣ་དང་མཉམ་དུ་སྔ་ཕྱི་ཐེངས་ ༧ ལ་གྲོས་མོལ་བྱས་ནའང་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་བྱུང་མེད་པའི་སྟེང་། ཐུག་ཐེངས་མཐའ་མ་དེ་ནི་ཆེས་ཁག་ཤོས་སུ་གྱུར་ཚུལ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་གསུངས་ཡོད། མི་རྣམས་ཀྱིས་ད་ནི་བོད་རྒྱའི་འབྲེལ་མོལ་གྱི་རིམ་པ་འདི་ཆད་སོང་བར་འདོད་ཡོད་ནའང་། ཕྱི་ཟླ་ ༡༠ པའི་ནང་ཐེངས་བརྒྱད་པ་ཐུག་འཕྲད་བྱེད་རྒྱུ་ཡིན་ཚུལ་ཕྱོགས་གཉིས་ཀས་མོས་མཐུན་བྱས་ཡོད་ཟེར།
ད་ཡིན་ན། ཚང་མས་གཟབ་གཟབ་མ་གནང་བ་ཡིན་ན། བོད་དོན་དངུལ་དངོས་བརྗེ་བོ་རྒྱག་སྲིད་པའི་གནས་སྟངས་ཤིག་ལ་སླེབས་ཟིན་ཞིང་། གོང་ཆེན་སྤྲད་སྲིད་པའི་དུས་རིམ་དེ་ལའང་སླེབས་འདུག