བཀའ་ཟུར་རྣམ་པས་ད་སྐབས་ཀྱི་བོད་རྒྱའི་འབྲེལ་མོལ་འདི་གནས་སྐབས་མཚམས་འཇོག་གནང་སྟེ་ལོ་མཇུག་འདིར་འཚོགས་རྒྱུའི་ཚོགས་ཆེན་སྟེང་བོད་ཕྱོགས་ནས་གྲོས་མོལ་གནང་རྒྱུའི་སྲིད་བྱུས་གསར་བ་ཞིག་གཏན་འབེབ་གནང་ཕྱོགས་ཡོད་མེད་དགོངས་བཞེས་གནང་རོགས་ཞེས་རྒྱལ་བ་རིན་པོ་ཆེ་དང་བཀའ་ཤག་ལ་དགོངས་འཆར་ཕུལ་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་པ་རྣམས་ཉེ་ཆར་བཞུགས་སྒར་དུ་བདུན་ཕྲག་གཅིག་ཙམ་རིང་ཚོགས་འདུ་ཞིག་འཚོགས་ཏེ་བོད་དོན་སྐོར་གྲོས་མོལ་རིམ་པར་གནང་སྟེ། ཕྱི་ཚེས་ ༢༦ ཉིན་དགོངས་འཆར་དོན་ཚན་ ༡༠ འཁོད་པ་ཞིག་རྒྱལ་བ་རིན་པོ་ཆེ་དང་བཀའ་ཤག་བཅས་ལ་ཕུལ་ཡོད་པ་རེད།
བཀའ་ཟུར་རྣམ་པའི་དགོངས་འཆར་གྱི་ནང་བཀོད་དོན། འཆར་ཟླའི་ནང་བོད་རྒྱ་འབྲེལ་མོལ་གནང་རྒྱུའི་དགོངས་བབ་ཕྱོགས་གཉིས་ཀར་བྱུང་ཡོད་ཚོད་ལ་ད་དུང་ཡང་རྒྱ་ཕྱོགས་ནས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བསམ་ཡུལ་ལས་འདས་ཤིང་མཚམས་ཚིག་བརྒལ་བའི་སྐྱོན་བརྗོད་བྱེད་བཞིན་པ་དང་། ཐ་ན་རྒྱལ་བ་རིན་པོ་ཆེ་ལ་བོད་ཀྱི་འཐུས་ཚབ་བྱེད་པའི་ཐོབ་ཐང་མེད་ཟེར་བ་དང་། ཀྲུང་གོའི་ས་ཁོངས་བཞི་ཆ་གཅིག་ལ་བོད་ཆེན་པོའི་རང་སྐྱོང་དགོས་ཚུལ་ནི་ཡོང་ཐབས་མེད་ཅེས་སོགས་བརྗོད་ཀྱི་ཡོད་ལ། དོན་གནད་འདི་གཉིས་རྒྱ་ནག་གི་སྲིད་བྱུས་སམ་ལངས་ཕྱོགས་ཡིན་ཚེ་ད་དུང་མུ་མཐུད་བཀའ་མོལ་གནང་རྒྱུའི་གཞི་རྩ་གཏན་ནས་མེད་པ་ཞིག་མཐོང་སྟེ། གནས་སྐབས་མཚམས་འཇོག་གནང་བཞེས་ཡོང་བ་ཞུ་རྒྱུ་ཡིན་ཅེས་ ༢༠༠༢ ལོ་ནས་འགྲོ་བསྡད་པའི་འབྲེལ་མོལ་གྱི་རིམ་པ་འདི་གནས་སྐབས་མཚམས་འཇོག་རྒྱུའི་ཞུ་སྐུལ་གནང་ཡོད་པ་རེད།
