བོད་ནས་རྒྱ་གར་ནང་གི་འབྲེལ་ཡོད་མི་སྣར་ཁ་པར་བརྒྱུད་གནས་ཚུལ་བརྗོད་པ་ལྟར་ན། ཁམས་ཏྲེ་ཧོར་བྲག་མགོ་རྫོང་རྦ་དྭགས་བཙུན་དགོན་གླིང་གི་བཙུན་མ་གཉིས་ལ་ཁྲིམས་ཐག་བཅད་ཡོད་པ་དང་། བཙུན་མ་གཞན་ཞིག་བཙོན་ནས་གྲོངས་ཡོད་འདུག
༢༠༠༨ ལོའི་ཕྱི་ཟླ་ ༦ པར་རྦ་དྭགས་བཙུན་དགོན་གླིང་གི་བཙུན་མ་ཚོས་ཞི་བའུ་གྱེན་ལངས་བྱས་སྐབས་རང་ལོ་ ༣༧ ཡིན་པ་སྐྱ་ར་ཚང་བཙུན་མ་ཨུ་རྒྱན་ལྷ་མོ་དང་། རང་ལོ་ ༢༧ ཡིན་པ་ཚེ་རིང་འཚོ། བྲག་མགོ་སྨད་ཕྱོགས་ཀྱི་གྲོང་སྡེ་གཞི་མདའ་བཙུན་མ་གུ་རུ་སྐྱབས་བཅས་འཛིན་བཟུང་བྱས་ཏེ་ད་བར་ཟླ་བ་ ༣ འགོར་ཡོད་པ་རེད། ཟླ་འདིའི་ཚེས་ ༡༧ ཉིན་སྐྱ་ར་ཚང་ཚེ་རིང་འཚོ་དང་ཨུ་རྒྱན་ལྷ་མོ་གཉིས་ལ་ལོ་གཉིས་རེའི་ཁྲིམས་ཐག་བཅད་ཡོད་པ་དང་། གུ་རུ་སྐྱབས་འདས་གྲོངས་སུ་ཕྱིན་ཚུལ་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་ཡོད་པ་རེད།
བཙུན་མ་གུ་རུ་གྲོངས་རྐྱེན་ནི་བཙོན་ཁང་ནས་རང་སྲོག་བཅད་པ་རེད་ཅེས་རྫུན་གཏམ་སྤེལ་ཡོད་ཀྱང་། དོན་དངོས་ཐོག་སྤྱི་ཟླ་ ༦ པའི་ཚེས་ ༨ ཉིན་དྲག་ཆས་ཉེན་རྟོག་པས་རྫོང་གི་ཉེ་འདབས་མགོ་བཅད་ཐང་ནས་བཙུན་མ་ཚོར་རྡུང་རྡེག་འཛིན་བཟུང་དང་། ལག་པ་རྒྱབ་ཏུ་བཀྱིག་ནས་བཙོན་ཁང་དུ་བཙན་འཁྲིད་བྱས་ཏེ་དེ་གར་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་ཐོག་བཙུན་མ་རེ་རེ་བཞིན་བཙན་གྱིས་རླངས་འཁོར་ཐོག་ནས་མར་གཡུག་སྐབས་བཙུན་མ་གུ་རུའི་དབུ་ལམ་དཀྱིལ་དུ་བརྡབ་སྐྱོན་གྱིས་ཀླད་ཁྲག་བསྲེས་ཏེ་ཉིན་དེ་རང་ལ་འདས་གྲོངས་སུ་ཕྱིན་ཡོད་ཀྱང་ཟླ་བ་གསུམ་གྱི་རིང་གནས་ཚུལ་དེ་གསང་བ་བྱས་འདུག
ཡང་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༦ པའི་ཚེས་ ༦ ཉིན་བྲག་འགོ་ལྗང་མདའ་གྲོང་ནས་ཡིན་པ་གྲྭ་ཚེ་དབང་གྲགས་པ་དང་། རྟའུ་ནས་ཡིན་པ་གྲྭ་ཐུབ་བསྟན་རྒྱ་མཚོ། མཚོ་སྔོན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ནས་ཡིན་པ་གྲྭ་བྱང་སེམས་ཉི་མ་བཅས་འཛིན་བཟུང་བྱས་ཏེ་ཟླ་བ་ ༣ ལྷག་ཕྱིན་ཡོད་ནའང་ད་དུང་ཁོང་ཚོར་ཁྲིམས་ཐག་བཅད་ཡོད་མེད་དང་། བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་མེད་པ་རེད།