རྒྱལ་ཁབ་གང་དུ་ཨོ་ལིམ་པིག་འཚོགས་རུང༌། རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཅིག་ཨོ་ལིམ་པིག་ལོ་རྒྱུས་སྟེང་བྱུང་མྱོང་མེད་ལ། ཐེངས་འདི་ནི་མི་རྣམས་མ་དགའ་ན་མི་འགྲིག་པར་གྱུར་བའི་ཨོ་ལིམ་པིག་རྩེད་འགྲན་ ཐེངས་དང་པོ་ཡིན་པ་དང༌། ལུས་རྩལ་བ་མི་གཙོ་བར་དམག་མི་དང་ཉེན་རྟོག་པ་གཙོ་བའི་ཨོ་ལིམ་པིག་ཅིག་རེད་ཟེར།
ཨོ་ལིམ་པིག་ནི་རྒྱ་ནག་གིས་ལོ་ངོ་ ༢༠༠ ལྷག་གི་རིང་རེ་ཞིང་སྒུག་པའི་དུས་སྟོན་ཞིག་ཡིན་ལ། རྒྱ་ནག་རྒྱལ་ཁབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་ཤེས་པའི་གོ་སྐབས་ཡག་ཤོས་ཤིག་ཀྱང་ཡིན། འདི་ནི་སྲིད་གཞུང་ཞིག་གིས་བཙན་གྱིས་མི་དགའ་དགའ་མདོག་སྟོན་དུ་བཅུག་པའི་ལུས་རྩལ་བྱ་འགུལ་ཞིག་ཡིན་ལ། ཕངས་སེམས་སྐྱེས་སའི་གནས་མང་པོ་ཞིག་མཐོང་དུས་ང་བྱ་འགུལ་འདིར་ཞུགས་པའི་མོས་པ་གཏན་ནས་མི་འདུག་ཅེས་ཐེངས་འདིའི་རྒྱ་ནག་ཨོ་ལིམ་པིག་ལུས་རྩལ་རྭ་བའི་བྱེའུ་ཚང་ཇུས་འགོད་པ་དང༌། སྒྱུ་རྩལ་སློབ་སྟོན་པ་ཨེ་ཝེ་ཝེ་ཡིས་བརྗོད་ཡོད་ལ། དེ་མིན་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཡུས་ཅེ་ཡང་ཐེངས་འདིའི་ཨོ་ལིམ་པིག་ཆེད་འགྲོ་འདུག་རང་དབང་མེད་པ་དང༌། དུས་ཚོད་ཉེར་བཞིའི་རིང་དམག་མིས་ལྟ་རྟོག་ནན་མོ་བྱས་ཡོད་འདུག ཁོང་གིས། རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་སུ་རང་ཉིད་ཀྱི་ངོ་གདོང་དེ་གསལ་སྟོན་བྱ་ཆེད་ཁོ་ན་ལས་མི་མང་གི་བདེ་སྡུག་ལ་སེམས་ཁུར་བྱེད་ཀྱིན་མེད་པ་དང༌། རྒྱལ་ཁབ་གང་དུ་ཨོ་ལིམ་པིག་འཚོགས་རུང༌། རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཅིག་ཨོ་ལིམ་པིག་ལོ་རྒྱུས་སྟེང་བྱུང་མྱོང་མེད་ལ། ཐེངས་འདི་ནི་མི་རྣམས་མ་དགའ་ན་མི་འགྲིག་པར་གྱུར་བའི་ཨོ་ལིམ་པིག་རྩེད་འགྲན་ཐེངས་དང་པོ་ཡིན་པ་དང༌། ལུས་རྩལ་བ་མི་གཙོ་བར་དམག་མི་དང་ཉེན་རྟོག་པ་གཙོ་བའི་ཨོ་ལིམ་པིག་ཅིག་ཡིན་འདུག ནཱ་ཛེ་མི་རིགས་ཀྱིས་པོ་ལན་ཌི་རུ་འཚོགས་པའི་ཨོ་ལིམ་པིག་སྐབས་སུའང་འདི་འདྲའི་སྨྱོ་ཧམ་གྱི་ལས་ཀ་བྱས་མེད་ཅེས་བརྗོད་ཡོད་ལ། ཁོང་གིས་དུས་ནམ་ཡང་རྒྱ་ནག་གིས་དྲང་བདེན་མིན་པའི་བྱ་སྤྱོད་དང༌། འཁྲབ་བཞིན་པའི་གཡོ་སྒྱུ་དག་སུན་འབྱིན་བྱས་མཐར་ད་ལྟ་རང་ཁྱིམ་དུ་བཀག་ཉར་བྱས་ཡོད་འདུག དེ་བཞིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང༌། རྒྱ་ནག་ནང་དང་བླངས་ཨེ་ཙི་ན་ཚ་ལ་ལྟ་རྟོག་བྱེད་མཁན་ཧོ་ཅཱ་ཐེངས་མང་པོར་འཛིན་བཟུང་བྱས་མྱོང་ལ། ཐེངས་འདིར་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་ལོ་ངོ་གསུམ་གྱི་ཁྲིམས་ཆད་ཕོག་ཡོད་པ་དང༌། ད་ལྟ་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་འདུག གཞན། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མ་ཡུམ་ལས་འགུལ་སློང་མཁན་གྱི་སྐྱེས་མ་ཏིན་ཙི་ལིན་ཡང་འགྲིམ་འགྲུལ་སྟབས་བདེ་མིན་པའི་གྲོང་མཐའ་ཞིག་ཏུ་གནས་སྡོད་བྱེད་ཏུ་བཅུག་ཡོད་ལ། དམངས་གཙོ་དོན་གཉེར་བ་ཁྲི་ལིན་ཡེས་དང༌། ཀྲོང་ཞིན། ཁྲིན་ལིན་ཡེས་སོགས་ཀྱང་གཞན་ཡུལ་དུ་གྱར་དགོས་བྱུང་ཡོད་འདུག གཞན། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཞོའུ་ཞང་དང་ཁོང་གི་གྲོགས་པོ་ཁྲིན་སོན་གཉིས་ཀྱང་ཟླ་འདིའི་ཚེས་ ༡༦ ཉིན་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཞོའུ་ཞང་ནི་རྒྱ་ནག་གི་གསར་འགོད་པ་ཞིག་ཡིན་ལ། ཁོང་གིས་གསར་འགྱུར་ལས་རིགས་གཉེར་བའི་ལོ་ངོ་ ༡༠ ནང་རྒྱ་ནག་གི་གྱོད་དོན་མི་སྣ་ ༦༠༠ ལྷག་གི་ལྐོག་ཟ་རུལ་སུངས་སོགས་ཀྱི་གྱོད་དོན་རྩད་ཞིབ་བྱས་ཡོད་པ་དང༌། ཐེངས་འདིའི་རང་བྱུང་ས་ཡོམ་སྐབས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་སོགས་རྒྱ་ནག་གི་མགོ་ཁྲིད་མང་པོ་ཞིག་གི་ལས་དོན་དང་འབྲེལ་ཡོད་ཕྱིར་ཁོ་ཉེས་མེད་ཉེས་འཛུགས་ཀྱིས་བཙོན་འཇུག་བྱས་ཡོད་པ་མ་ཟད་ལོ་གསུམ་རིང་ཁྲིམས་ཆད་ཕོག་ཡོད་འདུག
དེ་མིན་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱང་ད་ལྟའི་ཆར་གྲགས་འགུལ་མེད་པར་བཟོས་འདུག་ལ། མོའི་དྲ་ལམ་མཐའ་དག་སྒོ་བརྒྱབས་ཡོད་པ་དང༌། དོགས་ཟོན་ཁྲོད་གནས་ཡོད་པ་དང༌། ཐེངས་སྔོན་མའི་རྒྱ་ནག་གཞུང་ལ་ཁྲིམས་གཏུག་བྱས་པའི་གནད་དོན་སྐོར་ལའང་གྲགས་འགུལ་ཅི་ཡང་མེད་པར་ལྷག་ཡོད།