དེ་བཞིན་བཀའ་ཤིག་གི་གསུང་འཕྲིན་ནང་བོད་རྒྱའི་བར་གྱི་འགལ་ཟླ་ནི་བྱུང་རབས་ལ་ལྟ་ཕྱོགས་དང་། བོད་རིགས་ཆིག་སྒྲིལ་སྐོར་ཡིན་ཞེས་འཁོད་པ་ལྟར། འབྱུང་འགྱུར་ཕྱི་ཟླ་ ༡༡ པའི་ནང་སླར་ཡང་གྲོས་མོལ་གནང་སྟེ་གོང་གསལ་དོན་གནད་གཉིས་ཐོག་རྒྱ་གཞུང་གིས་བསམ་ཞིབ་ཞུ་རྒྱུའི་གཞི་རྩ་ཡོད་ན་རབ་དང་། དེ་ལྟར་གཞི་རྩ་མ་གཟིགས་ཚེ་རང་རེས་འཛིན་པའི་གྲོས་མོལ་གནང་རྒྱུའི་སྲིད་བྱུས་གསར་པ་གསར་པ་ཞིག་གཏན་འབེབ་གནང་འགབ་མཆིས་མིན་དགོངས་བཞེས་ཡོང་བ་ཞེས་ལོ་མཇུག་གི་ཚོགས་ཆེན་སྟེང་སྲིད་བྱུས་གསར་པ་ཞིག་འདིང་ཐུབ་མིན་གྱི་དགོངས་ཚུལ་ཕུལ་ཡོད་པ་རེད།
བཀའ་ཟུར་རྣམ་པར་རྒྱུན་རིང་པོ་ནས་ཐུགས་འཚབ་ཡོད་པ་ཞིག་ནི་དབུ་མའི་ལམ་གྱི་དགོངས་དོན་དང་བཀའ་ཤག་གི་མི་རིགས་ས་ཁོངས་རང་སྐྱོང་གཉིས་ཀྱི་འགལ་བའི་སྐོར་ཡིན་ལ། ད་རེབ་ཀྱང་འདིའི་ཐད། བཀའ་ཤག་གི་གསལ་བསྒྲགས་སུ་དབུ་མའི་ལམ་གྱི་གོ་དོན་ལ་མཐའ་གཉིས་ལས་ལྡོག་སྟེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གནས་བབ་ཆ་ཚང་བ་ཞིག་བོད་རིགས་ཡོངས་ལ་ཐོབ་ཐབས་བྱ་རྒྱུ་དེ་དབུ་མའི་ལམ་གྱི་སྙིང་དོན་ཡིན་ཅེས་འཁོད་འདུག འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་དུ་གསལ་བའི་དབུ་མའི་ལམ་གྱི་དོན་གནད་ཐད་ད་ལྟའི་སྐབས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བ་ཞིག་ངེས་འདྲོང་མ་མཐོང་བས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བསྒྱུར་བཅོས་མ་སོང་བད་འདི་གཉིས་མཉམ་བསྲེས་ཡོང་ཐབས་མེད་པའི་རང་བཞིན་ཆགས་ཡོད་པར་ངོས་འཛིན་ཞུ་གི་ཡོད་ཅེས་ཞུས་ཡོད་པ་རེད།
བཀའ་ཟུར་རྣམ་པའི་དགོངས་འཆར་གྱི་ཁྲོད་དུ། རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་ཉིད་ཕྱེད་བགྲེས་ཡོལ་གྱི་དགོངས་བཞེས་ཐད་ལ་འགྱུར་བ་ཡོང་ཐབས་མེད་སྐོར་བཀའ་ཕེབས་པ་དེ་ནི་བཀའ་ཤག་གམ་གཞུང་འབྲེལ་གྱི་དགོངས་བཞེས་དང་འབྲེལ་བའི་མཛད་ཕྱོགས་ཅི་ཡིན་ད་བར་གསལ་བོ་ཞིག་མ་བྱུང་བ་དང་། གཞུང་འབྲེལ་གྱི་རྩ་འཛིན་གནང་ཐབས་མིན་ཚེ། ད་སྐབས་བོད་དོན་གཉན་འཕྲང་གི་སྐབས་འདིར་དེ་ལྟའི་བཀའ་ཡི་ཕེབས་སྒོ་མི་ཡོང་བ་ཞེས་དང་། ད་ལོའི་བོད་ནང་གི་དོན་རྐྱེན་དང་ད་ལྟའི་བོད་ནང་གི་གནས་སྟངས་བཅས་ད་ལྟའང་འཛམ་གླིང་མི་དམངས་ཀྱིས་ཇི་བཞིན་ཞིག་ཤེས་རྟོགས་ཐུབ་མེད་ན་དེ་ཤེས་ཐབས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་སྡེ་དང་། གསར་འགྱུར་ལས་རིགས་པ། གཟུར་གནས་སྐྱེ་བོ་བཅས་བོད་ནང་སྐྱོད་དེ་ཐབས་ཤེས་འབད་བརྩོན་གནང་རྒྱུ་དང་། བར་ལམ་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་མིའི་མངོན་འདོད་དམ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སྒྲོས་ཡོང་ཐབས་བྱ་རྒྱུ་མཚམས་འཇོག་གནང་བ་འདིར། ཆབ་སྲིད་ཀྱི་དགོས་ཕན་ཆེ་གཟིགས་ཡོད་པ་སྨྲོས་མེད་ཀྱང་། ཐབས་ལམ་འདི་མུ་མཐུད་མཛད་བཞེས་གང་འགབ་ཇི་དགེ་དགོངས་བཞེས་མཛད་ཕྱོགས་ཡོང་བ་ཞེས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རོགས་ཚོགས་ཁག འབྱོར་ལྡན་མི་སྣ་བཅས་ཀྱིས་ཁས་ལེན་ཞུས་པའི་རོགས་འཆར་རྣམ་གྲངས་དང་འབྲེལ་བོད་ནང་གཙོ་བོར་གྱུར་བའི་རྒྱ་གར་དང་། བལ་ཡུལ་སོགས་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་ནང་དཔལ་འབྱོར་མ་འཛུགས་དང་རོགས་རམ་ལས་འཆར་སྤེལ་རྒྱུ། རྒྱ་མིས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་མཚན་སྨོད་ཞུས་པ་དང་སྐྱོན་འཛུགས་བྱས་པའི་རིགས་ལ་ལན་འདེབས་གནང་རྒྱུ། བོད་ནང་རྒྱ་མིའི་བཙན་གནོན་ཕོག་པའི་བོད་མི་དང་ཁོང་ཚོའི་ཤུལ་ལུས་རྣམས་ལ་བཙན་བྱོལ་བོད་གཞུང་གིས་འཚོ་བ་དང་གང་ཅིའི་ལྟ་རྟོགས་གནང་རྒྱུ། རྒྱལ་བ་རིན་པོ་ཆེའི་སྐུའི་སྲུང་བྱའི་ཐད་ཞིབ་འཇུག་དང་། ད་ཕྱིན་གསུང་ཆོས་སྐབས་ཉིན་རེར་ཆུ་ཚོད་ ༣ ལས་མ་མང་བ་དང་། ཕྱི་ལ་ཆིབས་བསྒྱུར་སྐབས་ཉིན་ཕྱེད་སྐུ་ངལ་གསོ་རྒྱུའི་ཆ་རྐྱེན་ཚུན་གྱི་དགོངས་ཚུལ་ཕུལ་ཡོད་པ་རེད།
ལོ་འདིའི་ལོ་མཇུག་གི་ཚོགས་ཆེན་ཐད། རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གྱི་དགོངས་དོན་ཕྱག་བསྟར་མཛད་རྒྱུའི་མཛད་འཆར་ཡོད་པ་ལྟར། ད་དུང་དགོངས་གཞི་ལེགས་འགྲུབ་ཡོང་ཆེད་བོད་མི་ལྷག་བསམ་ལྡན་པ་དང་། ཉམས་མྱོང་ཡོད་པ། རྣམ་ཀུན་བོད་དོན་ཐོག་གཏམ་བཤད་པ། ལས་འགན་རྐང་འཁུར་བྱེད་མཁན་ཤེས་ཡོན་ཅན་དང་། གཞན་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འགན་འཁྱེར་བྱེད་པོ་བོད་མི་རྣམས་ཚོགས་བསྐོང་གནང་ཐབས་དགོངས་བཞེས་ཡོང་རྒྱུ་སོགས་ཀྱི་དགོངས་འཆར་ཕུལ་ཡོད་པ་རེད།
བཀའ་ཟུར་རྣམས་ཀྱིས་ཕྱི་ཚེས་ ༢༦ ཉིན་རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཞུས་ཏེ་དགོངས་འཆར་འདི་དག་ཕུལ་ཡོད་པ་རེད།
དུས་ཚོད་དང་ས་གནས་གཉིས་གཏན་འཁེལ་བྱས་ཡོད་པ་རེད། ཕྱི་ཟླ་ ༡༡ པའི་ཚེས་ ༡༧ ནས་ ༢༢ བར་བཞུགས་སྒར་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་འཚོགས་རྒྱུ་རེད།
གྲོས་མོལ་རྒྱ་ནག་གིས་མ་བྱས། རྩོད་པ་ཟམ་གདོང་ལ་བརྒྱག་འདོད་མེད་པས་གང་སྡུག་སྡུག་རེད། བློ་ཐག་ཆོད་པོ་དང་ངར་ཤུགས་ལྡན་པའི་རྩོད་པ་བརྒྱབ་ན་རྒྱ་ནག་ཀྱང་འདུག་མ་ཤེས་པ་ཆགས་ཡོང་གི་མི་འདུག་གམ། ད་ལོ་མི་འདོདབཞིན་དུ་རང་དབང་མེད་པར་རྒྱ་ནག་གིས་བོད་མིའི་སྐུ་ཚབ་མགྲོན་འབོད་བྱས་པ་མ་རེད་དམ། འདི་ནི་གཞིས་ལུས་བོད་མིའི་སྙིངས་སྟོབས་དང་གནོན་ཤུགས་ལས་བསྐྲུན་པ་རེད། ཟམ་དགོང་གིས་ངོ་དགའ་བྱས་པ་ལ་ཐོབ་པ་ཞིག་མ་རེད་འདོད། འོན་ཀྱང་སྐུ་ཚབ་ཚོས་སེམས་ཆུང་བྱས་ནས་ཤུགས་ཆེན་པོ་བཤད་ཐུབ་མེད་ཚོད་འདུག་པས་བློ་ཕམ་ཆེ། འགྲིག་གི་མི་འདུག་ན་ཤུགས་ཆེན་པོས་རྩོད་པ་བརྒྱབ་ནས་ཞི་མོལ་ཡོང་ཐབས་མེད་གསལ་བོ་བཟོས་འཇོག་དགོས་པ་རེད། གསལ་ལ་མི་གསལ་ཞིག་བཤད་བསྡད་ནས་ཅི་ཕན། ཟམ་གདོང་ང་གཉིས་རྒྱུས་ཡོད་རྙིང་པ་ཡིན། ཁོ་ཕྱི་འཇམ་ནང་རྩུབ་ཀྱི་དབུ་ཁྲིད་ཐབས་རྡུགས་ཤིག་རེད། ཨེ་རེད། ད་ལོའ་ཚོགས་འདུའི་དུས་ཚོད་གསལ་བོ་མི་བཟོ་དོན་གང་རེད། འདི་ནས་གུང་གསེང་ལེན་ཕྱོགས་དང་གནམ་གྲུའི་འཛིན་བཏོགས་རྒྱ
ལོས་ཡིན། ལོ་ ༥༠ རིང་གི་ཉམས་མྱོང་ཞིག་ང་ཚོར་ཡོད་པ་རེད། རྒྱ་ནག་གིས་ང་ཚོའི་ཐོག་ནས་བླངས་པའི་ཉམས་མྱོང་ནི་དེ་བས་ཀྱང་མང་གི་རེད། སྐུ་ཉིད་ནས་བཤད་པ་དེ་ཚོར་རྒྱུ་མཚན་ཡོད་ཀྱང་བཀའ་ཁྲིས་གསུངས་ན་གང་འཇམ་འཇམ་ཞིག་བྱེད་དགོས་པ་དང་། ཚིག་ཟུར་ནས་ཀྱང་ཁོང་ཁྲོའི་རྣམ་འགྱུར་ཕྲ་མོ་ཙམ་ཡང་མ་ཤོར་བ་ཞིག་དགོས་ཟེར། དེས་མི་ཚད་ང་ཚོའི་ཕྱོགས་ནས་སྐད་ཆ་བཤད་སྐབས་ཀྱི་ཀུན་སློང་གཙང་མ་དགོས་ལ། བོད་མི་ཚོའི་ཀུན་སློང་མ་དག་པའི་དབང་གིས་བོད་དོན་འདི་ད་བར་འདི་ལྟར་ལྷག་པ་རེད་ཟེར། རིན་པོ་ཆེར་མཁྱེན་རྒྱ་ཆེན་པོ་ཡོད་པ་རེད། ཡིན་ཡང་། འཐབ་རྩོད་འདི་ལྟ་བ་ཡང་དག་ཅིག་གི་ཐོག་ནས་རྩོད་པའི་དུས་སྐབས་དེ་ད་དུང་ཧ་ཅང་ཐག་རིང་པོ་རེད་སྙམ།
ད་ཐེངས་འགྲོ་ནས་ཞི་མོལ་ཡོང་གི་མི་འདུག་ན་རྩོད་གླེང་བྱེད་དགོས་པ་རེད། གང་ལྟར་སྐད་ཆ་བཤད་དགོས་པ་རེད།
གོང་དུ་ཁྱེད་ཚོས་བོད་རྒྱ་གཉིས་ཀྱི་”འབྲེལ་མོལ་གནས་སྐབས་མཚམས་འཇོག་གནང་རོགས”བྲིས་འདུག་པས། དེ་ནི་གནས་སྐབས་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་དགོས་རོགས་ཟེར་བ་འདྲ་བོ་ཞིག་མ་རེད་དམ།
གང་ལྟར་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་རྒྱུ་གོ་སྐབས་གཅིག་ཀྱང་ཤོར་ཉན་གི་མ་རེད། སྐད་བཤད་སྟངས་ཤུགས་ཆེན་པོ་དང་ཁ་ཐུག་དགོས་པ་རེད། ཁ་ཚོ་མ་དགའ་ན་ཆེད་བཤད་དགོས་པ་རེད། དེ་ཡང་ཐག་རིང་ནས་སྐྱོན་བརྗོད་བྱས་བསྡད་པ་ལས། གདོང་ལ་ལྟོས་ནས་ཁྱེད་ཚོ་བོད་ཐོག་དྲང་བདེན་མེད་པ་དང་། བོད་དོན་ཞི་བདེ་དང་གཉིས་ཕན་གྱི་ལམ་ནས་སེལ་རྒྱུའི་རེ་བ་མེད་པ་བཟོ་གི་འདུག་པས། མ་འོངས་པར་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་གང་འདྲ་ཞིག་བྱུང་ཡང་རྒྱ་ནག་གིས་བཟོས་པ་རེད་ལབ་དགོས། དཔའ་ངར་འདྲ་འདྲའི་ཐོག་ནས་རྩོད་པ་བརྒྱག་དགོས་པ་ལས། ང་ཚོ་ཡོང་གི་མིན་ལབ་ནས་ཐག་རིང་ནས་རྩོད་པ་བརྒྱབ་བསྡད་ན་འབྲས་མེད་མ་རེད་དམ། རྒྱ་མིའི་མཉམ་དུ་སྐད་ཆ་བཤད་རྒྱུའི་གོ་སྐབས་སྐར་ཆ་གཅིག་རག་ཀྱང་ལེན་དགོས་པ་རེད། མ་རེད་དམ། མི་ནག་ཚང་།
བཀའ་ཟུར་ཚོས་ད་ལྟའི་འབྲེལ་མོལ་འདི་མཚམས་འཇོག་དགོས་པ་མ་ཟད། བོད་རྒྱའི་བར་སྐད་ཆ་བཤད་སྐབས་ཀྱི་སྲིད་བྱུས་ལའང་འགྱུར་བ་གཏོང་དགོས་པའི་དགོངས་ཚུལ་ཕུལ་འདུག ཡིན་ཡང་། ཐབས་ཤེས་གང་འདྲ་ཡོད་མེད་དང་གོམ་པ་སྤོ་ས་གཞན་ཅི་ཡོད་སོགས་བསྟན་མི་འདུག མི་ཚང་མས་ཤེས་གི་མེད་པའང་འདི་རེད། སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གིས་གསུངས་དོན། ཁོང་ཚོས་ངག་ཐོག་ནས་ཞུ་དགོས་པ་མང་པོ་ཞིག་རྒྱལ་བ་རིན་པོ་ཆེ་དང་བཀའ་ཤག་ལ་ཞུས་པ་ཡིན་ཟེར། ངག་ཐོག་ནས་ལམ་ཁ་ཅི་མཐོང་གི་དགོངས་ཚུལ་འདྲ་ཞུས་མེད་ཚེ་བདུན་ཕྲག་གཅིག་རིང་གི་གྲོས་མོལ་དེ་དག་ཀྱང་མི་རྒན་འགའ་མཉམ་དུ་འཛོམས་ནས་མཉམ་དུ་ངུས་ཤིང་སྡུག་ཡུས་ཙམ་བཏོན་པ་ལས་གཞན་ཅི་ཡང་མ་རེད་སྙམ། མཐའ་མར་ཁོ་ཚོས་ཕན་ཚུན་གྱི་མིག་ཆུ་ཕྱིས་རྗེས་རང་རང་གི་སར་གྲོལ་སོང་བ་རེད།
ད་ལོའི་དམིགས་བསལ་ཚོགས་ཆེན་ལ་ཡོང་འཆར་ཡོད། བཀའ་ཟུར་ཚོས་བོད་རྒྱ་གཉིས་ཀྱི་ཞི་མོལ་འདི་གནས་སྐབས་མཚམས་འཇོག་དགོས་ཚུལ་གསུངས་པ་འདི་ཁྱད་མཚར་པོ་དཔེ་རེད། གལ་སྲིད་བོད་རྒྱ་གཉིས་ཀྱི་གནད་དོན་འདི་བཞིན་ཞི་མོལ་གྱི་ལམ་ནས་སེལ་རྒྱུའི་རེ་བ་མེད་པ་གསལ་བོ་ཡིན་ན། གནས་སྐབས་ཙམ་མ་ཡིན་པར་ཞི་མོལ་གྱི་ལམ་འདི་རྦད་དེ་བཞག་ནས་ཐབས་ལམ་གཞན་པ་ཞིག་འཚོལ་དགོས་པ་ལས། གནས་སྐབས་ཙམ་ལ་བཞག་ན་ཡག་ཚུལ་གསུངས་པ་ནི་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་ཐབས་ཙམ་གྱི་ཚབས་ཆེའི་དགོངས་ཚུལ་ཡ་མཚན་ཞིག་རེད།
མ་ཟད་འཆར་ཟླའི་ནང་ངོ་མ་བོད་རྒྱ་གཉིས་ཀྱི་སྐུ་ཚབ་ཕན་ཚུན་ཐུག་རྒྱུའི་གོ་སྐབས་བྱུང་ཡིན་ན་ངེས་པར་དུ་གོ་སྐབས་དེ་ལེན་དགོས་པ་མ་ཟད། སྔོན་མ་དང་མི་འདྲ་བར་བོད་མིའི་རེ་བ་དམར་རྗེན་པ་རྒྱ་ནག་གཞུང་ལ་ཤུགས་ཆེན་པོ་བྱས་ནས་གླེང་དགོས་པ་མ་ཟད། རྒྱ་ནག་གི་རྣམ་འགྱུར་ཡག་པོ་མི་སྟོན་ན་ཕར་ལའང་དཔའ་ངར་ཆེན་པོས། ཁྱེད་ཚོས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་འདི་ཞི་མོལ་གྱི་ལམ་ནས་སེལ་རྒྱུའི་རེ་བ་མེད་པ་བཟོ་གི་འདུག་པས། ད་ནས་བོད་མིས་འཐབ་རྩོད་ཀྱི་ཁ་ཕྱོགས་དང་ངོ་བོ་གང་འདྲ་ཞིག་ཏུ་འགྱུར་བ་ཡིན་ནའང་རྒྱ་ནག་རང་གིས་འགན་ཁུར་དགོས་པ་རེད་ཞེས་ཤུགས་ཆེན་པོ་བཤད་དགོས་པ་རེད། འབྲེལ་མོལ་གྱི་ལམ་ཆད་ནའང་གནས་སྟངས་འདི་འདྲ་ཞིག་གི་འོག་ཆད་དུ་འཇུག་དགོས།
རྒྱ་ནག་གཞུང་དང་མཉམ་ཐུག་རྒྱུའི་གོ་སྐབས་གང་འདྲ་ཞིག་བྱུང་ཡང་ལེན་དགོས་པ་རེད། སྐད་ཆ་བཤད་དུས་ཤུགས་ཆེན་པོ་དང་ཕྱིར་འབྱོར་ནས་ཀྱང་ག་རེ་ལབ་མིན་དང་། ལྷག་པར་དུ་རྒྱ་ནག་གིས་ཧམ་བཤད་ག་རེ་བྱས་པ་སྦེད་གསང་མེད་པར་སྤྱི་བསྒྲག་བྱེད་དགོས་པ་རེད།
སྔོན་མ་ནང་བཞིན་རྒྱ་ནག་ལ་ཕོག་ཐུག་འགྲོ་རྒྱུར་ཞེད་ནས་གྲོས་མོལ་བྱེད་སྐབས་ཀྱང་ཉམས་ཆུང་བཤད། ཚུར་ཡོང་ནས་ཀྱང་རྒྱ་ནག་གི་ཧམ་བྱས་པ་སྦེད་གསང་བྱས་པ་ནོར་འཁྲུལ་རེད། ཤི་མིན་གསོན་མིན་གྱི་སྐད་ཆ་བཤད་ནས་གོ་སྐབས་འཕྲོ་བརླག་རུ་གཏོང་མི་རུང། རྒྱ་ནག་དང་ཐུག་རྒྱུའི་གོ་སྐབས་གང་འདྲ་ཞིག་བྱུང་ཡང་ལེན་དགོས་པ་རེད། སྐད་ཆ་ཤུགས་ཆེན་པོ་བཤད་དགོས་པ་རེད། དེ་མིན་ཁྱེད་ཚོའི་རྣམ་འགྱུར་ཡག་པོ་སྟོན་གྱི་མི་འདུག་པས། ང་ཚོ་ཡོང་གི་མིན་ཟེར་ནས་ལན་བསྐུར་བ་ལས་། ངོ་ཐུག་ནས་ཁྱེད་ཚོས་དྲང་པོ་བྱེད་ཀྱི་འདུག་ཅེས་རྩོད་གླེང་བྱེད་དགོས་པ་རེད།