གཟའ་ཟླ་བའི་ཉིན་༧གོང་ས་མཆོག་ཧྥ་རན་སིའི་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཁོང་གི་གཞུང་འབྲེལ་གྱི་གཟིགས་སྐོར་མཛད་འཕྲིན་དངོས་དེ་ཕྱི་ཚེས་ ༡༢ ཉིན་ནས་མགོ་བརྩམས་ཡོད་ཅིང་། ཐོག་མརཁོང་ཕ་རི་སིའི་ལྷོ་ཕྱོགས་སུ་ཡོད་པའི་ཝེ་ཊི་ནམ་གྱི་ནང་པའི་ལྷ་ཁང་ཞིག་ལ་རབ་གནས་གནང་ཡོད་པ་རེད། ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་ཧྥ་རན་སིའི་གྲོས་ཚོགས་ཀྱི་ཚོགས་མི་བརྒྱ་ཕྲག་ཅིག་ལ་མཇལ་འཕྲད་གནང་རྒྱུ་རེད། ཧྥ་རན་སིའི་སྲིད་འཛིན་སར་ཁོ་ཛི་རྒྱ་ནག་གི་གནོན་ཤུགས་འོག་༧གོང་ས་མཆོག་ལ་མཇལ་རྒྱུ་མིན་ནའང་། ཁོང་གི་སྐུ་ཟླ་ལྕམ་ ཁར་ལཱ་ བྷུ་རུ་ནེ་ མཆོག་ཕྱི་ཚེས་ ༢༢ ཉིན་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་ནང་བའི་གཙུག་ལག་ཁང་ཞིག་དབུ་འབྱེད་གནང་བའི་མཛད་སྒོར་བཅར་བ་དང་སྟབས་བསྟུན་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་རེད།
ཐེངས་འདིའི་༧གོང་ས་མཆོག་གི་མཛད་འཕྲིན་གཞན་པ་རྣམས་ནི་ཕ་རི་སིའི་མངའ་ཁུལ་དང་མངའ་ཁུལ་གཞན་པ་དག་ནང་གི་ཆོས་ལུགས་ཀྱི་གཟིགས་སྐོར་མཛད་འཕྲིན་ཁག་ཡིན་པ་དང་། ནིང་ཐུ་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཉིན་ ༦ རིང་གསུང་ཆོས་སྩོལ་རྒྱུ་ཡིན་པ་རེད།
ཐེངས་འདིའི་ཁོང་གི་གཟིགས་སྐོར་དེ་ལོ་གཉིས་ཀྱི་སྔོན་ནས་གྲ་སྒྲིག་གནང་ཡོད་ནའང་། ལོ་འདིའི་གསུམ་བཅུའི་དུས་དྲན་རྗེས་ཀྱི་བོད་ཕྱི་ནང་གི་སྐད་འབོད་དོན་རྐྱེན་དབང་གིས་ཁོང་གི་གཟིགས་སྐོར་འདི་སྲིད་དོན་གྱི་ངོ་བོར་འཕོས་ཤིང་། མཐའ་མར་ཧྥ་རན་སིའི་སྲིད་འཛིན་ལ་མཇལ་འཕྲད་གནང་རྒྱུ་དེའང་ཕྱིར་འཐེན་གནང་ཡོད་པ་རེད། རྒྱ་ནག་གིས་ཁོང་གཉིས་མཇལ་འཕྲད་གནང་མི་ཆོག་ཅེས་ཟླ་སྔོན་མ་ནས་ཤུགས་ཆེར་གླེང་ཡོད་པ་རེད། གསར་ལམ་ཁག་ནས་བརྗོད་པ་ལྟར་ན། ཐེངས་འདིར་སྲིད་འཛིན་དང་མཉམ་དུ་མཇལ་འཕྲད་མི་གནང་རྒྱུའི་ཐག་གཅོད་དེ་ནི་༧གོང་ས་མཆོག་གིས་རྒྱ་ནག་ཁོང་ཁྲོ་མི་སློང་ཆེད་ཁོང་གི་ཐུགས་རེ་ལྟར་ཕྱིར་འཐེན་གནང་ཚུལ་འདུག་ལ། ལར་ནས་༧གོང་ས་མཆོག་གིས་རྒྱལ་ཁབ་གང་ཞིག་གི་དབུ་ཁྲིད་ཡིན་ནའང་ཁོང་དང་མཉམ་དུ་མཇལ་འཕྲད་གནང་བར་བརྟེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དོ་ཕོག་འགྲོ་གི་ཡོད་ཚེ་ཁོང་ནས་མཇལ་འཕྲད་ཕྱིར་འཐེན་གནང་རྒྱུའི་དགོངས་བཞེས་ཤུགས་ཆེར་འཁྱེར་གནང་གི་ཡོད་པ་རེད།
ཧྥ་རན་སིའི་ནང་བསྟན་མཐུན་ཚོགས་ལྟར་ན། ཧྥ་རན་སིའི་ནང་དུ་ནང་བ་སངས་རྒྱས་པ་མི་གྲངས་ ༧༧༠༠༠༠ ཡོད་ཅིང་། འདི་དག་གི་བཞི་ཆའི་གསུམ་ནི་ཨེ་ཤ་ཡའི་མི་རིགས་ཡིན་འདུག ༧གོང་ས་མཆོག་གིས་རྒྱལ་ཁབ་འདིར་ ༡༩༨༢ ལོར་ཐེངས་དང་པོར་གཟིགས་སྐོར་གནང་ཞིང་དེའི་རྗེས་ནས་ཐེངས་ཁ་ཤས་ཤིག་ལ་གཟིགས་སྐོར་གནང་བའི་གྲས་ནས་ཐེངས་གཅིག་ལ་སྐབས་དེའི་སྲིད་འཛིན་ ཧྥ་རན་ཁོ་སི་ མི་ཊར་རན་ཌི་ ལགས་ལ་མཇལ་འཕྲད་གནང་ཡོད་པ་རེད།