མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་ ༡༥ པ།

བོད་ཀྱི་དུས་བབ།
༢༠༠༨/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp
ཨ་ཚོགས་ཀླུ་མཁར་བྱམས།

༼   བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་རང་བཙན་བགྲོ་གླེང་སྟེང་གུས་པར་བོད་རང་བཙན་སླར་གསོའི་སྤོབས་པ་དང༌། གདེངས་ཚོད་ཅེས་པའི་བརྗོད་གཞིའི་སྟེང་གཏམ་བཤད་བྱེད་རོགས་ཞེས་སྐུལ་བ་ལྟར་བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་ ༡༥ པ་འདི་ཕུལ་བ་ཡིན། ༢༠༠༨།༡༠།༢༨། ཉིན།༽
     
      
གཞོན་ལྷན་ནས་ང་ལ་བོད་རང་བཙན་སླར་གསོའི་གདེངས་ཚོད་དང་སྤོབས་པ་ཤོད་ཅེས་བརྗོད་གཞི་ཁ་གསལ་ཅན་ཞིག་གནང་འདུག་ན། གུས་པ་ཡང་བོད་རང་བཙན་འདོད་མཁན་ཞིག་ཡིན་སྟབས་བརྗོད་གཞི་འདི་བཞིན་དང་ལེན་བྱས་པ་དང༌། སྐབས་དོན་གྱི་བརྗོད་བྱ་བོད་ཀྱི་བརྡ་སྐད་དབང་དུ་བྱས་ན་རང་བཙན་གཙང་མ་ཡིན་ལ། ཐ་སྙད་དེའི་བསྟན་དོན་བོད་ཆོལ་ཁ་གསུམ་ ༼ས་ཁྱོན་སྤྱི་ལེའུ་གྲུ་བཞི་མ་ཁྲི་༢༧༠ལྷག༽ ནང་གནས་པའི་བོད་རིགས་དང་གྲངས་ཉུང་མི་རིགས་ཚང་མ། རྒྱ་དམར་མི་སེར་སྤེལ་ཡུལ་འོག་ནས་ཁྲིམས་སྒོ་རང་བཙན་གྱི་རྒྱལ་ཁབ་ཞིག་འཛུགས་རྒྱུར྄་དམིགས་པ་ལས། བོད་དོན་བདེན་མཐའ་དང༌། བོད་མིའི་རང་དབང༌། བོད་མིའི་བདེ་སྐྱིད་ཟེར་སོགས་སྐད་ཆ་མག་མོག་རིགས་འདིར་བསྲེས་རྒྱུ་མིན།

                བོད་རང་བཙན་ཐོབ་ཀྱི་རེད།

མི་ཁ་ཤས་ཀྱིས་རང་བཙན་ལབ་ན་དངོས་ཡོད་གནས་ཚུལ་དང་མི་མཐུན་ཟེར་ཤིང༌། དེ་ལས་ལམ་དབུ་མར་ཕྱིན་ན་ཁ་ཡོད་ལག་ཡོད་ཡིན་ཟེར། ལོ་ངོ་སུམ་ཅུའི་རིང་ལམ་འདིར་ཕྱིན་ནས་གཡོ་ཅན་ལ་ལྷོད་བཞུགས་གནང་སའི་གོ་སྐབས་ཤིག་ཐོབ་ཡོད་ན་མ་གཏོགས། རྩ་དོན་ཐོག་ཁ་ཡོད་ལག་ཡོད་གང་བྱུང་ཁོག་རྩིས་ཤིག་རྒྱོབ་དང༌། མ་ཟད་ང་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་དང༌། རྒྱལ་བ་པཎ་ཆེན་གཉིས་ཀྱིས་ཏང་ཀྲུང་དབྱང་གི་ཆོ་ལོ་བཞེས་ཏེ། མའོ་ཙེ་ཏུང་དང༌། སྤྱི་ཚོགས་རིང་ལུགས་ལ་བསྟོད་་གླུ་བླངས་ནས་མི་རིགས་ས་ཁོངས་རང་སྐྱོང་འོག་ལོ་བརྒྱད་ལ་བསྡད་པའི་ལོ་རྒྱུས་དུམ་ཚན་དེ། ད་ཆ་བཙན་བྱོལ་གཞུང་གིས་བརྗེད་སོང་པ་འདྲ་་་་

སྤྱིར་རང་བཙན་རྩོད་སྟངས་ལ་བྱེད་སྒོ་རྣམ་བཞག་མཐའ་ཀླས་ཀྱང༌། གལ་ཆེ་ཤོས་ཁ་ཕྱོགས་ནོར་མི་ཉན་ལ་ལངས་ཕྱོགས་བརྟན་དགོས་པ་འདི་ཡིན། ང་ཚོའི་གཞི་རྩའི་གནད་དོན་ཐོག་ད་བར་འགྱུར་བ་འགྲོ་མ་ཐུབ་པ་འདི་ནི། ངས་བལྟས་ན་གཞིས་ལུས་མི་མང་གི་ལས་འགུལ་གྱིས་མ་འཇོན་པ་མ་ཡིན་ལ། རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ནང་རྒྱབ་གཉེར་མེད་པའང་མིན།
ཐ་ན་རྒྱ་དམར་གཞུང་རང་གི་ཁྲིམས་སྒྲིག་ཁག་སྔོགས་ན་བོད་དང༌། ཞིང་ཅང༌། སོག་པོ་ཚང་མར་རྒྱལ་ཁབ་ལོགས་ནས་བཙུགས་ཆོག་ཅེས་མང་པོ་འཁོད་འདུག སྔོན་༡༩༥༩ལོར་ཅང་ཅེ་ཧྲིས་བོད་དོན་བསྒྲགས་གཏམ་ནང་ང་ཚོ་མཉམ་འབྲེལ་གྱིས་གུང་ཇག་ཕམ་པར་བརྒྱབ་རྗེས། བོད་མིའི་རེ་འདུན་ལྟར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་ཀྱི་ཡིན་ལབ་པ་དང༌། བོད་རྒྱ་འོག་ཏུ་ཤོར་བའི་རྗེས་སུ་མའོ་ཙེ་ཏུང་གིས་བོད་འདི་བཞིན་སོག་པོ་དང༌། ཞིན་ཅང་ལ་འདྲ་གི་མ་རེད། བོད་ལ་ཕྱོགས་གང་ནས་ནས་དམིགས་བསལ་སྲིད་བྱུས་འཛིན་དགོས་བརྗོད་ཡོད་ལ། ༡༩༨༤ལོར་ཏིང་ཞོ་ཕང་གི་སྐབས་སུ་པེ་ཅིན་ནས་ཚོགས་པའི་བོད་ཀྱི་བཞུགས་མོལ་འཚོགས་འདུ་ཟེར་བའི་ནང་དུའང་གོང་ལྟར་བོད་ནི་ནང་སོག་དང༌། ཞིན་ཅང་ལ་བསྡུར་ན་གཏན་ནས་མི་འདྲ་ཞེས་འཁོད་ཡོད། ༼འོན་ཀྱང་བཙན་བྱོལ་གཞུང་གིས་ང་ཚོ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིག྄ས་ལྔ་བཅུ་ང་ལྔའི་ནང་གི་གཅིག་ཡིན་སྟབས། དེ་ཚོར་ཐུན་མོང་ལ་ཡོད་པ་ནང་བཞིན་མི་རིགས་ས་གནས་རང་སྐྱོང་ཙམ་྄གྱིས་འགྲིག་གི་ཡོད་ཟེར༽ ད་དུང་དེ་རིང་གི་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ཚོས་༡༩༩༤ལོར་བཏོན་པའི་དམངས་གཙོའི་རྩ་ཁྲིམས་དོན་ཚན་༣༩ནང་བོད་རང་བཙན་ཚུར་སྤྲོད་ཀྱི་ཡིན་ལུགས་དང༌། སྤྲོད་སྟངས་བཅས་བྲིས་ཡོད། དེ་བས་སྡེ་བས་ཚུར་སྤྲོད་ཀྱི་ཡིན་ལབ་བཞིན་དུ་བོད་པ་ཞིག་གིས་ང་ཚོས་རང་བཙན་ལོན་ས་མ་རེད་ཟེར་ཤེས་སྟངས་མེད་ལ། ཡང་རྒྱལ་སྤྱིའི་གནས་བབ་འོག་བཤད་ན། ཨ་རིའི་གྲོས་ཚོགས་ཀྱིས་བོད་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་དང༌། ༡༩༩༧ལོར་འཇར་མན་གྲོས་ཚོགས་ཀྱིས་བོད་སྐོར་གྲོས་ཆོད་བཞགས་པའི་ནང་༡༩༥༠ལོ་ནས་རྒྱ་གཞུང་གིས་བོད་ནང་རིགས་རྒྱུད་རྩ་མེད་རིང་ལུགས་ཀྱི་སྲིད་བྱུས་བཟུང་ཡོད་པར་སྐྱོན་བརྗོད་བྱས་ཡོད། གཞན་རྒྱལ་ཚོགས་ཀྱིས་ཁྲིམས་ལུགས་ཞིབ་འཇུག་ལྷན་ཚོགས་ནས་བོད་དོན་སྐོར་སྙན་ཐོ་རིམ་པར་བཏོན་པའི་ནང་བོད་མི་རིགས་ལ་རྒྱ་དམར་གྱི་དབང་བསྒྱུུར་འོག་སྡོད་འདོད་མེད་པ་ཁ་གསལ་ཡིན་སྟབས། རང་ཐོག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པར་འཁོད་ཡོད། ད་དུང་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུས་༡༩༥༩ལོར་རྒྱ་གར་གྲོས་ཚོགས་འོག་མའི་ནང་བོད་སྐོར་གཏམ་བཤད་གནང་བའི་ནང༌། བོད་མི་རིགས་ཀྱི་ཐ་མའི་ཐག་བྱེད་ཀྱི་རེད་གསུངས་པ་དང༌། ༢༠༠༣ལོའི་ཟླ་༦ནང་རྒྱ་གར་གྱི་སྲིད་བློན་ཨ་དར་བ་རྗེ་བྷ་ཡིས་རྒྱ་ནག་ལ་ཕྱིན་ནས་གསལ་བསྒྲགས་སྤེལ་བའི་ནང༌། ཆབ་སྲིད་འགྱུར་ཚིག་གིས་བོད་འདི་ད་ལྟའི་རྒྱ་དམར་གཞུང་གི་ཆ་ཤས་རེད་ཅེས་བརྗོད་པ་ཙམ་ལས། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་ནག་སུབ་གཏོང་ཐུབ་མེད་པས་མཚོན། དེང་སྐབས་རྒྱལ་སྤྱིའི་ཐོག་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གཅིག་ཀྱང་མེད་རབས་དཀྲོགས་མཁན་ཚོར་སྙིང་རླུང་ཅི་ཞིག་ཞུགས་པ་ཡིན་ན། དེ་བཞིན་རྒྱ་དམར་གཞུང་གིས་རྒྱུ་མཚན་གསོན་པོ་འདི་དག་གི་ལན་དུ ༼བཙན་རྒྱལ་རིང་ལུགསཀྲུང་རྒོལ་སྟོབས་ཤུགས བོད་ས་གནས་གཞུང་༽ ཟེར་བ་སོགས་ཚིག་གྲུབ་འགའ་བཟོས་བ་ཙམ་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་འདི་དག་ཁ་བསྒྱུར་གཏན་ནས་བྱེད་མི་ཐུབ། མ་ཟད་ད་ལྟའི་རྒྱ་ནག་གི་གནས་སྟངས་ལ་བལྟས་ན། དམར་ཤོག་ཚོགས་པ་གནས་ཐུབ་པའི་ཆ་རྐྱེན་ཉིན་རེར་ཉུང་དུ་འགྲོ་བ་དང༌། དམངས་གཙོར་འགྱུར་རྒྱུའི་རྣམ་པ་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད་ལ། འདི་ཡང་རང་བཙན་རྩོད་མཁན་ཞིག་ལ་ཆ་མཚོན་ན་ལྟོས་བཅས་ཀྱི་ཆ་རྐྱེན་ཡིན།
དེ་བས་ངས་བསམ་ན། ང་ཚོར་ད་དུང་རང་བཙན་མ་ཐོབ་པ་འདི་རྒྱལ་སྤྱིའི་སྟེང་བོད་རང་བཙན་ཡིན་མིན་གྱི་དོགས་གཞི་ཡོད་པའི་རྐྱེན་གྱིས་མ་ཡིན་པར། གཙོ་བོ་ང་རང་ཚོས་ཕྱི་ལོག་ནས་ཁ་ཕྱོགས་བཟུང་བ་ནོར་སོང་བས་རེད་སྙམ།  ཡང་གཞུང་ལུགས་ཀྱི་ཐོག་ནས་བཤད་ན། ད་ལྟ་ང་ཚོའི་འཐབ་རྩོད་འདི་བཞིན་ཕར་རྒོལ་དང་རང་སྲུང་མཉམ་དུ་ཡིན་ལ། བོད་ནང་རང་ས་རང་སྲུང་སྒང་ཤུགས་རྒྱག་རྒྱུ་དང༌། ཕྱི་ནས་ཁ་ཕྱོགས་རང་བཞིན་གྱི་སྒང་ལ་ཕར་རྒོལ་བྱེད་དགོས། མ་གཏོགས་ང་ཚོ་ཕྱི་ལ་རྒྱང་ཕུད་བཏང་ཡོད་པ་རྣམས་རང་ས་རང་སྲུང་གི་གཡུལ་ས་དང་པོར་ཞུགས་ཐབས་མེད་ན། ཕྲན་གྱིས་ད་ལྟའི་རྒྱལ་སྤྱིའི་འཕེལ་འགྱུར་དང༌། རྒྱ་ནག་གི་འགྱུར་བ། བོད་ནང་གི་སྤྱི་ཚོགས་གནས་སྟངས་བཅས་དཀྱུས་གཅིག་ཏུ་བཞགས་ཏེ། བོད་རང་བཙན་སླར་གསོའི་སྐྱ་ཐིག་གི་གྲོས་འཆར་དོན་ཚན་བཅོ་ལྔ་ཅན་འདི་ཚོམ་ཆེན་ནང་སྙན་བསྒྲོགས་བྱེད་རྒྱུ་ཡིན་ན།

