མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གད་སྙིགས་ཁྲོད་གཡུག་ན་མི་རྙེད་པའི་མི་རིགས།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

༼གཤམ་གསལ་རྩོམ་ཡིག་འདི་ནི་བོད་ནང་གི་དགེ་འདུན་པ་ཞིག་གིས་ལོ་འདིའི་བཙན་གནོན་དང་འཛིན་བཟུང་སྐབས་དངོས་སུ་མྱངས་པའི་གཏམ་ཡིན།༽

ད་ལོའི་ཟླ་བ་ ༢ ཚེས་ ༡༥ ཉིན་ 3/22/08 དགོན་པའི་ཚོགས་གྲོལ་བའི་རྗེས་སུ་ང་ཁྲོམ་ལ་བསྐྱོད། ངས་རླངས་འཁོར་འབབ་ཚུགས་ཀྱི་ལམ་ཟུར་དུ་ལྷམ་བཙེམས། ང་དགོན་པར་ཕྱིར་ལོག་བྱེད་པའི་སྐབས་དེར་ཁ་པར་ཞིག་སླེབས། ངས་ཁ་པར་ལ་ལྟ་དུས་ཨང་གྲངས་ཤར་མི་འདུག ཁོང་ཚོས་ཉེ་འཁོར་གྱི་རླངས་འཁོར་ཞིག་ཏུ་ང་ལ་རྟོག་ཞིབ་བྱེད་ཀྱི་ཡོད་པ་འདྲ། རླངས་འཁོར་དཀར་པོ་ཞིག་གློ་བུར་དུ་ཡོང་ནས་མདུན་བཀག དམག་མི་བཞིས་ང་འཇུ་བཟུང་བྱས་ནས་རླངས་འཁོར་ནང་དུ་འཐེན། ངས་ཕྱི་མིག་ལྟ་དུས་ཨ་ནེ་ཞིག་མཐོང༌། ངས་ཨ་ནེ་ཨ་ནེ་ཞེས་སྐད་འབོད་ཐེངས་འགའ་བྱས་ནས་མོ་ལ་ང་འཛིན་གྱི་ཡོད་པ་མཐོང་དུ་བཅུག

མོ་ཊའི་ནང་དུ་ངའི་མགོ་ལ་རས་ཁུག་ནག་པོ་ཞིག་གཡོགས་ནས་ལག་པར་ལྕགས་བརྒྱབ། མགོ་ལ་མེ་མདའ་བཙུགས་ནས་ལུས་པོ་ས་ལ་མནན། ང་ཉེན་རྟོག་ལས་ཁང་རྒྱབ་ཏུ་ཡོད་པའི་དྲག་ཆས་ཉེན་རྟོག་པའི་མགྲོན་ཁང་དེར་ཁྲིད། ངའི་མགོ་ལ་གཡོགས་པའི་རས་ཁུག་ནག་པོ་དེ་བཤུས་ཀྱང་ལག་ལྕགས་མ་གྲོལ། ཁོང་ཚོས་ང་ལ་ལུས་བཤེར་བྱས་ནས་ཁ་པར་དང་དངུལ་ཁུག་འཕྲོག ང་རྐུབ་སྟེགས་ཤིག་གི་ཐོག་ཏུ་ལག་པ་རྒྱབ་ལ་བསྡམས་ནས་བཞག རྒྱ་ཕྲུག་དམག་མི་ཞིག་གིས་ང་ལ་མེ་མདའ་གཏད་ནས་རྒྱ་སྐད་དུ་མེ་མདའ་འདི་ཁྱོད་ཚོ་བོད་པ་ཚོ་གསོད་པར་ཆེད་དུ་བཟོས་པ་རེད། ཁྱོད་གོམ་པ་གང་བྲོས་ན་ངས་མེ་མདའ་བརྒྱབ་ནས་གསོད་ངེས་ཡིན། ཁྱོད་བསད་པའི་རྗེས་སུ་རོ་གད་སྙིགས་ཁྲོད་དུ་གཡུག་རྒྱུ་ཡིན་ཟེར། ངས་སྐབས་དེར་མེ་མདའ་འདི་ཁྱོད་ཚོ་བོད་པ་ཚོ་གསོད་པར་བཟོས་པ་རེད། ཁྱོད་ཚོས་ཁ་མ་ཉན་ན་བསད་ནས་རོ་གད་སྙིགས་ཁྲོད་དུ་གཡུག་ཀྱང་སུ་གཅིག་གིས་མི་ཤེས་ཟེར་པའི་སྐད་ཆ་དེ་ཐོས་ཚེ། ངའི་མགོ་ལ་མེ་མདའ་བཙུགས་པ་དེར་སྐྲག་སྣང་མ་བྱུང་རུང༌། ཁོང་རྒྱལ་ཁབ་ཀྱི་ཉེན་རྟོག་པ་ཞིག་ཡིན་པ་དང་དམག་མི་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་འཛིན་པ་ཞིག་གིས་ང་ཚོ་མི་སེར་དཀྱུས་མའི་མགོ་ལ་མེ་མདའ་བཙུགས་ནས་སྐད་ཆ་དེ་བཤད་པར་བརྟེན། ངའི་སྙིང་དུམ་བུ་གཉིས་སུ་བཤགས་པ་ལྟ་བུའི་སྡུག་བསྔལ་ཞིག་བྱུང༌། འདི་ནི་མི་རིགས་ཆེན་པོ་ཞིག་གིས་མི་རིགས་ཉམ་ཆུང་ཞིག་ལ་ཐུབ་ཚོད་དང་དྲག་གནོན། རྒྱལ་ཁབ་ཆེན་པོ་ཞིག་གིས་མི་རིགས་ཉམ་ཆུང་ཞིག་ལ་དྲག་གནོན་བྱེད་པར་མཚོན་ཆ་བཟོ་གི་ཡོད་པ་དང༌། ཁོང་ཚོས་ཆུང་ས་ཞིག་ཏུ་འདི་འདྲ་བྱེད་ཀྱི་ཡོད་ཚེ། ཆེ་ས་ཞིག་ཏུ་ང་ཚོར་དེ་ལས་སྡུག་པ་ཞིག་བྱེད་ཀྱི་ཡོད་པ་བརྗོད་མི་དགོས་པ་རེད། བོད་པ་ཚོར་དྲག་གནོན་དང་དམར་གསོད། ཁོང་ཚོས་མཚོན་ཆ་གཏད་ནས་སྐད་ཆ་དེ་འདྲ་བཤད་ཐུབ་པ་དེར་ང་ཧ་ལས་སོང༌། ང་ཚོ་བོད་པ་ཚོ་བསད་ནས་རོ་གད་སྙིགས་ལ་གཡུག་ཀྱང་བདག་པོ་མེད། གཞན་གྱིས་མི་ཤེས་ཟེར། ང་ཚོར་ཁྱི་དང་ཕག་པའི་མཐོང་ཡང་མི་འཇོག མི་གཞན་གྱི་ཁྱི་དང་ཕག་པ་བསད་ཀྱང་བདག་པོ་ཡོད། ང་ཚོ་བོད་པ་བསད་ན་བདག་པོ་མེད་དོན་ཅི་ཡིན་ནམ། ང་ཚོར་རང་མིའི་ཕུང་པོ་ལའང་བདག་པོ་བརྒྱབ་མི་ཆོག་ཟེར༌། དེ་དུས་ང་ལ་མི་རིགས་འདྲ་མཉམ་མེད་པའི་ལྟ་ཚུལ་ཞིག་སླེབས།

ཁོང་ཚོས་ང་ལ་སྐད་ཆ་མང་པོ་ཞིག་དྲིས་པའི་གཅིག་ནི། ཁྱོད་ལ་ཏཱ་ལའི་བླ་མས་ངན་སྐུལ་བྱས་པ་ཡིན་ནམ། ད་ལྟའི་འཕྲོག་སྲེག་གཏོར་བཅོམ་དེ་ཏཱ་ལའི་བླ་མས་ངན་སྐུལ་བྱས་པ་ཡིན་ནམ། ཁྱོད་ལ་ཏཱ་ལའི་བླ་མར་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས། ང་ལ་མཚོན་ན་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན། ཏཱ་ལའི་བླ་མ་ང་རང་གི་སྲོག་དང་སྙིང༌། རྣམ་ཤེས་ལྟ་བུ་ཞིག་ཡིན། བོད་མི་ས་ཡ་དྲུག་ལ་མཚོན་ན་རྒྱལ་བ་རིན་པོ་ཆེ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རེད། ཁོང་གིས་འཛམ་གླིང་ཞི་བདེ་ལ་མཛད་རྗེས་བཞག ཁོང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་རེད། རྒྱལ་བ་རིན་པོ་ཆེས་འཚེ་བ་མེད་པའི་ལམ་ཞིག་བསྐྲུན་ཡོད། ད་རེས་ཀྱི་འཕྲོག་སྲེག་གཏོར་བཅོམ་རྣམས་ཏཱ་ལའི་བླ་མས་གོ་སྒྲིག་བྱས་པ་རེད་ཟེར་པ་དེར་ང་གཏན་ནས་ངོས་ལེན་མེད། ཏཱ་ལའི་བླ་མས་དེ་འདྲ་ཞིག་གསུང་གི་མ་རེད། ང་གྲྭ་བ་གྲྭ་རྐྱང་ཞིག་གིས་ཀྱང་ཡོད་ཚད་ཐམས་ཅད་སྲེག་པ་དང་བཅོམ་པ། འཕྲོག་དགོས་ཞེས་ངན་སྐུལ་བྱེད་མི་ཐུབ། སྐྱབས་མགོན་རིན་པོ་ཆེ་བོད་མི་ས་ཡ་དྲུག་གི་རྣམ་ཤེས་ལྟ་བུ་ཞིག་ཡིན། ང་ཚོ་སྐྱབས་མགོན་རིན་པོ་ཆེར་ཁ་འབྲལ་ཐབས་མེད། ང་ཚོ་ལོ་རྒྱུས་ཐོག་ཏུ་རྒྱལ་བ་རིན་པོ་ཆེར་བླ་སློབ་ཀྱི་འབྲེལ་བ་ཡོད། ད་དུང་ཡང་བླ་སློབ་ཀྱི་འབྲེལ་བ་འཛིན་དགོས། ང་ཚོ་སྐྱབས་མགོན་རིན་པོ་ཆེར་དད་པ་རྩེ་གཅིག་ཡོད་ཅེས་ང་ལ་ལྟ་ཚུལ་ཅི་ཡོད་ལན་བཏབས།

ང་ཚོ་ལྟ་རྟོག་ཁང་དེར་ཉིན་ཤས་བཀག་པའི་རྗེས་སུ་བཙོན་ཁང་ལ་ཁྲིད། བཙོན་ཁང་དུ་རྒྱ་སྐད་ཀྱི་གཅིག་གཉིས་གསུམ་ཞེས་པའི་གྲངས་ཚིག་དེ་མ་གོ་ཚེ། ཁྱོད་ཚོ་དུད་འགྲོ་རེད། ཁྱོད་ཚོ་བླུན་པོ་རེད་ཅེས་མདའི་ཞབས་ཀྱིས་རྡུང་རྡེག་གཏོང། ང་ཚོར་རྡུང་རྡེག་གཏོང་དོན་ཅི་ཡིན་ཞེས་དྲིས་ཚེ། ཁྱོད་ཚོས་རྒྱ་སྐད་མ་ཤེས་པས་རེད་ཅེས་སྡིགས་སྨོད་བྱེད། འོ་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་མི་རིགས་ས་གནས་རངསྐྱོང་དང་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་བྱེད་དགོས་པ་དང༌། ས་གནས་མི་རིགས་དེར་དབང་ཆ་འཛིན་པའི་ཐོབ་ཐང་སྤྲོད་དགོས་ཞེས་འཁོད་ཡོད། བོད་ཀྱི་ས་ཐོག་ཏུ་བོད་ཡིག་བོད་སྐད་མ་བཀོལ་པར་རྒྱ་ཡིག་རྒྱ་སྐད་མི་ཤེས་པ་ཚོ་དུད་འགྲོ་རེད། བླུན་པོ་རེད་ཅེས་རྡུང་རྡེག་བཏང་ནས་ཉལ་སར་ལྷུང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། གྲྭ་བ་ལའང་དཀར་ནག་གི་དབྱེ་བ་དང་ལོ་ན་རྒན་གཞོན་གྱི་ཁྱད་པར་མེད། དཔེར་ན་གྲྭ་བ་ཆུང་བ་ལོ་བཅུ་བཞི་བཅོ་ལྔ་ཅན་དང༌། རྒན་པ་ལོ་ན་དྲུག་ཅུ་བདུན་ཅུ་ཅན་རྣམས་བཟུང༌། ངོ་རྒོལ་ལས་འགུལ་ལ་ཞུགས་ཡོད་མེད་ཀྱི་ཁྱད་པར་མེད༌། ང་ཚོའི་ལུས་ལ་གྱོན་གོས་དང་རྐང་པར་ལྷམ་མེད། གྲྭ་བ་གཉིས་རེར་ལག་ལྕགས་གཅིག་བརྒྱབ་ནས་རླངས་འཁོར་ནང་དུ་བརྫངས། ཁོང་ཚོ་རླངས་འཁོར་ཐོག་ནས་འབུད་ཤིང་ལྟར་གཡུག མི་ཁག་ཅིག་གི་མགོ་རྨས་པ་དང་མི་ཁག་ཅིག་གི་ལག་པ་ཆག་ཀྱང་བཙོན་དུ་བཅུག ཁོང་ཚོར་ཟ་རྒྱུ་དང་གྱོན་གོས། ཉལ་ཆས་སྤྲོད་དུ་མི་འཇུག་པ་དང༌། ང་ཚོས་འཁྱག་སྒོམ་དང་ལུས་དྲོད་ཀྱིས་འཚོ་ཐབས་བྱས་ཤིང༌། ང་ཚོར་རྡུང་རྡེག་དེ་འདྲ་ཞིག་བཏང་བ་ང་ཚོ་བོད་པ་ཡིན་པ་ཁོ་ནས་ཡིན། འདི་ལ་ང་ཚོ་ཡིད་སེམས་ཤིན་ཏུ་སྐྱོ། ང་ཚོ་ཀ་ཆུའི་བཙོན་ཁང་དུ་ཁྲིད༌། བཙོན་པ་ཚང་མ་རྒྱ་དང་ཁ་ཆེ་རེད། བོད་པའི་བཙོན་པ་ང་ཚོ་གཅིག་པུ་རེད། ང་ཚོས་ཉིན་ལྟར་རྐང་རྗེན་ལ་གཅིན་སྐྱག་དབོར་དགོས་པ་དང་ཞ་ལ་བཀྲུ་དགོས་པ། བཙོན་ཁང་དུ་ང་ཚོའི་ལུས་ཀྱི་གྲྭ་ཆས་བཤུས་ནས་སྐྱ་ཆས་དམ་པོ་ཞིག་བཙན་གྱིས་གཡོགས། ང་ནང་པ་སངས་རྒྱས་པའི་ཆོས་ལུགས་པ་ཞིག་དང་གྲྭ་བ་ཞིག་ཡིན། རང་གི་ལུས་ལ་གོན་པའི་གཟན་ཤམ་བཤུས་ནས་སྐྱ་ཆས་གཡོགས་པ་དང༌། ངའི་རྐང་པར་ལྷམ་མེད་པར་ལག་ལྕགས་བརྒྱབ་ནས་མོ་ཊའི་ནང་དུ་ཁྲིད་པ་ཧ་ཅང་མཐོང་ཆུང་དང་དམའ་འབེབས་ཤིག་རེད། བཙོན་ཁང་དུ་ཟ་འཐུང་སྐྱོ་བ་དང་གྱོན་གོས་མེད་པ། ཐ་ན་གདོང་པ་བཀྲུ་བར་ཨ་ཅོལ་ཞིག་ཀྱང་མེད།

ང་ལ་ཟླ་བ་གཅིག་གི་རིང་དེར་ཉིན་མཚན་མང་པོར་ལག་ལྕགས་བརྒྱབ་ནས་བཞག ད་དུང་ང་ལ་ཁྱོད་ཕྱི་ལོག་གི་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ། ཨཀྱ་རིན་པོ་ཆེ་ལ་འབྲེལ་བ་འདུག ཁྱོད་ཀྱིས་ཕྱི་ལ་འབྲེལ་བ་ཡོད་པ་ཁས་ལེན་བྱེད་དགོས། ཁྱོད་ནང་ལོག་གི་ཤེས་ཡོན་ཅན་དང་དགེ་བའི་བཤེས་གཉེན་རྣམས་ལའང་འབྲེལ་བ་འདུག ཁྱོད་ཀྱིས་ནང་ཁུལ་དུ་བྱ་བ་ཅི་ཞིག་བསྒྲུབས་ཀྱང་ནུས་པ་ཐོན། ཁྱོད་ཚོགས་པ་འཛུགས་མཁན་གྱི་འགོ་ཁྲིད་རེད། ཁྱོད་ཀྱིས་ཞིང་ཆེན་མང་པོར་ཁ་པར་བཏང་ནས་ལས་དོན་ཅི་ཞིག་བསྒྲུབས་པ་ཡིན། བོད་ཀྱི་རྒྱལ་དར་གང་དུ་དཔར་པ་ཡིན། གྲངས་ཀ་ཅི་ཙམ་དཔར་པ་ཡིན། ཚོགས་པ་དེར་ཚོགས་མི་ཅི་ཙམ་ཡོད། ཁྱོད་ཀྱིས་ནག་ཉེས་དེ་ཚོ་ཁས་ལེན་མི་བྱེད་ཀ་མེད་ཡིན་ཞེས་རྐང་པ་ས་ལ་མ་ཐུག་པར་ཆུ་ཚོད་འགའ་ཞིག་ལ་ལག་པ་གནམ་ཐག་བརྒྱབ། ངའི་གདོང་པ་དང་བྲང་ཁོག སྟོད་སྒལ་སོགས་ལ་ཁུ་ཚུར་གཞུས། འདི་ནི་མི་ཞིག་གིས་མི་གཞན་ཞིག་ལ་རྡུང་རྡེག་གཏོང་གི་ཡོད་པ་ལྟ་བུ་ཞིག་མིན་པར་ཁྱི་དང་ཕག་པར་རྡུང་གི་ཡོད་པ་ལྟ་བུ་ཞིག་ཡིན། མཐའ་མར་ང་དྲན་པ་ཐོར་ནས་སྨན་ཁང་དུ་འཁྱེར་འདུག སྨན་ཁང་དུ་དྲན་པ་སོས་རྗེས་སླར་ཡང་ལྟ་རྟོག་ཁང་ལ་ཁྲིད་ནས་གཅར་རྡུང་བྱེད་ཅིང་གནམ་ཐག་བརྒྱབ། ང་སྐྱར་དུ་དྲན་པ་ཐོར་ནས་སྨན་ཁང་ལ་འཁྱེར། ང་ལ་ཉི་མ་གཉིས་ཀྱི་རིང་ལྟ་རྟོག་ཁང་དུ་རྡུང་རྡེག་བསྟུད་མུར་བཏང་ནས་ཁ་ལ་ཟས་དང་ཆུ་ཐིགས་པ་ཞིག་མེད། ངའི་ཕོ་བ་དང་བྲང་ཁོག་ལ་ན་ཟུག་བརྒྱབ། ང་ཉི་མ་དྲུག་གི་རིང་དེར་སྨན་ཁང་དུ་དྲན་པ་མ་སོས་པ་དང་མིག་ཕྱེ་མ་ཐུབ་པ། ཁ་གྲགས་མ་ཐུབ་པར་ལུས། མཐའ་མཇུག་ང་འཆི་གྲབས་ཡོད་པའི་སྐབས་དེར་ནང་མིར་རྩིས་སྤྲོད་བྱས་ཀྱང༌། ཁོང་ཚོས་ཞིང་ཆེན་གྱི་འགོ་ཁྲིད་ཚོར་མི་འདིར་རྡུང་རྡེག་བཏང་མེད་ཅེས་རྫུན་བཤད་པ་དང༌། ངའི་ནང་མི་ཚོར་ཡང་ང་ལ་རྡུང་རྡེག་བཏང་མེད་ཅེས་རྫུན་བཤད། ང་ལའང་རྡུང་རྡེག་བཏང་མ་སོང་ཞེས་ཡི་གེ་ཞིག་ལ་མཛུབ་ཐེལ་བརྒྱབ་ཏུ་བཅུག ངས་ཉི་མ་ཉི་ཤུ་ཙམ་ལ་སྨན་ཁང་དུ་རྒྱ་སྒོར་ཁྲི་ཚོ་གཉིས་ལྷག་འགྲོ་གྲོན་བཏང་ནས་སྨན་བཅོས་བྱས།

ང་དགོན་པར་ཕྱིར་ལོག་བྱས་དུས་གྲོགས་པ་ཚོས་དགོན་པའི་གྲྭ་བ་ ༡༨༠ ཙམ་འཛིན་བཟུང་བྱས་སོང་ཟེར། གྲྭ་བ་ཚོར་ནག་ཉེས་གང་ཡང་མེད། ང་ཚོའི་དགེ་བསྐོས་གཉིས་དང་བླ་མ་གཞུང་ལས་པའང་བཟུང༌། ཁོང་ཚོར་མཚན་ལ་རྐང་རྩེ་བཙུགས་ནས་བསྡད་བཅུག་པ་དང་སྟོད་སྒལ་ལ་མེ་མདའི་ཞབས་ཀྱིས་གཞུས། འཇིང་པར་རྡོག་རྫིས་བཏང་ནས་ལག་འཛིན་ཁ་པར་གྱིས་བརྙན་པར་བརྒྱབ། དམག་དང་ཉེན་རྟོག་པས་གྲྭ་ཤག་གི་སྐུ་འདྲ་དང་དངུལ་སྒོར། གྲྭ་བའི་ཅ་ལག་དང་ཤ། ཟ་རྒྱུ་ལ་སོགས་པ་རྐུ་འཁྱེར་བྱས་པ་དེ་ལ་བལྟས་ཚེ། འཕྲོག་བཅོམ་བྱེད་མཁན་དང་མི་གསོད་མཁན་ངོ་མ་དེ་གུན་ཁྲན་ཏང་གི་དམག་མི་རེད། ཁོང་ཚོས་ཁྲིམས་འགལ་བྱས་པ་དང་ང་ཚོ་འཛིན་བཟུང༌། ང་ཚོར་རྡུང་རྡེག་དང་མནར་གཅོད། ཁོང་ཚོས་བོད་པ་དམར་གསོད་བྱེད་ཀྱི་ཡོད་རུང༌། ད་དུང་ང་ཚོ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ལ་ཉན་ནས་མི་མང་ལ་ངན་སྐུལ་དང་ཟིང་འཁྲུག་བསླངས་པ་རེད་ཅེས་ནག་ཉེས་འཛུགས། དངོས་གནས་མི་རིགས་འདྲ་མཉམ་དང་སྨྲ་བརྗོད་རང་དབང་ཡོད་པ། དངོས་གནས་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་ཚེ། ང་ཚོའི་སེམས་ཁོང་ནས་དད་པ་བྱེད་ས་དེར་དད་པ་བྱེད་མི་ཆོག་པ་དང་སྐྱབས་འཇུག་ཞུ་མི་ཆོག་པ། ང་ཚོའི་མིག་གིས་མཐོང་སར་རྒྱལ་བ་རིན་པོ་ཆེའི་སྐུ་པར་ལ་རྡོག་རྫི་དང༌། སྐུ་པར་གྱི་ཤེལ་སྒྲོམ་ལ་མེ་མདའི་ཞབས་གཞུས་ནས་གཅོག་པ། སྐུ་པར་རྩབ་ཧྲལ་བཏང་ནས་མེར་སྲེག ང་ཚོ་བོད་པ་ཞིག་དང་ཆོས་ལུགས་པ་ཞིག་ལ་མཚོན་ན། རང་གི་སེམས་གཏིང་གི་དད་པ་བྱེད་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ལ་རྐང་བཅག་བྱས་པ་དང༌། སྐུ་པར་རྩབ་ཧྲལ་བཏང་བ་དེར་དངུལ་སྒོར་གྱིས་ནམ་ཡང་རིན་ཐང་གཞལ་མི་ཐུབ་པར་སྙམ། བོད་པ་ཚོས་ཤེལ་སྒོ་ཁག་འགའ་ཞིག་བཅག་པར་སྒོར་མོ་དུང་ཕྱུར་མང་པོ་གྱོང་གུད་ཕོག་སོང་ཟེར་གྱི་ཡོད་ན། ང་ཚོའི་སེམས་ནས་དད་པ་བྱེད་ས་བླ་མ་དེའི་སྐུ་པར་ལ་རྐང་རྫི་བྱས་པར་དངུལ་སྒོར་གྱིས་རིན་ཐང་ཇི་ལྟར་གཞལ། གྲྭ་བ་ཚོར་རྡུང་རྡེག་རབ་དང་རིམ་པ་བཏང་བ་མ་ཟད། གསར་འགོད་པར་སྐད་ཆ་བཤད་མཁན་བླ་བྲང་གི་གྲྭ་བ་ཞིག་ལ་རྒྱུག་རྡུང་བྱས་ནས་བརླ་རྐང་བཅག མི་ལ་ལའི་མགོ་དང་ཁའི་ནང་ལ་གློག་རྒྱུག་གཞུས། མི་དེ་ཚོའི་ལུས་ལ་གློག་བཏང་ནས་ཀླད་པར་སྐྱོན་ཕོག མི་དེ་ཚོ་རིག་འཚོ་མི་ཟིན་པར་གྱུར། ང་ཚོས་དེ་ལྟ་བུའི་མནར་གཅོད་མྱངས།

ང་ཚོའི་རེ་བ་ཆེ་ཤོས་དེ་རྒྱལ་སྤྱིའི་གསར་འགོད་པ་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་པ་བོད་ལ་ཕེབས་རྒྱུ། ཁོང་ཚོས་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱེད་རྒྱུ་དང༌། ཞིབ་འཇུག་བྱས་ནས་བཤད་ཐུབ་རྒྱུ་ང་ཚོའི་རེ་བ་གཙོ་བོ་ཡིན། རྒྱ་ནག་གིས་ང་ཚོར་ཁྲིམས་འགལ་བྱས་སོང་ཞེས་གཅར་རྡུང་དང་འཛིན་བཟུང༌། ད་དུང་མི་མང་པོ་ཞིག་བསད་པ་དང༌། མི་མང་པོ་ཞིག་རི་ལ་བྲོས་ནས་ཕྱིར་རང་ཁྱིམ་དུ་ཕྱིར་ལོག་བྱེད་ཐུབ་མེད། འཛམ་གླིང་གི་གསར་འགོད་པ་ཚོས་གནས་ཚུལ་འདི་ཚོར་རྒྱུས་ལོན་བྱས་ནས་བསྒྲགས་ན་ཕན་ཐོགས་ཆེ། ང་ཚོར་རྒྱལ་བ་རིན་པོ་ཆེས་ངན་སྐུལ་བྱས་པ་ཡིན་མིན་དང༌། རྒྱལ་བ་རིན་པོ་ཆེས་ང་ཚོར་རང་བཙན་བྱོས་ཞེས་གསུངས་ཡོད་མེད། རྒྱལ་བ་རིན་པོ་ཆེས་དེ་འདྲ་ཞིག་གཏན་ནས་གསུངས་མེད། ང་ཚོ་མང་པོ་ཞིག་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་དང༌། ཞི་བའི་གྲོས་མོལ་བརྒྱུད་ནས་བོད་དོན་ཐག་གཅོད་བྱེད་རྒྱུ་དེར་རྒྱབ་སྐྱོར་ཡོད། འོན་ཀྱང་ང་ཚོའི་ཐོག་ཏུ་དྲག་གནོན་ཆེན་པོ་ཞིག་བྱས་པར་སེམས་པ་སྐྱོ། དེ་རིང་ངས་གསར་འགོད་པ་བརྒྱུད་ནས་བོད་པ་བསད་པ་དང༌། ད་ལྟ་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པ། རི་ལ་བྲོས་ནས་རང་ཁྱིམ་དུ་ཕྱིར་ལོག་བྱེད་ཕོད་ཀྱི་མེད་པ་ཚོའི་དཀའ་ངལ་བདེན་དཔང་དང༌། འཛམ་གླིང་མི་མང་ལ་དྲང་བདེན་གྱི་སྒོ་ནས་ཁྱབ་བསྒྲགས་བྱེད་ཐུབ་པའི་རེ་བ་ཡོད།

ངའི་གྲྭ་ཤག་ལ་སྤྱི་བདེ་ལས་ཁང་དང་གསང་བའི་ལས་ཁང༌། ལས་དོན་རུ་ཁག་ཡོང་ནས་ང་ལ་ལྟ་རྟོག་བྱེད་པ་དང༌། ད་དུང་མི་གཅིག་ཆེད་དུ་བཞག་ནས་ང་ལ་ལྟ་རྟོག་བྱེད་ཀྱི་ཡོད། ང་ཕྱི་ལ་འགྲོ་མི་ཆོག་པ་དང་ཁ་པར་གཏོང་མི་ཆོག་པ། རྩ་ཁྲིམས་ཀྱི་དཔེ་དེབ་མཐུག་པོ་ཞིག་སློབ་སྦྱོང་བྱེད་དགོས་པ་དང༌། ང་ལ་རང་སྐྱོན་ངོས་ལེན་གྱི་ཡི་གེ་འབྲི་དགོས་ཟེར། ང་བཙོན་ཁང་དུ་བཅུག་མེད་པ་ཙམ་ལས་རང་དབང་ཅི་ཡང་མེད། དེང་སྐབས་ང་ཚོའི་ཐོག་ཏུ་ལས་འགུལ་རིམ་པ་ཞིག་སྤེལ་གྱི་ཡོད་པ་བླ་བྲང་གཅིག་པུ་དང་ཨ་མདོ་གཅིག་པུ་མིན། འདི་ནི་མདོ་དབུས་ཁམས་གསུམ་ལ་འབྱུང་བཞིན་ཡོད། བོད་པ་མང་པོ་ཞིག་དམར་གསོད་བྱས་པ་དང༌། མི་མང་པོ་ཞིག་ལ་དྲག་གནོན་དང་འཛིན་བཟུང༌། ང་ཚོས་གོ་ཐོས་ལ་བོད་པ་ ༢༠༠ ལྷག་བསད་པ་དང་མི་སྟོང་ཕྲག་འགའ་ཞིག་འཛིན་བཟུང་བྱས་འདུག་ཟེར། ད་དུང་ཡང་འཛིན་བཟུང་དང་གཅར་རྡུང་བྱེད་རྒྱུ་མཚམས་ཆད་མེད། ང་ཚོར་གསར་འགྱུར་གྱི་བརྒྱུད་ལམ་བཀག གསར་འགྱུར་ལ་བལྟ་མི་ཆོག་པ་དང་བརྙན་འཕྲིན་གྱི་སླང་སྡེར་འཛུགས་མི་ཆོག་པ། ཨ་རི་དང་ཕྱི་རྒྱལ་གྱི་གསར་འགྱུར་ལ་ལྟ་ཉན་བྱེད་མི་ཆོག་པ། ང་ཚོར་རྒྱལ་ནང་གི་གསར་འགྱུར་དང་བརྙན་འཕྲིན་ལ་བལྟ་དགོས་ཟེར་པ་དང༌། ཕྱི་རྒྱལ་གྱི་སྐད་ཆར་ཉན་མི་ཆོག ཕྱི་རྒྱལ་ལ་སྐད་ཆ་བཤད་མི་ཆོག་ཟེར། དེར་བརྟེན་སྨྲ་བརྗོད་རང་དབང་གང་དུ་ཡོད། ཆོས་ལུགས་དད་མོས་ཀྱི་རང་དབང་གང་དུ་ཡོད་དམ། བོད་མི་མང་གི་དཀའ་ངལ་སྣ་ཚོགས་ཤིག་མྱོང་བཞིན་ཡོད། ང་སྒེར་ལ་མཚོན་ན་བླ་བྲང་དགོན་པའི་གྲྭ་བ་ཞིག་དང༌། ད་ལོ་འཛིན་བཟུང་བྱས་པའི་མི་ཞིག་ཡིན། ངས་ཁོང་ཚོའི་གདོང་ལ་བལྟས་ནས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད། ཁྱོད་ཚོས་ང་བསད་ན་ཚར་པ་རེད། གལ་ཏེ་ང་ཕྱི་ལ་ཐར་ནས་སྐད་ཆ་ཞིག་བཤད་ཐུབ་པའི་གོ་སྐབས་བྱུང་ཚེ། ང་རང་གིས་མནར་གཅོད་ཇི་ལྟར་མྱངས་པ་དང༌། གྲོགས་པོ་ཚོའི་མགོ་ལ་སྡུག་ཅི་ཙམ་ཡོང་བ་རྣམས་འཛམ་གླིང་མི་མང་ལ་བདེན་དཔང་བྱེད་རྒྱུ་དང༌། ངས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞེས་བཤད་ཡོད། ང་གློད་གྲོལ་གཏོང་དུས་ཀྱང་རྡུང་རྡེག་བཏང་སོང་ཟེར་མི་ཆོག ཕྱི་ལ་འབྲེལ་བ་བྱེད་མི་ཆོག་ཅེས་ཉེན་བརྡ་བཏང་མོད། འོན་ཀྱང་ང་རང་གིས་མནར་གཅོད་མྱངས་པ་དང་གྲོགས་པ་ཚོས་གདུག་རྩུབ་མྱངས་པ་རྣམས་མ་བཤད་པར་སྡོད་ཐབས་བྲལ། ངས་དེ་རིང་བཤད་དགོས་པའི་རྒྱུ་མཚན་ཡང་དེ་ཡིན།

ད་དུང་བོད་ཀྱི་ས་གནས་ཁག་ཏུ་དམ་དྲག་དང༌། བོད་པ་ཚོར་འགྲིམ་འགྲུལ་བཀག དེང་སྐབས་ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་ཀྱང་ང་ཚོར་བལྟ་ཆོག་པའི་གོ་སྐབས་མི་སྤྲོད། ང་ཚོ་པེ་ཅིང་དང་ལན་ཀྲུག་ལ་འགྲོ་མི་ཆོག་པ་དང༌། ང་ཚོ་རང་གི་ས་གནས་ནས་ཀྱང་ཕྱི་ལ་ཐོན་དུ་འཇུག་གི་མེད། ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་ཀྱང་ང་ཚོས་ཚོང་བརྒྱབ་མི་ཆོག་པ་དང་ཆོས་བྱེད་མི་ཆོག་པ། རྟ་རྒྱུག་འགྲན་བསྡུར་ཚོགས་མི་ཆོག་པ་དང་དགོན་པའི་འཆམ་འཁྲབ་མི་ཆོག་པ། བོད་མིའི་སྲོལ་རྒྱུན་འཚོ་བའི་ནང་གི་བྱེད་སྒོ་སྣ་མང་ཞིག་སྤེལ་དུ་འཇུག་གི་མེད། ས་གནས་རེ་རེ་བཞིན་དམག་གིས་བསྐོར། བླ་བྲང་གི་རྩ་ཐང་ལས་ཁུངས་ཀྱི་ར་དེར་རྩ་ཡིས་བཟོས་པའི་འབག་སོབ་དེ་ཚོར་བོད་ཆས་གཡོགས། བོད་ཆས་གཡོགས་པའི་འབག་སོབ་དེ་ཚོར་རྒྱ་དམག་གིས་སོད་ཅེས་དྲག་རྩལ་སྦྱོང་གི་ཡོད། ཁོང་ཚོའི་དགྲ་བོ་དེ་བོད་མི་རིགས་དང་གཟན་ཤམ་གྱོན་པའི་གྲྭ་བ་རྣམས་ཡིན། བོད་པ་འཛིན་བཟུང་བྱེད་ཀྱི་ཡོད་པ་ཚོ་ངོ་རྒོལ་ལས་འགུལ་ལ་ཞུགས་པ་ཤ་སྟག་མིན། ཁོང་ཚོས་ཅིའི་ཕྱིར་བོད་ཆས་གཡོགས་པའི་འབག་སོབ་ལ་མེ་མདའི་རྩེ་གྲི་བཙུགས་ནས་དྲག་རྩལ་སྦྱོང་གི་ཡོད་དམ། བོད་མི་རིགས་འདི་དགྲ་རུ་བཟུང་བའི་སྡུག་བསྔལ་མྱོང་གི་ཡོད་པ་གྲྭ་བ་གཅིག་པུ་མིན། བོད་པ་ལས་བྱེད་པ་དང་སློབ་མ། མི་མང་དཀྱུས་མའང་ཡོད། སྲིད་གཞུང་ཆེན་པོ་དང་རྒྱལ་ཁབ་ཆེན་པོ། མི་རིགས་ཆེན་པོ་ཞིག་གིས་བོད་པ་ལྟ་བུའི་མི་རིགས་ཆུང་ཆུང་དང༌། མི་རིགས་ཉམ་ཆུང་ཞིག་གི་ཐོག་ཏུ་མཚོན་ཆ་བཀོལ་པ་དང་ལྕགས་འཁྲབ་འཁོར་ལོ་གཏོང་བ། ང་ཚོའི་ཐོག་ཏུ་མེ་སྒྱོགས་བཙུགས་པ་དང༌། རྒྱ་དམག་ཁྲི་སྟོང་མང་པོས་ང་ཚོ་མཐའ་བསྐོར། བོད་པ་ཁ་ལ་མི་ཉན་པ་ཚོ་གསོད་དགོས་ཟེར།

དུས་རབས་ཉེར་གཅིག་པ་འདིར་འཛམ་གླིང་མི་མང་རྣམས་ཞི་བདེའི་ལམ་ཏུ་སྐྱོད་བཞིན་ཡོད། ཞི་བདེར་དགའ་བའི་མི་མང་དང༌། དྲང་བདེན་ལ་རྒྱབ་སྐྱོར་བྱེད་པའི་མི་ཚོས་རྒྱ་ནག་གིས་གསར་འགོད་པ་འགོག་ཅིང༌། གསར་འགོད་པར་རྡུང་གི་ཡོད་པ་ཐེར་འདོན་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་བོད་ནང་གི་གནས་ཚུལ་ངོ་མ་རྒྱུས་ལེན་ཐུབ་ཚེ། རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ། བོད་པ་དམར་གསོད་བྱེད་ཀྱི་ཡོད་པ་མཚམས་འཇོག་ཐུབ་པ་དང༌། བོད་པ་འཛིན་བཟུང་བྱེད་རྒྱུའང་མཚམས་འཇོག་བྱེད་དུ་འཇུག་ཐུབ། ད་དུང་རི་ལ་སྐུང་ཡོད་པ་རྣམས་རང་ཁྱིམ་ལ་ཕྱིར་ལོག་བྱེད་དུ་འཇུག་རྒྱུ་དང༌། རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ལ་གྲོས་མོལ་བྱེད་རྒྱུ་དང༌། བོད་དོན་འདི་རྒྱ་བོད་གཉིས་ཕན་གྱི་སྒོ་ནས་འགྲིགས་མཐུན་ཡོང་རྒྱུ། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ནི། གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་རེ་བ་དང་འདོད་པ་ཡིན། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུས་པ་དང༌། བོད་རྒྱ་གཉིས་གྲོས་མཐུན་གྱི་སྒོ་ནས་གནད་དོན་ཐག་ཆོད་ཚེ། ཞི་བདེ་མི་ཡོང་དོན་གང་ཡང་མེད། ང་ཚོས་བློ་རྩེ་གཏོད་ས་རྒྱལ་བ་པཎ་ཆེན་གཉིས་ཡིན། རྒྱལ་བ་པཎ་ཆེན་གཉིས་མར་ལ་ཕུད་ན། ང་ཚོ་བོད་མི་ས་ཡ་དྲུག་ལ་མཐུན་སྒྲིལ་ཡོང་ས་གཏན་ནས་མེད།།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. བསྟན་འཛིན་སྐལ་བཟང་། says:
    ལོ་ 18 སྔོན།

    thats really very sad and angnry but we should change our angry into positive way. No matter how Chinese crual to us we should unit respect our government. One day we shall have chance to stand up and sing a freedom song because Chinese have to change their politic as it is not a act of human.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese