ལྷ་ས་ལྷོ་ཁ་དང་ལྷུན་འགྲུབ་རྫོང༌། ཆབ་མདོ། ནག་ཆུ། གཞིས་རྩེ་སོགས་སུ་ཕྱི་ཚེས་ ༢༦ ཉིན་ནས་མཚམས་མ་ཆད་པར་ཆུ་ཚོད་ ༣༦ རིང་གངས་ཆེན་བསྟུད་མིར་བབས་ཏེ་མི་ཕྱུགས་གཉིས་ཀར་ཤི་སྐྱོན་ཚབས་ཆེན་ཕོག་ཡོད་འདུག
ཁ་སང་ཕྱི་ཚེས་ ༣༠ ཉིན་གནས་ཚུལ་ཐོན་གསལ་ལྟར་ན། སྤྱི་ཟླ་ ༡༠ ཚེས་ ༢༦ ཉིན་ནས་བཟུང་ལྷ་ས་ལྷོ་ཁ་དང་ལྷུན་འགྲུབ་རྫོང༌། ཆབ་མདོ། ནག་ཆུ། གཞིས་རྩེ་སོགས་སུ་ཆུ་ཚོད་ ༣༦ རིང་ཁ་བ་མཚམས་མ་ཆད་པར་བབས་ཏེ། མཐུག་ཚད་ལ་སྤྱི་ཁྲུ་གཅིག་ཚེག་བདུན་ ༡༧ ཙམ་ཡིན་ཞིང༌། གོང་གི་ས་ཁུལ་དེ་དག་ལས་གངས་སྐྱོན་ཚབས་ཆེ་ཤོས་ལྷ་ས་ལྷུན་འགྲུབ་རྫོང་ཡིན་འདུག ས་ཁུལ་དེའི་མི་ ༧ གངས་སྐྱོན་ཁྲོད་འདས་གྲོངས་སུ་སོང་ཡོད་པ་དང༌། སྒོ་ཕྱུགས་ཆིག་ཁྲི་དྲུག་སྟོང་དྲུག་བརྒྱ་ ༡༦༦༠༠ ལྷག་ཤི་ཡོད་འདུག གཞན་མི་སུམ་སྟོང་ ༣༠༠༠ ལྷག་དང༌། སྒོ་ཕྱུགས་ཆིག་འབུམ་ཉིས་ཁྲི་ ༡༢༠༠༠༠ ལྷག་ལ་གངས་འཁྱགས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་ཡོད་འདུག
གངས་སྐྱོན་གྱིས་འགྲིམ་འགྲུལ་ལམ་ཁ་ཆད་དེ། རོགས་སྐྱོར་དུས་ཐོག་ལ་གཏོང་མ་ཐུབ་པའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་པ་མ་ཟད། ས་གནས་ཀྱི་སློབ་གྲྭ་ཁག་ཀྱང་མཚམས་འཇོག་བྱས་ཡོད་འདུག ཐེངས་འདིར་ས་ཁུལ་དེའི་མི་གྲངས་ཀྱི་བརྒྱ་ཆ་ ༨༠ ཙམ་ལ་གངས་སྐྱོན་གྱི་གནོད་འཚེ་ཕོག་ཡོད་པ་དང༌། ད་དུང་མི་དང་སྒོ་ཕྱུགས་མང་པོ་བོར་རླག་སོང་བ་དང༌། རྨས་སྐྱོན་ཚབས་ཆེན་འོག་གནས་ཡོད་སྟབས། གོད་ཆག་ཁྲོད་ཀྱི་གནས་ཚུལ་ཁ་གསལ་བྱུང་ཐུབ་ཡོད་མི་འདུག