༡ སྔོན་པོྭ་ལོ་ཏི་མཚོ་འགག་གི་རྒྱལ་ཁབ་གསུམ་ཀྱིས་རང་ཐག་རང་གཅོད་རྩོད་ལེན་བྱས་མེད་ན། ར་ཤི་ཡ་དེ་ལྟར་ཞི་བའི་ངང་དམངས་གཙོར་འགྱུར་ཐུབ་མེད་ལ། ཡང་ར་ཤི་ཡ་ལ་དམངས་གཙོའི་རྒྱུ་ཚོགས་སྨིན་མེད་ན་གོང་གསལ་རྒྱལ་ཁབ་ཚོར་རང་བཙན་ཐོབ་མི་སྲིད། དེ་བས་རྒྱ་ནག་གི་དམངས་གཙོའི་ལས་འགུལ་དང་རྒྱ་ནག་བཙན་རྒྱལ་རིང་ལུགས་འོག་གི་ཤར་ཏུར་ཀི་སི་ཐན་དང༌། བོད་སོགས་ཀྱིས་མི་རིགས་རང་ཐག་རང་གཅོད་ལས་འགུལ་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཆགས་ཡོད། རྒྱ་གཞུང་གིས་ཀྱང་ར་ཤི་ཡའི་དཔེ་འདི་དྲངས་ནས་དམངས་གཙོ་རྩོད་མཁན་དང༌། མི་རིགས་རང་ཐག་རང་གཅོད་རྩོད་མཁན་ལ་གཡས་ཁག་གཡོན་དཀྲི་བྱེད་ཀྱིན་ཡོད་མོད། ད་ཆ་མི་རྣམས་ཀྱིས་རྒྱ་ནག་དམངས་གཙོར་འགྱུར་བ་དང༌། རྒྱ་ནག་ཆེན་པོའི་འོག་གི་མི་རིགས་ཁག་བཅིངས་གྲོལ་ཐོབ་པ་ཡིན་ན། དེ་ནི་དུས་ཀྱི་འགྲོས་དང་མཐུན་པའི་བྱ་བ་བཟང་པོ་ཞིག་ཡིན་པ་རིམ་པའི་ཤེས་རྟོགས་གསལ་པོ་ཐུབ་གྱི་ཡོད།
 ༢ སྔོན་རྒྱ་མིས་གསར་བརྗེ་དང་བཅིངས་འགྲོལ་ལ་སོགས་ཀྱི་དར་ཆ་འཕྱར་ནས་བོད་ནང་འཛུལ་ཡོང་མོད། དེང་སྐབས་སྐད་ཆ་འདི་ཚོར་ཉན་མཁན་ཕར་ཞོག་བཤད་མཁན་ངོ་ཚ་པའི་ཚོད་ཡིན། དེ་ལྟར་ལྟ་བ་ཁུངས་མ་འཁྱོལ་པར་བརྟེན། ཁོ་ཚོས་བོད་གློད་མི་རུང་པའི་སྒྲུབ་བྱེད་གསར་བ་བཙལ་ཁུལ་བྱེད།
 ༣ ད་ཆ་ཁག་གཡོལ་ས་གལ་ཆེན་ཞིག་རྒྱལ་སྲུང་ཡིན་ལ། དུས་རབས ༡༩། ༢༠ སྟོད་ཀྱི་ས་སྲུང་དབྱེ་ཞིབ་པ་ཚོས་བོད་ནིPower vacuum) ཟེར་བ་སོགས་དམག་དོན་གྱི་གོ་བབ་གལ་ཆེན་བཟུང་ཡོད་སའི་ས་ཁུལ་ཞིག་ཏུ་ངོས་འཛིན་བྱེད། དཔེར་ན་དབྱིན་ཇིའི་ས་སྲུང་ཞིབ་འཇུག་པ( H. J.Mackinder) གིས་ཀྱང་བོད་དང༌། ཤར་ཏུར་ཀི་སི་ཐན་སོགས་དཀྱིལ་ཤར་ཨེ་ཡའི་མགོ་ཐོག་དེ་སུ་ཡིས་འཛིན་ཐུབ་ན། དེ་ཡིས་འཛམ་གླིང་ལ་དབང་བསྒྱུར་བྱེད་ཐུབ་པར་བརྗོད་ལ། རིག་ལམ་དེར་གཞི་བཅོལ་ནས་རྒྱ་ནག་གི་ཞིབ་འཇུག་པ་ཚོས་ཀྱང་གལ་སྲིད་གཏིང་ནད་ཡོད་པའི་རྒྱ་གར་ནག་དབར་དམག་འཁྲུག་བྱུང་ན། རྒྱ་ནག་གིས་བོད་ཀྱི་ས་བབ་མཐོ་ས་འཛིན་ཐུབ་ཚེ་དགོས་མཁོ་ཆེ་རབ་བརྗོད་བསྡད་ཡོད་ཁར། ཁོ་ཚོས་དེ་ལ་འབབ་པའི་ལམ་ཁ་བཟོས་པ་སོགས་དམག་མཁོའི་འཛུག་སྐྲུན་སྣ་ཚོགས་བྱས་ཡོད་མོད། དེང་སྐབས་རྒྱ་གར་ནག་གཙོས་རྒྱལ་ཁབ་འདི་ཚོར་གླིང་ཆེན་ནས་གླིང་ལ་སྙོབས་པའི་རྡུལ་མཚོན་འཕུར་མདེལ་ཡོད་ལ། མ་གཞི་དུས་རབས་འདི་ནང་དམག་བཀོད་བརྡ་འཕྲིན་འཁོར་སྐར་ཅན་ལ་གྱུར་ཟིན་པས་ན། ངོ་མ་བཤད་ན་རྒྱ་གཞུང་གིས་ཀྱང་ས་བབ་མཐོ་དམའ་རྩོད་རྒྱུའི་སྲོལ་རྒྱུན་དམག་འཐབ་བསམ་བློ་སྔོན་ནས་དོར་ཚར་ཡོད། དེ་བས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱིས་རྒྱ་མིས་བོད་གློད་ཀྱི་མེད་པ་འདི་རང་སྲུང་ལས་ཀྱང་ཕར་རྒོལ་ཆེད་རེད་ཅེས་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། འདི་ནི་དོན་དངོས་རྒྱ་ནག་གི་རྒྱལ་སྲུང་ཉེན་ཁ་ཆགས་ཡོད། གཞི་རྩའི་ར་ཤི་ཡ་ཆེན་པོ་ཁ་འཐོར་པའི་མཚོན། བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་འཐོར་རྐྱེན་ནི་ཕྱི་དགྲས་བཙན་འཛུལ་མིན་པ་མཐོང་གསལ་རེད། སོང་ཙང་བོད་འདི་རྒྱ་ནག་གིས་རྒྱལ་སྲུང་དགོས་མཁོར་བཤད་པ་ནི་ད་ཆ་བཤད་སྟངས་ཙམ་རེད།
  ༤ འོ་ན་བོད་གློད་མི་རུང་པའི་རྒྱུ་མཚན་ཐོན་ཁུངས་ཡིན་ཟེར། སྐད་ཆ་འདི་ལ་རྒྱུ་མཚན་ཆེ་ཙམ་ཡོད། སྔོན་མའོ་ཙེ་རུང་གིས ༼བོད་ས་རྒྱ་ཆེ་ཞིང་ཐོན་ཁུངས་ཀྱིས་ཕྱུག་པ། མི་གྲངས་ཀྱང་ཉུང་བ། རྒྱ་ནག་ལ་ཆ་བཞགས་ན་ས་ཆ་ཆུང་ཁར་མི་མང་བ་དང༌། ཐོན་ཁུངས་ཉུང་བ། དེར་བརྟེན་བོད་རྒྱ་གཉིས་ཁ་བྲལ་མི་རུང་༽ ཅེས་བཤད་མྱོང་ཞིང༌། རྒྱ་གཞུང་གིས་ཀྱང་དེ་ལ་འབབ་པའི་བོད་ཀྱི་ཐོན་ཁུངས་རྐུ་འཕྲོག་བྱས་པ་ཉུང་ཉུང་མིན་མོད། ད་ཆ་གུང་ཁྲན་ཏང་མེད་ན་བོད་ལ་བདེ་སྐྱིད་མེད་པའི་བསྟོད་གླུ་དུས་རབས་ཀྱི་གད་སྙིག་ཆགས་པ་དང་ཆབས་ཅིག བོད་མི་རིགས་ཀྱི་རང་ས་རང་སྲུང་གི་གོ་རྟོགས་མཐོ་རུ་འགྲོ་བཞིན་པས་ན། ལྡོག་མེད་ཀྱི་འཕེལ་ཕྱོགས་འདི་ཡི་ཁ་ཤུགས་འོག རྒྱ་ནག་གིས་མུ་མུཐུད་དུ་ཀླད་རྙིང་མཁྲེགས་འཛིན་གྱིས་བོད་ཀྱི་ཐོན་ཁུངས་རྐུ་འཕྲོག་བྱས་བསྡད་ན། མཇུག་འབྲས་སྐྱི་གཡའ་བ་ཞིག་གི་སྔོན་བརྡ་སྟོན་བཞིན་པ་ཁོ་ཚོས་ཚོད་དཔག་ལས་སླ་བོ་རྟོགས་ཐུབ་ཡོད།
 ༥ དེ་ལས་བོད་རང་བཙན་སླར་གསོ་བྱས་པའི་ཕྱི་ཉིན། རྒྱ་བོད་གཉིས་ཀྱིས་ཐོན་ཁུངས་འདི་དག་གཉིས་མུས་ཐོག་སྤྱོད་རྒྱུ་དང༌། དཔེར་ན། རྨ་འབྲིའི་རྒྱུུད་ཀྱི་ཆུ་གློག ཚ་འདམ་གཤོངས་སའི་རྡོ་སྣུམ་དང༌། རླངས་སྣུམ་སོགས་ལོ་སུམ་ཅུ་ནས་ལྔ་བཅུའི་བར་མཉམ་སྤེལ་བྱ་རྒྱུའི་གན་རྒྱ་བཞག་ཆོག ད་དུང་མཚོ་བོད་ལྕགས་ལམ་བཅས་པར་ང་ཚོས་རིན་འབབ་འོས་མཚམས་ཞིག་སློག་རྒྱུའི་མཚོན། ལྟ་གྲུབ་གྱི་བཀག་རྒྱ་གཏོར་ཚར་ན། དེ་སྔ་ར་ཤི་ཡ་ཆེན་པོ་ཁ་འཐོར་ཡང་རྒྱལ་ཕྲན་ཁག་བར་ཐོན་ཁུངས་མཉམ་སྤེལ་ཐད་དཀའ་ངལ་མེད་པ་མིག་དཔེའང་ཡོད། གང་ལྟར་ཚོང་གི་ཐོག་བབ་ཚར་ན། ཉེ་ཆར་རྒྱ་ནག་དང་ཉི་ཧོང་བར་རྩོད་གཞི་ཅན་གྱི་མཚོ་ཤར་སྣུམ་གཏེར་མཉམ་སྤེལ་གྱི་སྤྱི་ཆིངས་བཞག་པ་ལྟ་བུ་རེད།
 ༦ ཡང་རྒྱ་གཞུང་གི་རྒྱབ་ཤ་དཀར་པོ་སོགས་ཀྱི་ནང་དུ་ཏཱ་ལའི་བླ་མའི ༼བོད་ཆེན་པོ་རང་སྐྱོང་ལ་༽ རྒྱ་རིགས་ལྟ་ཞོག མི་རིགས་གཞན་གྱིས་ཀྱང་ཁེ་ལེན་བྱེད་མི་སྲིད། དེ་ལྟར་བོད་མེས་རྒྱལ་དང་ཁ་བྲལ་ན་རྒྱ་རིགས་གཙོས་མི་རིགས་གཞན་གྱི་ཁེ་ཕན་ལ་གནོད་རབས་ཀྱི་སྐད་ཆ་གསར་བ་ཞིག་ཐོན་འདུག མ་འོངས་པར་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཚང་མ་བོད་ཀྱི་ཆབས་འབངས་ངང་གིས་ཆགས་འགྲོ་ཁར། ང་ཚོའི་རྒྱལ་ཁབ་གྱིས་མི་རིགས་གྲངས་ཉུང་དག་གི་ཁེ་དབང་ལ་རྒྱལ་སྤྱིའི་སྤྱི་ཆིངས་ལྟར་སྲུང་སྐྱོང་བྱེད་ངེས་ན། བོད་ཆེན་པོའི་རང་སྐྱོང་ངམ་བོད་རང་བཙན་གྱིས་མི་རིགས་ཚང་མར་ཕན་ལས་གནོད་མེད།
 ༧ བོད་ནས་ཕྱིར་སྤོར་དགོས་པའི་རྒྱ་རིགས་རྣམས་ལའང་ལོ་གསུམ་ནས་ལྔའི་དུས་ཚོད་སྤྲོད་རྒྱུ་དང༌། ༼ཧའོ་ཡོ་པང་གིས་རྒྱ་རིགས་བརྒྱ་ཆ༨༠ནང་སར་ཕྱིར་འཐེན་འཆར་ནང༌། གཞིས་སྤོར་གྲོན་ས་གནས་གཞུང་སོ་སོའི་གཏོང་རྒྱུ་བྱས་ཡོད་པ་ལྟར་རོ༽ སྐབས་དེར་བོད་གཞུང་ནས་འོས་འཚམས་ཀྱི་སྤོར་གྲོན་གཏོང་ཆོག
 ༨ འདིར་ཁ་སངས་དགོས་པ་ཞིག་ལ། མན་ཆིན་སྐབས་ནས་བོད་ནང་ཡོད་པའི་རྒྱའི་མི་རྒྱུད་གཙོས། ཁ་ཆེ་དང༌། ཟ་ལར། ཧོར་སོག་བཅས་པ ༼དེ་དག་གཉེན་སྒྲིག་བྱས་པ་རྣམས་དང༌། བོད་རིགས་ལ་མི་ཐོག་གསུམ་྄གྱི་གོང་ནས་གཉེན་འབྲེལ་ཡོད་པ་ཚང་མ༽ འདོད་མུས་ཡོད་ན་བོད་ཀྱི་མི་སེར་ཡིན་ཡིན་པ་རེད་ལ། མ་ཟད་རྒྱ་རིགས་གཙོས་ཆེད་ལས་མི་སྣ་རྣམས་འཛུགས་སྐྲུན་དགོས་མཁོར་གཞིགས་ནས་གདན་ཞུས་ངོ་བོ་ཐོག་བོད་དུ་རང་འཇགས་བསྡོད་ཆོག ༼སྐབས་དེར་བོད་ཡིག་གཙོས་རྒྱ་ཡིག་དང༌། དབྱིན་ཡིག ཨུར་ཏེ། སོག་ཡིག་ལ་སོགས་པ་སློབ་གཞིར་གཏན་འབེབས་དགོས་མོད། སྤྱི་ཚོགས་ཀྱི་མ་སྐད་བོད་ཡིག་ཡིན་པར་བརྟེན་ཆེད་ལས་པ་དག་གིས་ད་ལྟ་ནས་བོད་ཡིག་སྦྱང་གལ༽ ཡང་བོད་ཀྱི་རྒྱལ་འབངས་རྣམས་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་གཉིས་ནས་གསུམ་ཡན་གྱི་མི་སེར་ཡིན་ཆོག
 ༩ བོད་རྒྱ་ཕྱོགས་གཉིས་ཀྱིས་བདེ་འཇེགས་ཆེད་བོད་རྒྱལ་ཁབ་དེ་བཞིན་ལོ་ངོ་སུམ་ཅུ་དང་ལྔ་བཅུའི་བར་རྒྱ་ནག་གི་སྲུང་སྐྱོབ་མངའ་ཁུངས་ནས་ ༼རྒྱ་གར་འོག་གི་འབྲུག་ནང་བཞིན༽ བསྡད་ཆོག་པ་དང༌། དེ་ལ་འབབ་པའི་རྒྱ་དམག་གང་ཙམ་ཞིག་དུས་བཅད་ནང་བོད་ནང་སྡོད་ཆོག གཞན་ད་ལྟའི་ཏང་སྲིད་དམག་གསུམ་ཀྱི་རྒྱ་རིགས་ལས་བྱེད་ཚང་མའི་ལས་མཚམས་འཇོག་དགོས་ཁར། ཏང་སྲིད་ཀྱི་བོད་རིགས་ལས་བྱེད་རྣམས་ལའང་རྐུབ་སྟེགས་རང་འཇགས་ཉར་འདུག་ས་མེད་ལ། ཁོ་ཚོ་མི་ཐོག་གཅིག་གི་ཁེ་ཕན་ལ་ཕོགས་ཐུག་ཅུང་ཞིག་འགྲོ་སྲིད་ཀྱང༌། ང་ཚོས་རྒྱ་བོད་ལས་བྱེད་པ་འབུམ་ཁ་ཤས་ཞིག་གི་ལྟོ་རྒྱབ་གྱི་ཆེད་དུ་མི་རིགས་གཉིས་ཀྱི་ཕུག་གི་ཁེ་ཕན་བློས་གཏོང་མི་སྲིད།
 ༡༠ ཡང་རྒྱ་གཞུང་དང་བོད་གཞུང་བར་སྲིད་དབང་རྩིས་སྤྲོད་བྱེད་སྐབས། གཙོ་བོ་བརྟན་བརླིང་ལ་དམིགས་ནས་ཐོག་མར་རྫོང་མཁར་ཁག་ནས་མགོ་བཙུགས་ཏེ། ཉམས་མྱོང་རིམ་བསག་གིས་གཞིས་རྩེ་དང༌། ནག་ཆུ། ཆབ་མདོ་དང༌། ཆབ་ཆ་སོགས་ཁུལ་རིམ་པའི་རྩིས་སྤྲོད་རྩིས་ལན་བྱེད་རྒྱུ་དང༌། དེ་ནས་རིམ་པའི་རྒྱལ་ས་ཆེ་ཤོས་ལྷ་ས་དང་ཙོང་ཁའི་ཟི་ལིང་གཉིས་རྩིས་ལེན་དགོས་མོད། སྲིད་དབང་རྩིས་ལེན་གྱི་གོ་རིམ་འདིར་ལོ་ལྔ་ནས་བརྒྱད་བར་འགོར་སྲིད་ལ། ༼ཡང་ཁམས་དར་རྩེ་མདོ་དང༌། ཙོང་ཁའི་ཟི་ལང་མཁར་གཉིས་ལོ་རྒྱུས་ཐོག་མི་རིགས་འདུས་བསྡོད་ཀྱི་གྲོང་ཁྱེར་ཆེ་ཤས་གཉིས་ཡིན་སྟབས། འདི་ལ་དམིགས་བསལ་སྲིད་འཛིན་གྲོང་ཁྱེར་བཙུགས་ཆོག༽

༡༡ ཚོང་ལས་ཁེ་ཕན་སྐོར་ནས་བཤད་ན། བོད་རྒྱལ་ཁབ་གྱི་དཔལ་འབྱོར་ལམ་ལུགས་ཚོང་རའི་དཔལ་འབྱོར་རིང་ལུགས་ཡིན་ངེས་པར་བརྟེན། དུས་རབས་འདིའི་ཚོང་ལས་དཔལ་འབྱོར་མ་རྐང་ཁྲོམ་ར་ཅན་ལ་ཕྱོགས་ཟིན་པས། དེ་རིང་གི་ཚོང་པར་རྒྱལ་ཁོངས་བཅད་མཚམས་ཀྱི་འགོག་རྐྱེན་མེད་ལ། ཁྱོད་རང་ས་སྒང་གོ་ལའི་གྲུ་ཁ་གང་ཞིག་ན་ཡོད་རུང༌། གཙོ་བོ་མི་སེམས་འགུག་པའི་ནུས་པ་ཡོད་ཕྱིན། མ་རྩ་འཇོག་མཁན་རང་བཞིན་གྱིས་གནས་དེ་རུ་འདུ་ཡོང༌། མ་ཟད་མ་རྩ་འཇོག་མཁན་མང་ཆེ་བ་སྐྱེས་བོ༼སྒེར༽གྱི་མ་དངུལ་ཡིན་སྟབས། རྒྱལ་ཁབ་དང་སྲིད་གཞུང་གིས་དེའི་ནང་ཐེ་བྱུས་བྱ་དགོས་མེད། ཡང་ས་གནས་གང་དེར་མ་རྩ་འཇོག་མཁན་ཡོང་མིན་དང་གནས་ཐུབ་མིན་གྱི་རྒྱུ་མཚན་ཉག་གཅིག་ནི། མ་འཇོག་གོ་སྐབས་རང་གིས་ཐག་གཅོད་བྱེད་པ་ཡིན། དེ་བས་བོད་རྒྱལ་ཁབ་བཙུགས་པའི་ཕྱི་ཉིན་ད་སྐབས་བོད་ནང་ཚོང་གཉེར་བྱེད་ཀྱིན་པའི་རྒྱ་ནག་གི་ཚོང་ཚོགས་ཁག་གཙོས། ཕྱི་རྒྱལ་ནས་མ་རྩ་བཙུགས་ཡོད་པའི་ཚོང་ཚོགས་ཁག་གི་བདེ་འཇགས་ལ་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་ལྟར་སྲུང་སྐྱོང་བྱེད་རྒྱུ་མ་ཟད། རྒྱ་རིགས་ཚོང་པ་གཙོས་མ་རྩ་བཙུགས་མཁན་ཚང་མར་བོད་རྒྱལ་ཁབ་ཀྱི་ངོས་ནས་དགའ་བསུ་ལོས་ཡོད། ༼བོད་དངུལ་ཀྱི་ཛ་ཐང་རྒྱ་དངུལ་དང་སྒོ་བསྟུན་བྱེད་ཆོག༽ སྐབས་དེར་སྒོ་ཁྲལ་ཡང་ད་ལྟ་དང་བསྡུར་ན་ཉུང་རུ་འགྲོ་རྒྱུ་ཡིན་པར་བརྟེན། ཚོང་པ་མགོ་ཤ་དངས་མོ་ཅན་ཚོས་བོད་རང་བཙན་གྱིས་ཁོ་ཚོར་ཁེ་ལས་གྱོང་མེད་པ་ཤེས་དང་ཤེས།
 ༡༢ བོད་རྒྱལ་ཁབ་ངོས་ནས་གཞི་རྩའི་ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བའི་ལམ་ལུག྄ས་ལག་བསྟར་བྱེད་ཀྱི་ཡིན་མོད། བོད་ནང་རྒྱ་དམར་གུང་ཁྲན་ལ་བདག་པའི་ས་སྤར་མཐིལ་ཙམ་ཞིག་མེད་སྟབས། དེང་སྐབས་བོད་ནང་དཔོན་ངན་དང་ནག་ཚོང་རྒྱག་མཁན་ཚོ་ལག་འབྲེལ་གྱིས་ས་ཆ་ཚོང་བསྒྱུུར་བྱས་རིགས་ཚང་མ། མ་འོངས་བར་བོད་གཞུང་གིས་བསྐྱར་ཞིབ་དང་བཅོས་བསྒྱུར་བྱེད་དགོས་སྟབས།  དེ་བས་ཕྱི་ནང་ཚོང་ཚོགས་ཁག་དང༌། སྒེར་བཅས་ཀྱིས་རྒྱ་ལག་ནས་ས་ཆ་མཁར་དབང་ཉོ་སྒྲུབ་བྱེད་ཀྱིན་པ་ད་ལྟ་ནས་མཚམས་འཇོག་བྱས་ན་བཟང༌།
 ༡༣ སྐད་ཆ་མདོར་དྲིལ་ན། རྒྱ་གཞུང་གིས་བཙན་རྒྱལ་རིང་ལུགས་ཀྱི་ཁེངས་སེམས་imperial pride) ཙམ་ལ་བརྟེན་ནས་བོད་གློད་ཐུབ་གྱི་མེད་ལ། བསམ་བློ་དེ་ནི་རྒྱ་དམར་གཞུང་འདི་བ་ཙམ་མ་ཡིན་པར། རྒྱ་ནག་མི་སེར་རྒྱལ་ཁབ་དང༌། མན་ཆིན། ཡོན་ཧོར་སོགས་རྒྱ་སྐྱེད་པ་དག་གིས་གཅིག་ནས་གཅིག་ལ་ལག་བརྒྱུད་བྱས་ནས་ཡོང་བའི་གནའ་རྫས་ཞིག་སྟེ། བསམ་སྤྱོད་འདིར་ ༼དེ་སྔ་དབྱིན་ཇི་དང་མན་ཇི་གཉིས ༡༨༩༠ ལོར་ངན་འབྲེལ་གྱིས་དབྱི་ཇིས་བོད་ནང་འཛུལ་ཆོག་པའི་གྲོས་ཆོད་བཞགས་པ་དང༌། ཡང་ ༡༩༠༩ ལོར་དབྱིན་ཇི་དང་ཨུ་རུ་སུས་བོད་ཟ་ན་མཉམ་ཟ་དང༌། དེ་མིན་མན་ཇུར་འབུལ་རྒྱུས་ལྐོག་གྲོས་བྱས་ཤིང༌། ད་དུང་༡༩༠༤ ལོར་ལྷ་སར་བཞགས་པའི་དབྱིན་བོད་ཆིངས་ཡིག་ནང་དབྱིན་གཞུང་གིས་མ་ཤེས་པར་རྒྱ་ནག་ཐེ་བས་ཕྱི་རྒྱལ་པ་སུས་ཀྱང་ཐེ་ཇུས་མི་ཆོག་པ་དང༌། གལ་སྲིད་བོད་གཞུང་གིས་གཏེར་ཁ་སོགས་ཕྱི་རྒྱལ་ལ་སྤྲད་ན་དབྱིན་ཇིར་ཡང་སྤྲོད་དགོས།༽ ཟེར་བ་སོགས་དགོད་བྲོ་བའི་རྒྱབ་ལྗོངས་ཡོད། གནའ་དེང་གི་རྒྱ་སྐྱེད་པ་སུ་ཡིན་རུང་ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི། རྒྱལ་ཁབ་ཅི་ཙམ་ཆེན་ན་དེ་ཙམ་གཟི་བརྗིད་དང་སྟོབས་ཤུགས་ཡིན་པར་རློམས་མོད། དེང་གི་ཆར་རྒྱ་སྐྱེད་སྟོབས་ཤུགས་ལ་མཆིལ་ཞགས་འཕེན་མགོ་བཙུགས་ཡོད་ཁར། རྒྱ་ཁབ་ཆེ་ན་ཡུལ་མིའི་གཟི་བརྗིད་དུ་རྩ་ནས་འགྲོ་གི་མེད། སོང་ཙང་དེང་གི་སྔོན་ཐོན་རྒྱལ་ཁབ་ཁག་ནང་ང་ཀྲུང་གོ་བ་ཡིན་ལབ་ན་མགྲོན་ཁང་ཙམ་ཡང་འཚོལ་ཁག་ཚོད་ཡིན་ན། རྒྱ་རིགས་ཡུལ་སྐོར་བ་ཚོས་ཉི་ཧོང་དང་ཐའེ་ཝན་བ་ཡིན་མདོག་མདོག་བྱེད་ལ། གནས་སྟངས་དེས་རྒྱ་གཞུང་ལ་རྒྱ་སྐྱེད་ཀྱི་ཁངས་སེམས་དོར་ནས་ཁྱིམ་གཞིས་སྟབས་བདེ་ཤིག་སྐྲུན་རྒྱུའི་སྒང་འཕུད་བརྒྱག་གཏོང་གི་ཡོད་པས་ན། ད་ཆ་ཚ་བོས་ཁྱིམ་གཞིས་གསར་བ་ཞིག་འཛིན་རྒྱུར་ཨ་ཞང་ཚང་རྦད་དེ་དཀྲོགས་འགྲོ་བའི་ཚད་མིན།
  ༡༤ བཤད་སྟངས་ཤིག་སྟེ། རྒྱ་གཞུང་གི་རྒྱབ་ཤ་དཀར་པོའི་སོགས་ཀྱི་ནང་ཏཱ་ལའི་རུ་ཚོགས་ལ་རང་བཙན་སྤྲད་ན། ཆོས་སྲིད་ཟུང་འབྲེལ་གྱི་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱེད་ཀྱི་རེད་ཟེར་བ་སོགས། བོད་ལ་ཤ་ཚ་ཡོད་མདོག་མདོག་སྟོན་ཁུལ་བྱེད། ༼བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཐ་སྙད་ཞིག་བཀོད་ཡོད་པ་བདེན༽ ང་ཚོར་རང་བཙན་ཐོབ་ཉིན་སུ་ཞིག་གིས་ཞིང་བྲན་ལམ་ལུགས་སྐྱར་གསོ་བྱས་པ་ཡིན་ན། བོད་ཀྱི་མི་རབས་གསར་བས་ཚེ་སྲོག་གི་འགྲོ་གྲོན་གཏོང་དགོས་ཀྱང༌། རུ་ཚོགས་ཏེ་རྩ་མེད་གཙང་དག་བྱེད་ངེས་པས། དེ་ལ་ཏང་ཀྲུང་དབྱང་གིས་ཐུགས་ཁྲལ་གནང་དགོས་དོན་མེད།
༡༥ གཞན་ཡང་ད྄་ལྟའི་རྒྱལ་སྤྱིའི་གནས་བབས་དང༌། རྒྱ་ནག་གི་ལོ་རྒྱུས་འཕེལ་རིམ་ལ་གཞིགས་ནས བོད་ཀྱི་མདུན་ལྗོངས་ལ་བལྟས་ན། ང་ལ་བོད་རང་བཙན་ཐོབ་རྒྱུའི་རེ་བ་ཇེ་ཆེར་འགྲོ་གི་འདུག་མོད།  ངེད་ཚང་གི་བྱ་བཏང་སྲིད་དོན་པ་ཚོས་བོད་རང་བཙན་ལོན་ས་མ་རེད་ཅེས་སྐུ་རྩེད་གནང་བར་བརྟེན། བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་མང་ཚོགས་ཀྱང་ཟེར་རྗེས་སུ་རྒྱུག་ནས་མི་མང་གི་སེམས་ཤུགས་ཆག་སོང་བ་ཡིན་ན། ང་ཚོའི་རེ་བ་འདི་བཞིན་རེ་ཞིག་བྲིམ་ཟིན་པའི་བཙན་པོའི་བང་སོར་གཏེར་དུ་སྤོས་རྒྱུ་ལས་ཐབས་གཞན་མེད་པས། མདོར་ན་ངའི་ཐ་མའི་སེམས་ཁྲལ་རང་བཙན་སླར་གསོ་ཐུབ་མིན་དེ་མིན་ལ། ང་ཚོ་བོད་མི་རིགས་ལ་རང་བཙན་དགོས་མིན་འདི་ཆགས་ཡོད།
སླར་སྨྲས་པ། སྔོན་རྒྱ་མིས་བོད་འདི་མུ་ཏིག་མགུལ་རྒྱན་ཏུ་རློམ་ནས་བཙན་འཛུལ་བྱས་མོད། ད་ཆ་རིམ་པའི་ངོ་གདོང་གི་སྨེ་སྐྲན་དུ་གྱུར་ནས་ན་ཟུག་གཏོང་མགོ་བཙུགས་ཏེ། སྲིད་འབྱོར་རིག་གསུམ་སོགས་གང་ཐད་ནས་གྱོང་ལས་མེད་ལ། ཁྱད་པར་དུ་ད་ལོ་དུས་ཟིང་རྐྱེན་པས་རྒྱ་གཞུང་གི་གདོང་པ་ཐང་ལ་འཕང་ཡོད་པ་མ་ཟད། རྒྱ་རིགས་མང་པོ་ཞིག་ཕྱིར་ཐོན་མགོ་བཙུགས་སོང་དུས། རྒྱ་གཞཱུང་གི་སྙན་ཐོའི་ནང་ཡུལ་སྐོར་བ་མ་བྱུང་པར་བརྟེན། མདོ་དབུས་ལྕགས་ལམ་གཅིག་པུར་ད་ལོ་གྱོང་ཁ་གསབ་ཆེད་རྒྱ་སྒོར་དུངཕྱིར་༡༣ གཏོང་དགོས་ཆགས་པ་དང༌། དུས་ཟིང་ནང་རྔ་བ་རྫོང་གཅིག་པོ་ལ་གྱོང་ཕོག་པ་ལོ་བཅུ་བཞིའི་རིང་གི་རྫོང་དེའི་རྒྱལ་དམངས་དཔལ་འབྱོར་གྱི་ཡོངས་བབ་ཧྲིལ་བོས་ཁ་གསབ་མི་ཐུབ་ཟེར། དེ་བཞིན་རྒྱ་གཞུང་གིས་བོད་འབྲེལ་གྱི་ཕྱི་སྲིད་གནོན་ཤུགས་གཡོལ་ཆེད། ཕྱི་རྒྱལ་ཁག་ལ་ཕམ་ཚོང་བརྒྱབ་པར་ཚད་གཞི་མེད་པ་ཆགས་ཡོད། དེ་ལྟ་ན་ཁོ་ཚོར ༼བོད་སྟེ་དུས་རབས་ཉེར་གཅིག་པའི་རྒྱ་མིའི་གདོང་གི་སྨྲེ་སྐྲན༽ འདི་བཀོག་འདོད་ཡོད་པ་བཤད་མ་དགོས། དེ་མ་གཏོགས་དེང་གི་རྒྱའི་རྩ་ཁྲིམས་ནང་གི་མི་རིགས་ས་གནས་རང་སྐྱོང་ཟེར་བ་འདི་བོད་པ་ཞིག་གིས་ཐོས་ན་རྣམ་རྟོགས་ལངས་བ་མ་ཟད། ད་ཆ་རྒྱ་གཞུང་གིས་ཀྱང་ལམ་ལུགས་འདི་ཇི་ཙམ་འཐུས་ཚང་དུ་བཏང་ཡང་རྙོག་ཟིང་ཆེ་རུ་འགྲོ་གི་ཡིན་པ་སེམས་ན་ཁྲིག་ཁྲིག་རེད། འོན་ཏེ་རྒྱ་གཞུང་ལ་ཁྲིམས་སྒྲིག་བཅོས་བསྒྱུར་གྱིས་སོ་སོའི་གདོང་གི་སྨེ་སྐྲན་བཀོག་སྐབས་ཚ་ཟུག་མེད་པ་དང༌། བཀོག་ཤུལ་དུ་རྨ་ཁ་མེད་པའི་ཐབས་ཤེས་སྙིང་རྗེ་བོ་ཞིག་རྙེད་མེད་ལ། དེ་ནི་དེང་སྐབས་རྒྱ་ནག་གི་སྣེ་ཤན་པ་ཚོར་སྤྱི་ཚོགས་ཀྱི་འགལ་བ་བཤགས་བཅོས་བྱེད་མཁན་སྨན་པ་མེད་པས་ཡིན། བཙན་བྱོལ་གཞུང་ལ་ཆགས་བཞག་ནའང༌། རང་བཙན་གྱི་ལས་ཀ་སྤུས་དག་ཅིག་བྱེད་ཐུབ་མེད་ཁར། ཐ་ན་སོ་སོས་ཞེ་འདོད་ཙམ་ཡང་ཁ་སངས་ཐུབ་གྱི་མེད། སྤྱིར་འཚོ་བའི་ཆོས་ཉིད་ནི་མ་བརྩད་ན་ཇི་གང་མི་ཐོབ་མོད། རྩོད་ལེན་བྱེད་པོས་སོ་སོས་དགོས་འདུན་ཁ་མ་གསལ་ན། ཕ་རོལ་པོས་ཁྱེད་ལ་ཅི་ཞིག་ཇི་ལྟར་སྤྲོད། ང་ཚོ་རང་བཙན་ནས་ལམ་དབུ་མར་བབ། དེ་ནས་ས་གནས་རང་སྐྱོངས་ཐོག་ཟགས། ད་བོད་དོན་ལབ་ན་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་མིན། བདེན་པ་དང་བདེན་པ་མ་ཡིན་པའི་འཐབ་རྩོད་ཡིན་ལུགས་དཀྲོགས། ང་རང་ཚོའི་ཁ་བཤད་ལ་འདི་ལྟར་གཞི་འཛིན་ས་ཞིག་མེད་སྟབས། རྒྱ་གཞུང་གིས་ཏཱ་ལའི་རུ་ཚོགས་ཀྱི་ཅི་བཤད་མ་ལྟོས་པར། ཅི་བྱེད་བལྟས་ཡོད་ལབ་པ་ལན་དག་དག་ཐེབས་འདུག་སྙམ།
 མཐའ་དོན། འདི་ཕྱོགས་ནས་རང་བཙན་ལེན་སྟངས་མ་ཤེས་པ་དེ་ཁ་མ་སངས་པར། དེའི་ཚབ་ལ་རང་བཙན་མི་དགོས་ཁུལ་བྱེད་པ་དང༌། ༼རང་བཙན་རག་ན་བལ་ཡུལ་དང༌། ཨ་ཧཕེའི་རི་གའི་རྒྱལ་ཁབ་ག་གེས་མོ་ཞིག་བྱུང་ཡང་ཅི་བྱེད། དེ་ལས་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་གི་ཆ་ཤས་བྱས་ན་དགའ་ཟེར་མཁན་ཡང་ཡོད༽ འདི་ལྟར་ཕྱོགས་གཉིས་ནས་སོ་སོའི་ཞེ་འདོད་དངོས་མ་དེ་སྤས་བསྐུང་གིས། གཅིག་གིས་སྤྲོད་འདུན་ཡོད་ཀྱང་མི་སྤྲོད་མདོག་མདོག་དང༌། གཅིག་གིས་ཐོབ་ན་བསམ་མོད་མི་དགོས་མདོག་མདོག་གི་ཐབས་ཇུས་ཉི་ཚེ་བ་ཞིག་བཟུང་བའི་རྐྱེན་གྱིས། ད་བར་རང་གཞན་གཉ྄ིས་ག་ཕོངས་སུ་འཇུག་རྒྱུ་ཙམ་ལས་མ་འཇོན་པ་རེད། དེ་ལས་འདི་ཕྱོགས་ནས་རང་བཙན་ལེན་དགོས་འདུན་འཆར་གཞི་ཁ་གསལ་འདོན་ན། རྒྱ་གཞུང་གིས་ཀྱང་དེ་ལ་འབབ་པའི་གོང་ཚོད་རྒྱག་ངེས་རེད།།
 
་་་་་་་དེང་སྐབས་ལམ་དབུ་མའི་མིང་བྱང་འཁུར་མཁན་ཚོས། བོད་རང་བཙན་ལབ་ན་ལམ་དབུ་མའི་གནས་བབ་རྩོད་རྒྱུར་མི་གནོད་ཟེར། དེ་བདེན་པ་ཡིན་སྲིད་མོད། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལམ་དབུ་མར་ཕྱིན་པ་འདིས་རང་བཙན་ལ་གནོད་ལས་ཕན་མེད་ལ། མ་གཞི་ལམ་དབུ་མ་འདི་ལམ་ཞིག་ཡིན་པའི་དབང་དུ་བྱས་ན་ལམ་གོར་གོར་ཞིག་རེད། ལམ་འདི་ནས་འགྲོ་མཁན་ཚོ་ ༼བོད་རྒྱའི་འབྲེལ་མོལ་ལ་གོ༽ ཅིག་ལ་སོང་ཡོད་པ་ཡིན་ན་སྐོར་ར་གཅིག་སྐོར་ཡོད། ང་ཚོ་ལམ་འདིར་ལོ་ངོ་སུམ་ཅུའི་རིང་ཕྱིན་ནས་ཐ་མར་སླེབས་ས་དེ་ཐོག་དང་པའི་མགོ་འཛུགས་ས་ཡིན། གནས་དེ་རུ་རྙིང་བཞི་རྩ་གཏོར་དང༌། ལྷ་འདྲེ་གཏོན་བགེགས་ཚར་གཅོད་བྱེད་པའི་རིག་གནས་གསར་བརྗེ་ལས་འགུལ་ད་དུང་འཇགས་མེད། འཆར་ཟླའི་ཚོགས་ཆེན་འདི་ནི་ལམ་དབུ་མར་ཕྱིན་ནས་སྐོར་ར་གཅིག་ཐེབས་པའི་འགྲུབ་སྟོན་ཡིན་ལ། སླར་ཡང་ལམ་འདིར་འགྲོ་མིན་གྱི་འགག་རྩའི་དཀྱོགས་མཚམས་ཀྱང་ཡིན་ན། འུ་ཚང་གི་ཞི་མོལ་གྱི་མིང་བྱང་འཁུར་མཁན་ཚོས་ཀྱང་ད་ནི་ལམ་འདི་གོར་གོར་ཡིན་པ་དང༌། ལམ་དེ་ནས་སོང་ན་སླེབས་ས་འདི་ལས་མེད་པ་ཤེས་དགོས་ཚོད་ཡིན། ཁྱད་མཚར་ཞིག་ལ། ཁོ་ཚོ་ལམ་ནོར་དེར་ཐུགས་སྤྲོ་བ་ཆེན་པོས་ཕེབས་དོན་ཅི་ཡིན་ནམ། ང་ཚོས་ལམ་གོར་གོར་འདིར་ཕྱིན་པའི་རིང་སྐད་ཆ་ཡག་ས་ནས་བཤད་ན། མི་སེམས་ཀྱིདངས་གཙང་ཆ་དང༌། གུ་ཡངས་ཀྱི་ཆ་ཚང་མ་བསྟན་ཚར་ཡོད་ལ་སྐད་ཆ་སྡུག་ས་ནས་བཤད་ན་ཕམ་ཚོང་མ་རྒྱབ་བསམ་པ་དང༌། བྱབ་མ་བསྐྱལ་བསམ་པ་མེད་མོད། སྟབས་ཡག་ནས་མི་རིགས་ས་གནས་རང་སྐྱོང་ལྋགོང་ས་མཆོག་གིས་མཚན་རྟགས་མ་བཀོད་ཙམ་པོ་དང༌། བཙན་བྱོལ་གཞུང་ལ་སྒོ་ཐམ་མ་བརྒྱབ་ཙམ་པོ་འདི་བཞིན་ང་ཚོ་འདི་ཕྱོགས་གྲུང་སོང་བ་མ་ཡིན་པར། ངས་བལྟས་ན་ཕར་ཕྱོགས་ལ་དོག་པ་ཚ་དྲགས་པས་རེད། རྒྱུ་མཚན་དེའི་དབང་གིས་བོད་རང་བཙན་རྩོད་མཁན་དང༌། ལམ་གོར་གོར་ནང་མགོ་འཁོར་ནས་འདུག་མི་འདོད་མཁན་ཚོས། ད་ནི་ཁ་ཕྱོགས་ལ་འགྱུར་བ་ཞིག་གཏོང་རྒྱུར་ཤུགས་རྒྱག་དགོས་པ་མ་གཏོགས འུ་ཚང་གི་ཁ་ལ་དབུ་མ་བཟས། རྒྱབ་ལ་དབུ་མ་྄གྱོན་པའི་གཙོ་རྒྱུག་སྤྱི་ཚོགས་ (status quo) དང༌། དེ་དག་གི་ཁ་སྔ་རྗེས་ནས་ཤ་རྒུམ་ཚིལ་རྒུམ་རེ་འཐུ་མཁན་ཚོས་ལམ་ནོར་འདི་ལ་ཡོ་བསྲང་བྱ་རྒྱུའི་རེ་བ་བཅངས་ན། རྦད་དེ་རེ་སྟོང་རང་ཡིན་་་་་་་་་་་

༡ གྲོས་འཆར་འདིའི་དམིགས་ཚད་ད་ལྟའི་རྒྱ་དམར་གཞུང་དང་མ་འོངས་པའི་དམངས་གཙོ་གཞུང་ཉིས་ཆ་ཡིན།
༢ ད་ཆ་གྲོས་ཆར་འདི་བཞིན་བོད་རྒྱ་གཉིས་གཙོས་འཛམ་གླིང་མི་མང་ལ་བསམ་ཤོག་གི་ངོ་བོར་བཀྲམས་རྒྱུ་ཡིན།
༣ བསམ་ཤོག་བསྡུ་བའི་ལས་འགུལ་འདི་ད་ལོའི་ཚོགས་ཆེན་དང་པོ་ནས་འགོ་བཙུགས་ཏེ་དུས་ཡིན་ལོ་གཅིག་ཡིན།
༤ ལོ་རྗེས་མའི་དེ་རིང་བསམ་ཤོག་བསྡུས་པའི་གྲུབ་དོན་བརྒྱུད་ལམ་ཁག་ལ་སྙན་སྒྲོག་བྱེད་རྒྱུ་ཡིན།
༥ མང་ཚོགས་ཀྱི་དགོངས་འཆར་ལ་གཞིགས་ཏེ་སྐབས་དེར་བཟོ་བཅོས་བྱེད་རྒྱུ་ཡིན།
༦ དེ་དུས་སྲིད་དོན་ལ་ཕན་རེ་བྱུང་ན་བོད་གཞུང་དང་རྒྱ་གཞུང་གཉིས་ཀྱིས་གཙོས་གཞུང་འཛིན་སྡིངས་ཆར་འབུལ་རྒྱུ་ཡིན།
༧ སྐབས་དེར་གཞུང་ཕྱོགས་ནས་ལན་ཡོང་མིན་ལ་མ་ལྟོས་པར་ལས་འཆར་ལག་བསྟར་ལ་ཞིབ་འཇུག་བྱེད་རྒྱུ་ཡིན།
༨ བསམ་འཆར་འདོན་མཁན་ཚོས་གྲོས་འཆར་གྱི་དོན་ཚན་སྤྱི་དང་བྱེ་བྲག་ཏུ་དབྱེས་ཏེ་དགེ་སྐྱོན་བརྗོད་ས་ཡོད།
༩ ད་ལྟ་གྲོས་འཆར་འདི་ནི་སྐྱེས་བུ་སྒེར་པ་ཁག་ཅིག་གི་བསམ་ཚུལ་ཡིན་ན་ཁྲིམས་སྒྲིག་གི་དབང་ཚད་གང་ཡང་མེད།

                    ཕྱི་ལོ་ ༢༠༠༨ ཟླ ༡༠ ཚེས་ ༢༨ ཉིན་བོད་གཞུང་ཟློར་གར་ཚོགས་ཁང་ནང་ཁྱབ་བསྒྲགས་བྱས།

༡་    འབྲེལ་བ་བྱེད་སའི་མྱུར་འཕྲིན་ཁ་བྱང༌། ༩༤༡༨༣༢༩༣༤༨ རྒྱ་གར
༢་    འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས། shamatsock@yahoo.com
༣་    འབྲེལ་བ་བྱེད་སའི་བསྡོད་གནས་ཁ་བྱང༌།

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

མཆན། 10

  1. མྱི་སྨྱོན། says:
    ལོ་ 17 སྔོན།

    ང་རང་བཙན་བརྩོད་མཁན་ཞིག་ཡིན་པའི་༼རྒྱ་གར་འོག་གི་འབྲུག་ནང་བཞིན༽ བསྡད་ཆོག ཞེས་པ་འདི་ནམ་ཡང་ངེས་ལེན་བྱེད་ཐབས་མེད། རྒྱ་གར་གྱི་འོག་གི་འབྲུག་དང་བོད་གཉིས་ནམ་ཡང་བསྡུར་ཐབས་ཡོད་པ་མ་རེད། རྒྱུ་མཚན་མང་པོ་ཡོད་ཡང་། བྲེལ་ཚུབ་དབང་གིས་མདོར་བསྡུས་ཞིག་བཤད་པ་ཡིན།

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 17 སྔོན།

    མྱི་སྨྱོ། ངས་ཁྱེད་ལ་རེ་བ་ཅིང་བརྒྱབས་མེད། རྒྱུ་མཚན། ང་སྨྱོས་མེད་པའི་མི་ཞིག་གིས་སྨྱོན་པ་ཞིག་ལ་རེ་བ་རྒྱག་མི་སྲིད་མོད། ཁྱོས་ངའི་དོན་ཚན་བཅོ་ལྔ་འདི་མིང་བསྒྱུར་བ་ཙམ་མ་གཏོགས། བོད་གཞུང་གི་དབུ་མའི་ལམ་རེད་ཟེར་ལ། ཁྱོད་རང་བཙན་རྩོད་མཁན་ཞིག་ཡིན་ཟེར་སྟབས། དོན་མཚན་བཅོ་ལྔ་འདི་ལས་ལྷག་པའི་རང་བཙན་ཞིག་དགོས་ཀྱིན་ཡོད་མདོག་བྱས་པ་དེས་ངར་རེ་བ་ཅུང་སླེབས་སུ་བཅུག དེས་ན་ཁྱོའི་རང་བཙན་དེ་ག་འདྲ་ཞིག་ཡིན་མིན་བརྗོད་དང༌།
    ཤ་ཁྲག་རུས་གསུམ་ལ་ཟློ་བ། ངའི་རང་བཙན་དོན་ཚན་བཅོ་ལྔ་དེར་ཁྱོས་ཀྱང་བོད་གཞུང་གི་དབུ་མའི་ལམ་མིང་བསྒྱུར་བྱས་འདུག་ཟེར། ངས་བོད་གཞུང་ལ་དབུ་མའི་ལམ་གྱི་འཆར་གཞི་འདི་འདྲ་ཞིག་ཡོད་པ་མཐོང་མ་སོང༌། ཁྱོས་དེ་འདྲ་ཞིག་མཐོང་ཡོད་ན། དྲ་ངོས་འདྲིར་ཅིག་བརྗོད་དང༌།
    ད་དུང་གནས་ཚང་གིས་ཐབས་ལམ་མི་འདུག་ཟེར་བ་དེ་ཡང་ང་ལ་གོ་རྒྱུ་བཏང་བ་ཡིན་ན། ད་ལྟའི་སྐབས་འདིར་ངས་དགོས་འདུན་གསལ་སྟོན་བྱས་པ་ཙམ་ལས། དེ་སྒྲུབ་པའི་ཐབས་ལམ་གསལ་ཁ་བཀོད་མེད། ཐབས་ལམ་གྱི་ཆ་ནས་བོད་ནང་ལ་མཚོན་ན། མཉམ་འབྲེལ་མི་བྱེད་པའི་མང་ཚོགས་ཀྱི་ལས་འགུལ་སྒང་ཤུགས་རྒྱག་དགོས་ལ། ལས་འགུལ་འདི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་བྱེད་སྒོ་རྣམ་བཞག་དེབ་དང་དེབ་བྱས་ཏེ་བྲིས་ཡོད་སྟབས། ངས་འདིར་བརྗོད་རྒྱུ་མིན།
    ཡང༌། དྲ་གྲོགས་དོན་ཁོས་ཝང་ལུ་ཞུང་གི་རྩོམ་ཡིག་ཅིག་བསྒྱུར་ཏེ་འདིར་བཀོད་འདུག་ན། རིགས་ལམ་འདི་ངའི་དོན་ཚན་བཅོ་ལྔའི་རྒྱབ་བརྟེན་བྱ་ཆོག་པར་བརྟེན། རྗེས་ཕྱོགས་དྲ་གྲོགས་ཚོས་འདི་འབྲེལ་གྱི་རིགས་འགྲས་རྩོམ་ཡིག་གང་མང་འདིར་འགོད་ཐུབ་པའི་རེ་བ་ཡོད་ལ། མཐའ་དོན། ཕྲན་གྱི་དོན་ཚན་བཅོ་ལྔ་འདི་སྤྱི་ཚོགས་ཀྱི་སྣང་ཚུལ་གསལ་སྟོན་བྱས་པ་ཙམ་ལས། རང་ཉིད་ཀྱི་ཞེ་འདོད་ཕར་ཁྱབ་འགེབ་བྱ་རྩིས་མིན་པ་ཅིས་ཀྱང་བློ་ངེས་ཐོག དྲ་གྲོགས་ཚོས་དོན་ཚན་བཅོ་ལྔ་འདིའི་དགེ་སྐྱོན་རྗོད་སྐབས། དོན་ཚན་སྤྱི་དང་བྱེ་བྲག་ལ་དགོངས་ཚུལ་བརྗོད་རྒྱུ་མ་ཟད། ཚིག་སྦྱོར་གོ་བདེ་མིན་དང་གོ་རིམ་སྒྲིག་སྟངས་བཅས་ལ་བསམ་ཚུལ་དུས་ཐོག་བརྗོད་ཐུབ་པའི་རེ་སྐུལ་ཞུ་རྒྱུ་ཡིན།

    Reply
  3. དོན་གོ says:
    ལོ་ 17 སྔོན།

    རྒྱ་ནག་གིས་བོད་ལ་རང་བཙན་སྤྲོད་པའི་ཉེན་ཁ།
    ཝང་ལི་ཞོན། དོན་གོས་བསྒྱུར།
    མི་སུ་ལའང་ད་ལྟའི་དུས་འདིར་རྒྱ་ནག་གིས་བོད་ལ་རང་བཙན་སྤྲོད་སྲིད་པའི་བསམ་བློ་འཁོར་གི་མེད། དེ་བཞིན་ལོ་དུ་མའི་ཡར་སྔོན་དུའང་སུ་དང་གང་གྀས་རྒྱ་ནག་གིས་ཕྱི་སོག་གྱི་རང་བཙན་ལ་མོས་མཐུན་བྱེད་ཀྱི་མ་རེད་བསམ། དེ་ལྟ་ནའང༌། ལོ་རྒྱུས་ཀྱིས་ང་ཚོར་དངོས་སུ་བསྟན་ཡོད་པ་ནི། ཕྱི་སོག་རང་བཙན་བྱས་ཟིན་ཡོད་པར་མ་ཟད་ད་ལྟའི་པེ་ཅིན་གྱི་སྲིད་དབང་བར་རྩོད་གླེང་ཡང་མེད་པར་གྱུར་ཡོད།
    ཕྱི་སོག་རང་བཙན་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁོང་ཚོར་ར་ཤི་ཡའི་རྒྱབ་རྟེན་ཡོད་པས་རེད། རྒྱ་ནག་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་སྲིད་དབང་འཐབ་རྩོད་ཀྱི་དུས་དེར། ར་ཤི་ཡས་ཕྱོགས་གང་ལ་རྒྱབ་སྐྱོར་བྱས་པ་དེར་རྒྱ་ནག་གི་སྲིད་དབང་ཐོབ་ངེས་རེད་ལ། སྐབས་དེའི་གོ་མིན་ཏང་སྲིད་གཞུང་ངམ་ཡང་ན་རྗེས་ཕྱོགས་ཀྱི་གུང་ཁྲན་སྲིད་གཞུང་གང་ཡིན་ཡང༌། ར་ཤི་ཡའི་རྒྱབ་སྐྱོར་རག་ཆེད་དུ་ཕྱི་སོག་གྱི་རང་བཙན་ཁས་ལེན་བྱས་པ་རེད།
    བོད་ལ་མཚོན་ན། གལ་སྲིད་རྒྱ་ནག་གི་སྲིད་དབང་སྲ་བརྟན་དུ་གནས་ཚེ་བདག་དབང་ཐོག་གུ་ཡངས་ཀྱི་རྣམ་པ་ཡོང་གི་མ་རེད་བསམ་མོད། གལ་སྲིད་མ་འོངས་པར་རྒྱ་ནག་ནང་ཁུལ་མི་མཐུན་པ་དང༌། རང་མགོ་རང་རྒྱལ། ས་གནས་དཔའ་བོ་སྡེབས་ལངས་བྱས་པའི་ཉིན་མོར་འདས་ཟིན་པའི་ཕྱི་སོག་རང་བཙན་གྱི་ལོ་རྒྱུས་དེ་བསྐྱར་ཏུ་སྟོན་ཐུབ་པ་ཡིན་ན། ལོ་རྒྱུས་གསར་བ་ཞིག་ཡོང་མི་སྲིད་པ་མ་རཻད། དབང་ཤུགས་དམིགས་ཡུལ་དུ་བཟུང་བའི་ཆབ་སྲིད་ཀྱི་སྟོབས་ཤུགས་དེ་ནི་ལྷས་གནང་བར་བློམ་པའི་ཁེངས་སེམས་སྟོང་པ་ཆགས་འགྲོ་ལ། དཔེར་ན་གོ་མིན་ཏང་སྲིད་གཞུང་གིས་ཕྱི་སོག་རང་བཙན་གྱི་ལས་འགུལ་ངོས་ལེན་ཕྱིར་བསྡུ་བྱས་དོན་ཡང༌། མཐར་གཏུགས་ན་ར་ཤི་ཡས་རྒྱ་ནག་གུང་ཁྲན་ཏང་ལ་རྒྱབ་སྐྱོར་བྱས་པས་རེད་ལ། རྒྱ་ནག་གཞུང་གིས་འདིས་ཕྱོགས་སུ་སྔར་དང་མི་འདྲ་བའི་རྣམ་རིག་དྭངས་མ་སྒྲིམ་ཡོད། ལོ་ངོ་དུ་མའི་ཡར་སྔོན་ཏུ་ལེ་ཉིན་གྱིས་རང་ཉིད་ཀྱི་སྲིད་དབང་ཡུན་གནས་ཆེད། འཇར་མན་ལ་རང་ཉིད་ཀྱི་མངའ་ཁོངས་ནས་སྤྱི་ལེ་ཁྲི་བརྒྱ་ཕྲག་གི་ས་ཁོངས་བགོ་བྱ་བྱས་པ་དང༌། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྱི་དུས་ཡུན་ཐུང་ངུའི་ནང་མའོ་ཙེ་ཏུང་གིས་ཕྱི་སོག་ལ་རང་བཙན་སྤྲོད་རྒྱུའི་ཁས་ལེན་བྱས་པ་རེད། དེ་ནི་རྒྱ་ནག་དང་ར་ཤི་ཡའི་ཆིངས་ཡིག་ལ་གཞི་བཅོལ་བ་དང༌། ར་ཤི་ཡའི་སྲུང་སྐྱོབ་ཐོབ་ཆེད་ཡིན། མའོ་ཙེ་ཏུང་གིས། མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་དག་ལ་གཡོ་འགུལ་བྱེད་མི་ཕོད་ཅེས་བཤད་ཡོད།
    ད་ལྟའི་དུས་འདིར་རྒྱ་ནག་གི་དཔལ་འབྱོར་ཆེས་འོད་སྟོང་འཕྲོ་བའི་དུས་སྐབས་ཤིག་ཡིན་ནའང༌། ཡུན་རིང་ཉར་ཚགས་བྱས་པའི་སྲིད་དབང་སྒེར་སྤྱོད་ཀྱི་ཆབ་སྲིད་དབང་གིས་སྤྱི་ཚོགས་ཀྱི་རྙོག་དྲ་སྔ་གཞུག་གང་དུ་ཡང་ཡོང་སྲིད་པ་ཞིག་རེད། ད་ལྟའི་སྲིད་དབང་གིས་དཀའ་རྙོག་ཡོད་ཚད་འགེབ་སྲུང་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཡུན་གནས་བྱེད་བཞིན་ཡོད་ནའང༌། སུ་ཞིག་གིས་ཀྱང་དུས་ཡུན་རིང་པོར་དཔལ་འབྱོར་ལ་ཉམས་ཉེས་མི་འབྱུང་བའི་ཁག་ཐག་བྱེད་མི་ཐུབ། དེ་བཞིན་རྒྱ་ནག་གི་དཔལ་འབྱོར་གྱིས་ཀྱང་མངོན་མེད་རྐྱེན་ངན་གང་མང་ཞིག་གསོག་འཇོག་བྱས་ཡོད། གཏོར་བཅོམ་གང་མང་གི་སྟོབས་ཤུགས་གིས་མེ་རི་འཕྱུར་མིན་ལ་སྒུག་ཡོད་པ་དང༌། དཔལ་འབྱོར་ལ་གནད་དོན་ཞིག་བྱུང་ཚེ། འོད་སྟོང་གི་བཞུད་ལམ་དེ་མེད་པར་འགྲོ་ངེས་པ་དང༌། ཆབ་སྲིད་ཉམས་རྒུད་དང་སྤྱི་ཚོགས་གཡོ་འགུལ་ཡང་དེ་དང་ཆབས་ཅིག་འབྱུང་གི་རེད།
    དེ་དུས་སུ་ཞིག་གིས་གནས་སྟངས་འདི་སྐྱོབ་ཐབས་
    བྱེད་པ་དང༌། ཕྱོགས་གང་ཞིག་གིས་སྟོབས་ཤུགས་གིས་རྒྱ་ནག་སྟངས་འཛིན་བྱས་ཡང༌། སྔོན་འགྲོའི་ཆ་རྐྱེན་ནི་འཛམ་གླིང་གི་དཔལ་འབྱོར་དང་རྒྱལ་སྤྱིའི་ཆབ་སྲིད་ལ་སྟངས་འཛིན་བྱེད་བཞིན་པའི་ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་འབྲལ་ཐབས་མེད་པ་ཞིག་རེད། ནུབ་ཕྱོགས་པའི་སྟོབས་ལྡན་རྒྱལ་ཁབ་ཁོ་ནར་གནས་བབ་དང་མཐུན་པའི་སྟོབས་ཤུགས་ཡོད་པ་དང༌།ནུབ་ཕྱོགས་པའི་སྟོབས་ཤུགས་ཁོ་ནས་རྒྱལ་སྤྱིའི་ཁྲིམས་མཐུན་ཀྱི་རྣམ་པ་སྤྲོད་ཐུབ། དེར་བརྟེན། བོད་རྒྱ་སུ་ཞིག་གིས་ནུབ་ཕྱོགས་པའི་འདོད་བློ་སྐོང་ཐུབ་པ་ཡིན་ན་དེ་ལ་ནུབ་ཕྱོགས་པའི་རྒྱབ་སྐྱོར་ཐོབ་ངེས་པའི་འགྲན་བསྡུར་འདི་ལྟ་བུ་ཞིག་འབྱུང་སྲིད་ལ། རྒྱལ་ཕམ་ཡང་འདི་ནས་ཐག་ཆོད་གི་རེད།
    མི་མང་མང་ཚོགས་ནས་གསར་འགྱུར་བརྒྱུད་ལམ་གྱི་བར་དུ་ཚང་མས་བོད་དེ་ནུབ་ཕྱོགས་རྒྱལ་ཁབ་ལ་ཁེན་བསྡད་ཡོད་པར་བསམ་གྱིན་ཡོད། གལ་སྲིད་གོང་བཀོད་དཔལ་འབྱོར་ཉམས་ཉེས་ཀྱི་གནས་སྟངས་དེ་འདྲ་ཞིག་གི་འོག་ནུབ་ཕྱོགས་པས་རྒྱ་ནག་ལ་བོད་རང་བཙན་ཁས་ལེན་གྱི་ཆ་རྐྱེན་བཏོན་པ་ཡིན་ན། དེ་དུས་མཐའ་མཚམས་རྩོད་རྙོག་དང་དཔལ་འབྱོར་ཉམས་ཉེས་ཁྲོད་ཟེགས་བཞིན་པའི་རྒྱ་ནག་སྐྱོབ་པར་ནུབ་ཕྱོགས་པའི་ཁེག་ཐེག་ཐོབ་ཆེད་དང༌། ཡང་ན། ནང་ཁུལ་དབང་ཤུགས་འཕྲོག་རྩོད་ཁྲོད་རང་ལ་ནུབ་ཕྱོགས་པའི་རྒྱབ་སྐྱོར་ཐོབ་ཆེད་རྣམ་པ་གསར་བའི་ཆབ་སྲིད་ཀྱི་བདག་དབང་དེ་ངོས་ལེན་མི་བྱེད་མཁན་སུ་ཞིག་ཡོད་དམ། སྐབས་དེར་རྒྱ་ནག་མི་དམངས་ཀྱིས་ཀྱང་ལྟོག་སྐོམ་དང་ཐ་ན་ཚེ་སྲོག་གི་ཉེད་ཁ་ལ་འཕྲད་བཞིན་པའི་དཀའ་ངལ་གྱི་མདུན་ནས་མི་རིགས་ཆེན་པོའི་རིང་ལུགས་དེ་བློས་གཏོང་སྲིད་པ་དང༌། རྒྱང་ཐག་རིང་བོའི་བོད་ཁམས་སུ་བསྐྱོད་དེ་འདུས་སྡོད་བྱེད་པའི་གནས་སྟངས་དེར་ཡང་འགྱུར་ལྡོག་འབྱུང་མི་སྲིད་པ་ཞིག་མ་རེད།

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    ཤ་ཁྲག་རུས་གསུམ་ལགས།

    ད་རེས་རང་གི་ཚིག་སྙན་པོ་ཁ་ཤས་ལབ་འདུག དེ་བདེན་པ་རེད། མ་གཞི་ཆོལ་ཁ། ཆོས་ལུགས། གྲུབ་མཐའ། ལྷ་སྲུང་ཁག་དབྱེ་བཞིན་པ་ནི་རང་སྲོག་རང་གཅོད་ཀྱི་ལམ་ཁ་ཡག་ཤོས་དེ་ཆགས་ཀྱི་ཡོད།

    གཞན་རང་གིས་ད་དུང་ངའི་དྲི་བ་ཁག་ལ་གོ་བ་ཞེ་དྲག་ལོན་མི་འདུག དྲི་བ་ཐུང་ཐུང་དེ་དག་ཐབས་ལམ་ཐུང་ཐུང་གི་སྔོན་འགྲོ་རེད། ཐབས་ཞེས་པ་ནི་གནད་དོན་ནམ་དཀའ་ངལ་མངོན་ལྐོག་མེད་པར་ཕྱི་ལ་བཏོན་ནས་དེ་སེལ་ཐབས་བཙལ་དགོས་པ་ལས་གནད་དོན་གླེང་མ་ཆོག་པའི་ཐབས་ཤིག་བརྙེད་རྒྱུ་ཁག་པོ་ཆགས་ཡོད། དཔེར་ན། པེ་ཅིང་གིས་བོད་ཀྱི་གནད་དོན་གླེང་མི་ཆོག་ལ་ཁྱོད་ཚོ་ཕྱིར་ཇི་ལྟར་ཡོང་བར་གྲོས་བྱེད་ཅེས་པ་ལྟ་བུ་ཡིན། རང་གིས་བལྟས་ན་དེ་འདྲ་ཞིག་རེད་དམ།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་གནས་ཚང་ལགས། གཅིག་མ་ཚང་བ་དེ་འདི་རེད། དེ་ནི་ལག་ལེན་ཟེར་བ་དེ་ནི་ཡིག་ཐོག་གི་སྐད་ཆ་ཙམ་ཞིག་མིན་དུས། ངེད་ཅག་གིས་རང་རང་གི་ཉེ་ཁོར་ནས་འགོ་བཙུགས་དེ་བོད་མི་ཕན་ཚུན་ལ་སེམས་ཐག་ཉེ་རུ་གཏོང་བ་དང་མཐུན་ལམ་ཡོད་པ་བྱེད་རྒྱུ་དེ་ཡིན། དེ་ནི་སྐྱེ་བུ་རང་རང་གི་རྣམ་དཔྱོད་དང་བསྟུན་ཤེས་མིན་ལ་ཧ་ཅང་རེག་ལས་ཡོད་ལ། དམིགས་གསལ་དུ་མི་སུ་ཞིག་གིས་བོད་དོན་གླེང་ས་རུ་ཆོལ་ཁ་དང་ཆོལ་ལུགས་ཀྱི་ཕྱོགས་ཁག་ཕྱེ་ནས་སྐད་ཆ་བཤད་ཀྱི་ཡོད་ན་དེ་ལ་དེ་ལྟར་མིན་ཚུལ་དང་བོད་ཟེར་བ་ནི་གཅིག་ལས་གཉིས་ཤིག་མེད་པར་གསལ་བཤད་བྱེད་ཐུབ་པ་ནས་ཕན་ཚུན་ལ་ཡིད་ཆེས་ཡོད་པ་བྱེད་དགོས། དེ་ལག་འགྲུབ་བྱུང་སོང་བ་ཡིན་ན། ད་གཟོད་ང་ཚོས་བོད་མི་ཚང་གི་ལས་དོན་གང་ཡིན་ཡང་ལག་ལེན་ལ་བསྟར་རྒྱུར་དཀའ་ངལ་ཆེན་པོ་མེད། ཁྱེད་རང་གིས་ནམ་རྒྱུན་དུ་དྲི་བ་ཐུང་ཐུང་རེ་བཙལ་ནས་འདུག་པ་ལས། ཐབས་ལམ་ཐུང་ཐུང་རེ་ང་ཚོ་དང་ལྷན་དུ་གྲོས་མོལ་གནང་རོགས་ཞུ།

    Reply
  6. གནས་ཚང་། says:
    ལོ་ 17 སྔོན།

    སྤོབས་པ་ཡག་པོ་འདུག་ལ། བསམ་ཚུལ་བསྡུ་ལེན་བྱེད་སྟངས་དེ་ལས་ཀྱང་ཡག་པོ་འདུག ཡིན་ནའི། གཅིག་ཚང་གི་མི་འདུག དེ་ནི་ཐབས་ལམ་གང་སྤྱད་ནས་ལག་ལེན་ཁྱབ་ཁོངས་སུ་སླེབས་ཐབས་བྱེད་རྒྱུ་ཡིན་ནམ།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་མྱི་སྨྱོན་ལགས། ངས་བསམ་ཚུལ་དེ་ཨ་ཚོགས་ཀླུ་མཁར་བྱམས་ལ་བྲིས་མོད། ལན་འདེབས་མཁན་གྱིས་ལན་མ་སླེབས་གོང་། ཁྱེད་ཀྱིས་ངས་ཟིན་བྲིས་གཞན་དུ་སྤེལ་ཟིན་ནང་དོན་དང་འདྲ་བའི་སྐད་ཆ་ཞིག་བཤད་དོན་གང་ལ་ཐུག་སོང་བ་ཡིན་ནམ། ངས་རང་བཙན་དང་དབུ་མའི་ལམ་གང་ཞིག་ཡིན་ཡང་རེད་བོད་མི་མང་གིས་ལག་ལེན་དུ་བསྟར་ཐུབ་ཀྱི་མེད་པ་བརྗོད་ཚར་མོད། དམིགས་གསལ་གྱིས་༧གོང་ས་མཆོག་གི་བཏོན་གནང་བའི་ལམ་དབུ་མ་བོད་མི་མང་གིས་ངོ་ཤེས་ཀྱི་མི་འདུག་ཟེར་དོན་ཡང་དེ་ལས་ཕར་རྒྱབ་དུགསང་བ་གང་ཡང་མེད། རྒྱུ་མཚན་ནི་བོད་གཞུང་གི་ལས་བྱེད་ནས་ཁྱེད་དང་ང་ཚུན་ཆད་ནས་༧གོང་ས་མཆོག་ལག་པ་འཕྱི་ས་བྱེད་པ་ལས་འགན་ཡོད་པའི་ངང་ནས་ལག་ལེན་ཡོད་པ་ཞིག་བྱེད་ཐུབ་ཀྱི་མེད་པ་དེ་ལ་ཟེར་གྱི་ཡོད་པ་དེ་ཁྱེད་རང་གི་མ་ཤེས་པ་ཡིན་ནམ། ཤེས་ནས་བཙན་བཤད་བྱེད་འདོད་པ་རེད། གང་ཡིན་ཡང་ཆོག ང་ཚོས་བོད་མི་ཚོ་བཤད་ཡམ་གྱི་ནད་ཚ་ཞིག་ལས་ལག་ལེན་གྱི་ནུས་པ་མེད་སྟབས། དུས་ད་ལྟ་ཛ་དྲག་གི་དུས་འདི་ལ་ཡང་བཤད་ཡམ་གྱི་ནད་ཚས་མ་གཏོང་བར་ཕན་ཚུན་ལ་སྐྱོན་བརྗོད་བྱེད་པ་ལས་གང་བྱེད་ཐུབ་པ་དང་གང་བྱེད་དགོས་པའི་སྐོར་གྱི་གྲོས་ཁ་མཐུན་པོ་ཞིག་ཡོང་མ་ཐུབ་པར་ལུས་ཡོད་པ་རེད། ལྷག་པར་དུ་ཆིག་སྒྲིལ་མེད་པའི་མི་མང་ནི་ནམ་ཡང་ཡར་ཐོན་ཡོང་མི་སྲིད་སྟབས། ང་ཚོས་རང་རང་གི་ལྟ་ཚུལ་ཕྲན་པུ་རེ་ལ་ཨུ་ཚུགས་བྱེད་པར་གོམ་པའི་གཤིས་ཀ་དེ་འགྱུར་བ་གཏོང་བའི་ཐད་དུ་བསམ་བློ་མེད་པ་ནས་ཡོད་ཀྱང་སྒྲུབ་མ་ཐུབ་པར་ལུས་པས་སྐྱོན་ཆ་དེས་བོད་གངས་ཅན་ཚང་ལ་གྱོང་རྒུད་ཐེབས་བཞིན་ཡོད་པ་རེད་ལ། སྣེ་ཁྲིད་པའི་ལམ་སྟོན་འོག་ཆིག་སྒྲིལ་མེད་པ་དང་མཐུན་ལམ་བྱེད་མ་ཐུབ་པའི་ཆོལ་ཁ་ཆོས་ལུགས་ཀྱི་ནད་ཡམ་ངན་པ་འདིས་བོད་མི་ཚང་གི་བླ་སྲོག་གཅོད་རྩིས་བྱེད་ཀྱི་ཡོད་པ་ཨེ་ཤེས། མ་ཤེས་ན་ག་ལེར་བསམ་བློ་ཨེ་ཐོངས་ལྟོས།

    Reply
  8. མྱི་སྨྱོན། says:
    ལོ་ 17 སྔོན།

    ངེས་དབུ་མའི་ལམ་ནོར་ཡོད་རེད་བརྗོད་འདོད་བྱུང་མེད། དབུ་མའི་ལམ་ལག་ལེན་ལ་འཁེལ་མཁན་རྣམས་རྐང་བརྐྱངས་ངང་གནས་འདུག་བརྗོད་ཀྱི་ཡོད། ཁྱོད་ལྟ་བུ་ཁ་ཤེས་ཀྱིས་འདི་ལྟར་ཕྱོགས་གཉིས་ཀྱིས་གཅིག་གིས་གཅིག་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་བརྗོད་ཀྱི་ཡོད་པ་རེད། འདི་ལྟར་བོད་མིའི་ཁྲོད་སྐད་ཆ་འཐར་ཐོར་ཁུར་འགྲོ་བཞིན་པ་དག་དངོས་གནས་སྐྱོ་བོ་རེད། ང་ཚོ་རང་བཙན་བརྩོད་མཁན་ཚོས་རང་ཉིད་ཀྱི་དབུ་མའི་ལམ་ནས་འདོད་པ་མ་ཚུམ་ནས་རང་བཙན་བརྗོད་ཀྱི་ཡོད་རེད། འདི་ཆབ་སྲིད་རེད། ཆབ་སྲིད་ཞེས་པ་རང་ཉིད་ཀྱི་འདོད་བློ་མ་ཁང་བའི་ཉིན་པོ་འབྱུང་་རེད། རང་བཙན་ལ་ཡང་ཁོ་ལ་བསམ་ཚུལ་དང་ལྟ་གྲུབ་ཡོད་པ་ལས་ཁ་ནས་རང་བཙན་བརྗོད་པ་ཙམ་གྱིས་རང་བཙན་མ་རེད་འདི་ཤེས་དགོས། མི་མང་ལ་སྣེ་སྟོན་ཞེས་པ་ཁྱོད་ཀྱི་ང་ལ་གདངས་འཇོག་ཆེ་དྲག་པ་རེད། འདི་ངས་བསམ་ཚུལ་དང་རང་ཉིད་ཀྱི་ལམ་ཁ་ཡིན་པ་ལས་ཁྱོད་ཚོ་འདི་ལ་འགྲོ་དགོས་བརྗོད་ཀྱི་མེད། རང་དབང་རེད།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཨ་ཚོགས་ཀླུ་མཁར་བྱམས། ཁྱེད་རང་ཆབ་སྲིད་ལ་ཅུང་ཙམ་གསལ་ཆ་ཡོད་པར་འདོད་མཁན་ཁྱེད་ཀྱིས་ཕྱོགས་ཁག་དེ་ཚོ་ལ་ཁྱེད་ཀྱིས་འདི་ལྟར་ལམ་བསྟན་པ་ནི་དངོས་ནས་དགོད་སྤྲོ་བ་ཞིག་ལས་མི་འདུག ཕྱོགས་གཅིག་ནས་དབུ་མའི་ལམ་ནོར་ཡོད་ཚད་མང་བོ་ཞིག་སྒྲུབ་ཁུལ་བྱེད་ཀྱི་ཡོད་པ་བཤད་བཞིན་ཡོད་ཀྱང་། ཕྱོགས་གཞན་ནས་ཁྱེད་ཀྱིས་བཤད་བཞིན་པ་དེ་ནི་རང་བཙན་གཙང་མ་བརྗོད་མཁན་དག་གི་རེ་འདོད་མ་ཡིན་པར་ཁྱེད་རང་གིས་སྒེར་གྱིས་བསམ་ཚུལ་དབུ་མའི་ལམ་གྱིས་འགྲོ་ལུགས་དེའི་མིང་བསྒྱུར་ནས་བཤད་སྟངས་གཞན་པ་ཞིག་འཚོལ་གྱི་ཡོད་པ་དེ་ལས་གང་ཡང་ཁྱེད་ཀྱིས་བཤད་ཐུབ་ཀྱི་མི་འདུག་ན། ༧གོང་ས་མཆོག་གིས་དབུ་མའི་ལམ་ལ་སྐྱོན་མེད་པ་ནས་སྐྱོན་བཙལ་བས་དུས་ཤིག་གཏན་ནས་རེད་མི་འདུག ཐོག་མར་ཁྱེད་རང་གང་བཤད་པའི་ནང་དོན་རྡོག་རྡོག་ཞིག་ངོས་འཛིན་ཟིན་ན། ད་གཟོད་ཁྱེད་ཀྱིས་མི་དམངས་ལ་སྣེ་སྟོན་པའི་ལམ་ཁ་ཞིག་བཙལ་ན་ཡང་ཕྱི་མེད་པ་རེད།

    Reply
  10. མྱི་སྨྱོན། says:
    ལོ་ 17 སྔོན།

    ཨ་ཚོགས་ཀླུ་མཁར་བྱམས། ཁྱེད་ལ་རེ་བ་ཞིག་བརྒྱ་ཡོད། བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་ ༡༥ ཞེས་པའི་ཁ་བྱང་མཐོང་སྐབས་ལྟ་འདོད་ཧ་ཅང་བྱུང་། ཀློག་ཚར་ནས་ཁྱོད་ལ་ཨ་ཐང་ཆད་སོང་། རང་ཉིད་རང་བཙན་དོན་གཉེར་ཅན་ཡིན་པའི་ཁྱོད་ཀྱི་དོན་ཚན་བཅུ་ལྔ་ལ་འཐད་པ་མེད། འདི་སྔོན་བོད་གཞུང་གི་བཤད་པའི་ཆེས་མཐོས་རང་སྐྱོང་ལྗོངས་དང་ཁྱད་པར་ཆེན་པོ་མི་འདུག མིང་ལ་རང་བཙན་བརྗོད་པ་ཙམ་རེད། སྐུ་མཁྱེན། ཁྱོད་ཡང་ཟམ་གདོང་བླ་མ་ནང་བཞིན་ཚིག་གི་རྗེས་འབྲང་བ་ཞིག་ཆག་བཞིན་ཡོད་ན་ཐུགས་བསམ་བཞེས་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese