མདོ་སྨད་སྤྱི་ཟུར་དང་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱིས་བརྩམས་པའི་གླེགས་བམ་དྲུག་དང་ཤོག་གྲངས་ལྔ་སྟོང་ལྷག་ཡོད་པའི་མདོ་སྨད་ལོ་རྒྱུས་ཆེན་མོའི་དཔར་ཐེངས་དང་པོ་དངོས་སུ་དཔར་སྐྲུན་ལེགས་འགྲུབ་བྱུང་སྟེ། ཕྱི་ཚེས་ ༧ ཉིན་དེབ་ཕུད་སྤྱི་ནོར་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་པའི་གོ་སྐབས་དང་བསྟུན་ཏེ། འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཆེད་དུ་བཞུགས་སྒར་ཕོ་བྲང་གི་རྩོམ་པ་པོའི་བཞུགས་གནས་སུ་སྐྱོད་དེ། བོད་ཀྱི་ལོ་རྒྱུས་སྤྱིའི་བྱུང་རིམ་དང་འབྲེལ་ཏེ། མདོ་སྨད་ལོ་རྒྱུས་སྐོར་ལ་བཅར་འདྲི་ཞུས་སྐབས། རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱིས། ལས་གཞི་འདིའི་ཐད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་གཙོས་པའི་མི་སྒེར་དང༌། ཤེས་ཡོན་སྡེ་ཚན་ཧ་ཅང་མང་པོ་ཞིག་གི་རོགས་རམ་རྒྱབ་སྐྱོར་འོག ད་ལྟ་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བའི་ཁུལ་རེད། ཅེས་ཁེངས་སྐྱུང་དང་བཅས་བཅར་འདྲི་དང་ལེན་བྱས་བྱུང༌།
དྲི་བ། ཐོག་མར་སྐུ་ཉིད་འདི་ལྟ་བུའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལས་གཞི་ཆེན་པོ་ཞིག་གི་སྣེ་ལ་འཇུས་པའི་གོ་རིམ་དང༌། མདོ་སྨད་ཡོངས་གཅིག་གྱུར་གྱི་ལོ་རྒྱུས་ཆེན་མོ་ཞིག་འབྲི་དགོས་པའི་རྒྱུ་མཚན་གང་ཡིན་ངོ་སྤྲོད་ཅིག་གནང་རོགས།
ལན། སྤྱི་ལོ་ ༡༩༩༩ ལོའི་ཟླ་ ༡༡ ཚེས་ ༡༡ ཉིན། ང་རང་སྤྱི་ནོར་ ༧ གོང་ས་མཆོག་ལ་མཇལ་ཁ་བྱུང་སྐབས། མདོ་སྨད་ལོ་རྒྱུས་ཆེན་མོ་འབྲི་རྒྱུར་བཀའ་མངགས་བསྩལ་བྱུང༌། སྐབས་དེ་ནས་བཟུང་མགོ་འཛུགས་ཞུས་པ་ཡིན། ཐོག་མར་མདོ་སྨད་ལོ་རྒྱུས་ཆེན་མོའི་སྒྲོམ་གཞི་ཇི་ལྟར་གཏན་འབེབས་དང༌། གླེགས་བམ་ག་ཚོད་བཟོ་རྒྱུ། རྒྱས་བསྡུས་ཅི་ཙམ་འབྲི་རྒྱུ་བཅས་ལ་འཆར་གཞི་གང་ཡང་མེད། སྐུ་སྒེར་ངོས་ནས་ཀྱང་ལོ་རྒྱུས་ཐད་བཀའ་མངགས་གང་ཡང་བསྩལ་མ་སོང༌། ལོ་རྒྱུས་གང་ཞིག་བྲིས་ཀྱང་ས་མཚམས་གསལ་བོ་ཞིག་དགོས་པ་རེད། ཕྱིའི་སྣོད་ཀྱི་ཆགས་སྟངས་དང་ནང་བཅུད་ཀྱི་གནས་བབ། རི་རྒྱུད་ཆུ་རྒྱུད། མིའི་བྱུང་སྟངས་དང་སྤྱི་ཚོགས་གྲུབ་སྟངས། སྲོག་ཆགས་སེམས་ཅན་དང་སྐྱེ་དངོས་རྩི་ཤིང༌། ཐ་ན་ཡུལ་ལུང་རེ་རེའི་དགོན་པ་དང་ལྷ་སྡེ་མི་སྡེ། མཁས་དབང་རེ་རེར་ལོ་རྒྱུས་རིང་པོ་རེ་ཡོད། དེ་དག་ཡོངས་ཞིབ་འབྲི་བྱས་ན། དབྱིན་ཡིག་ནང་གི་encyclopaedia འཛམ་གླིང་ཤེས་བྱ་ཀུན་བསྡུས་ཚིག་མཛོད་ལྟ་བུ་ཆགས་འགྲོ་བ་རེད། ལོ་གསུམ་གྱི་ཚོད་ལྟ་དང་ཉམས་མྱོང་གི་ཁྲོད་ནས། ལོ་རྒྱུས་ཀྱི་སྒྲོམ་གཞི་དང་རྒྱས་བསྡུས། གླེགས་བམ་གྱི་གྲངས་དང་ཤོག་ངོས་གཏན་འབེབས་བྱེད་ཐུབ་ཙམ་བྱུང་སོང༌།
དྲི་བ། ༧གོང་ས་མཆོག་གིས་མདོ་སྨད་ལོ་རྒྱུས་ཆེན་མོ་འབྲི་རྒྱུའི་བཀའ་མངགས་བསྩལ་སྐབས། སྐུ་ཉིད་ལ་གདེང་སྤོབས་དང༌། ཡང་ན་ཞེད་སྣང་དང་སེམས་ཚོར་གང་འདྲ་བྱུང་སོང་ངམ།
ལན། གདེང་སྤོབས་གང་ཡང་ཡོད་པ་མ་རེད། སྤྱིར་བོད་མི་ཡོངས་དང་སྒོས་མདོ་སྨད་མི་དམངས་ལ་འགན་འཁུར་དགོས། རླབས་ཆེ་བའི་ལོ་རྒྱུས་ཀྱི་གནད་དོན་དངོས་ལ་འགན་འཁུར་དགོས། ངས་ཞབས་འདྲེན་ཞུས་མི་ཡོང་ངམ་སྙམ་པའི་སེམས་འཚབ་ཆེན་པོ་འདུག ཆེ་ས་ནས་བོད་མི་ས་ཡ་དྲུག་དང་༧ཏཱ་ལའི་བླ་མའི་སྙན་ཅོག་ཆུ་ལ་བསྒྱུར་མི་ཡོང་ངམ་སྙམ་པའི་དངངས་སྐྲག་འདུག ཆུང་ས་ནས་མདོ་སྨད་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་དང་མཐུན་ཞིང་ཐུགས་འདོད་འཚིམ་པ། རང་ཉིད་ཀྱི་ཧོལ་སྤྱོད་ལ་གྲུབ་འབྲས་ཤིག་འཐོན་ཨེ་ཡོང་ངམ་སྙམ་སོང་ལ། ལྷག་པར་དུ་ལོ་རྒྱུས་དཔེ་དེབ་འགའ་རེ་ཀློག་མྱོང་བ་དང༌། གནད་དོན་བྱེ་བྲག་པའི་ལོ་རྒྱུས་ཞིབ་འཇུག་ཙམ་ལས། ལོ་རྒྱུས་རིགས་གཅིག་རྐང་འཛིན་དང༌། ཆེད་སྦྱོང་དེ་འདྲ་བྱས་མྱོང་མེད་ལ། འདི་ལྟ་བུའི་གཞི་རྒྱ་ཆེ་བའི་ལོ་རྒྱུས་འབྲི་རྩོམ་གྱི་ཉམས་མྱོང་དེ་བས་མེད་སྟབས། དོགས་པ་དང་དངངས་སྐྲག་གི་གསེང་ནས་མདོ་སྨད་ལོ་རྒྱུས་ཆེན་མོ་འདི་འབྲི་མགོ་བརྩམས་པ་ཡིན།
དྲི་བ། མདོ་སྨད་ལོ་རྒྱུས་ཆེན་མོའི་སྤྱིའི་འབྲི་སྟངས་དང་ས་བཅད་དབྱེ་བ་ཕྱེ་སྟངས། གླེགས་བམ་དྲུག་གི་ནང་དོན་འཆར་འགོད་བྱེད་སྟངས་སོགས་གང་འདྲ་ཡིན་ནམ།
ལན། དེབ་དང་པོའི་མིང་ལ། མདོ་སྨད་ལོ་རྒྱུས་ཆེན་མོ་ལས་ལོ་རྒྱུས་སྤྱིའི་གཞུང་ཤིང་ཞེས་བཏགས་ཡོད། རྩ་བའི་དོན་ཚན་ ༢ སུ་དབྱེ་ཡོད། བོད་རྒྱལ་ཐོག་མ་གཉའ་ཁྲིའི་གོང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་ནས་བཟུང༌། བོད་སྤྱིའི་གནས་སྟངས་དང༌། བྱེ་བྲག་མདོ་སྨད་ཀྱི་གནས་སྟངས། གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ་ནས་གླང་དར་མ། ལོ་ངོ་ ༢༡༡ གི་བོད་སུལ་བུའི་དུས་སྐབས། ལོ་ངོ་ ༩༠ རིང་གི་ས་སྐྱའི་སྐབས། དེ་ནས་ཕག་གྲུ་དང་རིན་སྤོང༌། གཙང་བ། ༧རྒྱལ་དབང་ལྔ་བ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། ༧རྒྱལ་དབང་བདུན་པ། ༧རྒྱལ་དབང་བཅུ་བཞི་བ་ཆེན་པོ་བཅས་དུས་མཚམས་རེ་རེའི་བོད་སྤྱིའི་གནས་སྟངས་དང་བྱེ་བྲག་མདོ་སྨད་ཀྱི་གནས་སྟངས་བཅས་བྲིས་ཡོད། རི་རྒྱུད་དང་ཆུ་རྒྱུན། རི་ལག་དང་ཆུ་ཕྲན། མཚོ་དང་མཚེའུ། ཕྱི་ལ་འབབ་པའི་ཆུ་བོ་དང༌། ནང་དུ་འབབ་པའི་ཆུ་བོ་བཅས་ལེའུ་དང་པོར་བཀོད་ཡོད།
རྡོ་ཆས་དང་རུས་ཆས་སོགས་གནའ་རྫས་རིག་དངོས་ལ་ཞིབ་འཇུག་གིས་བོད་སྤྱི་བའི་ལོ་རྒྱུས་ཅི་ཙམ་ཕུ་འདེད་ཐུབ་པ་དང༌། བྱེ་བྲག་མདོ་སྨད་ཀྱི་ལོ་རྒྱུས་ཕུ་འདེད་ཐུབ་པ། དེ་བཞིན། ཙོང་ཁ་རྒྱལ་བོས་མངའ་ཐང་རྒྱ་བསྐྱེད་པ། བླ་ཆེན་པོ་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་བསླར་གསོ་སོགས་རང་དབང་གི་ལས་ཚན་འགའ་རེ། མདོ་སྨད་ལོ་རྒྱུས་ཀྱི་སྔོན་འགྲོའི་ཐ་སྙད་གསེད་བཀྲོལ་གྱི་ལས་ཚན། ཨ་ཞ་རྒྱལ་ཕྲན་དང་གྲུ་གུ། འཇང༌། མི་ཉག ལུ་ཡུལ། སུམ་པ་རྒྱལ་ཕྲན་སོགས་མདོ་སྨད་དང་འབྲེལ་ཡོད་སྟབས། དེ་དག་གི་གནས་ཡུལ་དང་མི་རིགས་གང་ཡིན། ལོ་རྒྱུས་འཕེལ་འགྲིབ་སོགས་གསལ་ཁ་མ་བྱས་ན། མདོ་སྨད་ལོ་རྒྱུས་འབྲི་དཀའ་སྟབས། དེ་དག་སྐོར་གྱི་ལེ་ཚན་ཁ་ཤས། འཛམ་གླིང་དམར་ཤོག་རིང་ལུགས་པ་ཚོས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆགས་རིམ་དུམ་ཚན་ ༤ ལ་དབྱེ་ཡོད། སྐལ་བ་ཡ་ཐོག་གི་སྤྱི་ཚོགས་སམ་གདོད་མིའི་སྤྱི་ཚོགས། བྲན་གཡོག་སྤྱི་ཚོགས། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས། སྤྱི་ཚོགས་རིང་ལུགས་བཅས་རེད། དེས་ན་བོད་པའི་སྤྱི་ཚོགས་གྲུབ་སྟངས་གང་དུ་གཏོགས་པ་དང༌། དོན་དངོས་ཐོག་བོད་ལ་བཀས་བཀོད་རྒྱུད་འཛིན་དང་བྲན་གཡོག་ལམ་ལུགས་དར་ཡོད་མེད་སོགས་ཀྱི་ལས་ཚན་བཅས་ཡོད།
གླེགས་བམ་ ༢། ༣། ༤།བཅས་ནི། ལྷོ་རྒྱལ་མོ་ཚ་བ་རོང་ནས། བྱང་མཚོ་སྔོན་གྱི་བྱང་མཐའ། ཤར་ཀ་ཅིའི་མཆོད་རྟེན་དཀར་པོ་ནས། ནུབ་མགོ་ལོག་དང་གསེར་རྟའི་ནུབ་མཐའི་བར་གྱི་དེང་སང་གི་དབང་དུ་བྱས་ན། རྫོང་ཁག་ ༦༠ མ་ཟིན་ཙམ་གྱི་ཡུལ་ཁམས་སྡེ་བ་ཚོ་བ་ཡོངས་གླེགས་བམ་གསུམ་གྱི་ནང་བསྡུས་ཡོད། དེ་དག་དོན་ཚན་གསུམ་ཚན་དུ་བྱས་ཏེ། དང་པོ། ཡུལ་ཁམས་རེ་རེའི་མི་རྒྱུད་ལོ་རྒྱུས་ཀྱི་ཡ་མཐའ་སྤྱི་ལོ་མ་ཚུགས་གོང་ནས། མ་མཐའ་སྤྱི་ལོ་ ༡༩༥༩ བར། གཉིས་པ། ས་ཕྱོགས་རེ་རེའི་དགོན་པ་གལ་ཆེན་དང༌། མཁས་ཆེན་དང་སྐྱེས་བུ་དམ་པ་དག་གི་ལོ་རྒྱུས། གསུམ་པ། སྡེ་བ་ཚོ་བ་རེ་རེའི་དུད་ཁྱིམ་དང་མི་འབོར་བཅས་ཡིན་མོད། ས་གནས་རེ་ཟུང་གི་གྲངས་ཐོ་མ་རག་པའང་ཡོད། གླེགས་བམ་ལྔ་བ། མདོ་སྨད་ཕྱོགས་ཀྱི་དགོན་པ་དང་རི་ཁྲོད། སྔགས་སྡེ། ཆོས་ཀྱི་བསྟི་གནས་ ༡༤༦༠ ལྷག་གི་མཚན་དང་ཆགས་ཡུལ། འདེབས་མཁན་དང་བཏབས་ལོ། ཆོས་བརྒྱུད་གང་ཡིན། ཟུར་བརྗོད་ནང༌། ཆག་འཇིག་འཕེལ་འགྲིབ་ཀྱི་ལོ་རྒྱུས་གནད་བསྡུས་བཅས་བཀོད་ཡོད། གླེགས་བམ་དྲུག་པ། མདོ་སྨད་ལོ་རྒྱུས་ཐོག་བྱོན་མྱོང་བའི་མཁས་དབང་དང་སྐྱེས་ཆེན་དམ་པ་བདུན་བརྒྱ་སུམ་ཅུ་སོ་བརྒྱད་ ༧༣༨ ཙམ་གྱི་མཚན་དང་འཁྲུངས་ལོ་དང་འདས་ལོ། འཁྲུངས་ཡུལ། ཆོས་བརྒྱུད་གྲུབ་མཐའ་གང་དུ་གཏོགས་པ། ཟུར་བརྗོད་ནང༌། མཛད་རྗེས་སྙིང་བསྡུས་བཅས་བཀོད་ཡོད། དེའི་ནང་སྒྱུ་རྩལ་པ་དང་རི་མོ་བ། འཁྲབ་སྟོན་པ། གཞས་པ་གྲགས་ཆེན་སོགས་ཀྱང་ཚུད་ཡོད།
དྲི་བ། བོད་ཀྱི་རྒྱལ་རབས་རིམ་བྱུང་དང་ལྷག་པར་དུ་གཞུང་ས་དགའ་ལྡན་ཕོ་བྲང་བས་བོད་ལ་དབང་སྒྱུར་བྱས་སྐབས། མདོ་སྨད་ཕྱོགས་སུ་སྲིད་དབང་གིས་ཁྱབ་ཡོད་མེད་ཐད། གླེང་སློང་དང་དོགས་གཞི་འདྲ་མིན་ཡོད་སྟབས། སྐུ་ཉིད་ལ་གནད་དོན་དེའི་ཐད་དགོངས་ཚུལ་གང་འདྲ་བྱུང་སོང་ངམ།
ལན། མདོ་སྨད་ལོ་རྒྱུས་ཆེན་མོའི་གླེགས་བམ་དང་པོའི་ནང་བོད་ཀྱི་ལྷ་ཁང་དང་གསེར་ཁང༌། མཆོད་རྟེན་སོགས་ཀྱི་ཐོག་ནས་བོད་ཀྱི་སྲིད་དོན་དང་རིག་གཞུང་གི་ཁྱབ་ཤུགས་ལ་ལྟ་བ་ཟེར་བའི་ལེ་ཚན་ཞིག་ཡོད། དེ་དག་གནད་དོན་གལ་ཆེན་རེད། སྲོང་བཙན་སྒམ་པོའི་སྐབས་སུ་གཙུག་ལག་ཁང་གཉིས་དང༌། དམར་པོ་རིའི་ཕོ་བྲང༌། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་བཞེངས་བའི་བརྒྱུད་རིམ་ལ་བལྟས་ན། བོད་བཙན་པོའི་སྲིད་དབང་གི་ཁྱབ་ཤུགས་མདོ་སྨད་དུ་སླེབས་ཡོད་མེད་ལ་དོགས་པ་མེད་ཀྱང༌། བསྟན་པ་ཕྱི་དར་སྐབས་ནས་སྲིད་དོན་གྱི་ཁྱབ་ཤུགས་མ་སྙོམ་ཡང༌། དགོན་པ་དང་ལྷ་ཁང་གསེར་ཁང༌། མཆོད་རྟེན་སོགས་ལས་བོད་ཡུལ་ཧྲིལ་བོར་རིག་གཞུང་གི་རྒྱུད་པ་ཡུག་གཅིག་གིས་ཁྱབ་ཡོད་པ་གསལ་བོ་རེད། དཔེར་ན། བོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་གང་ནས་ས་མཚམས་བརྒལ་ཏེ་བོད་ནང་དུ་འཛུལ་མ་ཐག ལྷ་ཁང་གསེར་ཁང་དང་མཆོད་རྟེན། མི་ཁྱིམ་རེ་རེའི་སྒོ་འགྲམ་དང༌། ཁང་སྟེང་གི་དར་ལྕོགས་སོགས་ཀྱིས་ཐུན་མིན་གྱི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་བསྟེར། དེ་ནི་མི་རིགས་གཞན་སུ་ལའང་མེད་པའི་བོད་པའི་ཐུན་མིན་གྱི་རིག་གཞུང་རེད། རིག་གཞུང་དེས་ནུབ་བལ་ཡུལ་གྱི་ཤར་པ་དང་དོལ་བོ། ལ་དྭགས་ཀྱི་ཟངས་དཀར་དང་ཁུ་ནུ། འབྲུག་ཡུལ། འབྲས་ལྗོངས། བྷེལ་རྡེ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲངས་ཉུང་མི་རིགས་ཁག་ལ་ཁྱབ་ཡོད། དེ་དག་སྲིད་དོན་ཁྱབ་ཤུགས་ཀྱི་མཚོན་རྟགས་མིན་ཡང༌། རིག་གཞུང་གི་རྒྱུད་པ་ཡུག་གཅིག་གིས་ཁྱབ་པའི་མཚོན་རྟགས་རེད།
དེ་བཞིན་དགེ་ལུགས་གདན་ས་ཁག་གི་ཁམས་ཚན་ལམ་ལུགས་ཀྱི་ཐོག་ནས་བོད་གཞུང་དམངས་གཉིས་ཀྱི་འབྲེལ་བ་ལ་ལྟ་བ་ཟེར་བའི་ལེ་ཚན་ཞིག་ཡོད། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ཀྱི་ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་གདན་སའི་ཁམས་ཚན་ཁག་ཏུ་བགོ་བཤའ་བརྒྱབས་ཡོད། བགོ་མཁན་སུ་ཡིན་དང་དུས་ནམ་ཡིན་ཤེས་དཀའ་ཡང༌། ལུགས་སྲོལ་དེ་རྒྱུན་མ་ཆད་པར་གནས་ཡོད། བོད་ཀྱི་ལོ་རྒྱུས་དབྱིབས་གཟུགས་སུ་བཀོད་ན། གནའ་བོ་ཨེ་རྗེབ་རྒྱལ་ཁབ་ཀྱི་གསེར་འཁོར་མཆོད་རྟེན་ཟུར་གསུམ་མ་དང༌། དྲུག་ཅུ་བའི་གཏོར་གཟུགས་ལྟ་བུ་ཞིག་ཡིན། ཟུར་གསུམ་ལས་དབུས་མའི་ཟུར་གྱི་རྩེ་མོ་༧རྒྱལ་བ་རིན་པོ་ཆེ་རེད། མདོ་སྨད་ཀྱི་དགོན་པ་ཆེ་ཆུང་ཡོངས་རྫོགས་དབུས་ཀྱི་གདན་ས་ཆེན་པོ་དག་གི་ཡན་ལག་དང་ཉིང་ལག་ཆགས་ཡོད། འགྲོ་སྟངས་འདིའི་ཐད་ནས་བཤད་ན། གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དོན་རྐྱང་བའི་ཁྱབ་ཤུགས་མདོ་སྨད་གཙོས་པའི་མཐའ་མཚམས་ཁག་ཏུ་དེ་ཙམ་སླེབས་མེད་ཀྱང༌། ཆོས་ཕྱོགས་དང་སྤྱི་ཚོགས་སྒྲིག་སྲོལ། ལམ་ལུགས་དང་མི་སྒེར་གྱི་འདུ་ཤེས་འཛིན་སྟངས་ཐད། དངོས་ཤུགས་བརྒྱུད་གསུམ་ནས་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་གཞུང་ས་དགའ་ལྡན་ཕོ་བྲང་གི་མངའ་དབང་འོག་ཆིག་སྒྲིལ་རྩོད་མེད་རེད།
དྲི་བ། སྐུ་ཉིད་ཀྱིས་མདོ་སྨད་ལོ་རྒྱུས་ཆེན་མོའི་ཡ་མཐའ་དང་མ་མཐའི་ལོ་ཚད་གང་ལ་གཏུགས་ཡོད་པ་དང༌། སྔར་ཡོད་ལོ་རྒྱུས་མང་ཆེ་བ་ཆོས་འབྱུང་དང་རྒྱལ་རབས། སྲིད་དོན། ལྷ་སྒྲུང༌། མི་སྒེར་གྱི་རྣམ་ཐར་དང་རྟོག་བརྗོད་རང་བཞིན་ཅན་ཡིན་སྟབས། སྐུ་ཉིད་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོའི་ངོ་བོ་གང་འདྲ་ཡིན་ནམ།
ལན། མདོ་སྨད་ལོ་རྒྱུས་ཆེན་མོའི་ཡ་མཐའ་སྤྱི་ལོའི་སྔོན་གྱི་ལོ་ ༡༢༧ དང༌། མ་མཐའ་ ༡༩༥༩ ལ་གཏུགས་ཡོད། ང་བརྒྱད་རྗེས་ཀྱི་ལོ་རྒྱུས་འབྲི་རྒྱུར་འབད་བརྩོན་བྱས་མེད། གང་ཡིན་ཟེར་ན། ཕོ་བྲང་པོ་ཏཱ་ལ་དང་ནོར་བུ་གླིང་ཁ་གཙོས་པའི་སྔོན་མའི་ལོ་རྒྱུས་ཡིག་མཛོད་གལ་ཆེན་ཚང་མ་རྒྱ་གཞུང་གིས་གསང་ཉར་བྱས་ཏེ། བོད་ནང་ནས་ལོ་རྒྱུས་དོན་དངོས་འབྲི་དབང་མེད་པ། བོད་ཕྱི་ནས་རྒྱུ་ཆ་རག་དཀའ་བ་སོགས་ལ་བརྟེན། ཨུ་ཚུགས་ཀྱིས་བྲིས་ན་མཇུག་བྲས་ཕན་གནོད་གང་འབྱུང་བཤད་དཀའ་སྟབས། སྤྱི་ལོ་ ༡༩༥༩ ལོ་ནས་ལོ་རྒྱུས་འབྲི་མཚམས་བཞག་ཡོད། སྔོན་མའི་བོད་ཀྱི་ལོ་རྒྱུས་ཕལ་ཆེ་བ་ཁྱོད་ཀྱིས་བཤད་པ་ལྟར་སྣང་ཡང༌། ཐེངས་འདིའི་མདོ་སྨད་ལོ་རྒྱུས་ཆེན་མོ་ནི། མདོ་སྨད་ཡུལ་ཁམས་ཀྱི་སྲིད་འབྱོར་རིག་གསུམ་སྤྱི་ལ་ཁྱབ་པའི་ལོ་རྒྱུས་རགས་བཤད་ཅིག་ཡིན། སྲིད་དོན་ལ་དོ་སྣང་མ་བྱས་པར་ལོ་རྒྱུས་འབྲི་ཐབས་མེད། བོད་པའི་ལོ་རྒྱུས་ཀྱི་ཁ་གཏད་དུ་ལངས་མཁན། རྒྱ་གོ་མིན་ཏང་དང་གུང་ཁྲན་ཏང་གཙོས་པའི་ཡར་འདེད་ཆིན་རྒྱལ་རབས་དང་མེན་རྒྱལ་རབས། སུན་རྒྱལ་རབས། ཡོན་རྒྱལ་རབས་སོགས་ཀྱི་སྐབས་ནས་ལོ་རྒྱུས་ཡིག་ཆ་རི་བོའི་གཏོས་དང་མཉམ་པ་ཡོད། ཧཱན་རྒྱལ་རབས་ཀྱི་གོང་ནས་མདོ་སྨད་གཙོས་པའི་བོད་ཀྱི་ས་ཆ་ཕལ་ཆེ་བ་རྒྱ་ཁོངས་ཡིན་པར་སྒྲུབ་ཡོད། ལྷག་པར་དུ་ད་ལྟ་རྒྱ་གཞུང་གིས་སྒོར་ཐེར་འབུམ་མང་པོ་བཏང་སྟེ། བོད་དེ་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་སུ་སྒྲུབ་ཀྱིན་ཡོད། འཁྱོག་བཤད་ཆེན་པོ་དེ་རིགས་ང་ཚོས་ངོས་ལེན་བྱ་ཐབས་གཏན་ནས་མེད་སྟབས། བོད་རྒྱ་དབྱིན་གསུམ་གཙོས་པའི་ཡིག་རིགས་འདྲ་མིན་ནང་ཡོད་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ ༥༢༢ ཙམ་ལ་ཉམས་ཞིབ་བྱས་ཏེ། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་བྲིས་ཡོད། ༧གོང་ས་མཆོག་གིས་ཀྱང༌། ཁྱོད་ཀྱིས་མདོ་སྨད་ལྗོངས་ཆེན་པོ་འདིའི་འགྲོ་བ་མིའི་སྐྱེ་འཇུག་གནས་གསུམ་གྱི་དོན་དངོས་འབྲི་དགོས་གསུངས་སོང༌།
དྲི་བ། མདོ་སྨད་ཡུལ་གྱི་ཕྱིའི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན། ལྷག་པར་དུ་མདོ་སྨད་ཀྱི་མིའི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ཡ་མཐའ་ག་ཚོད་ཅིག་ལ་གཏུགས་ཐུབ་ཀྱིན་འདུག་གམ།
ལན། ང་ལ་ཚན་རིག་འཕྲུལ་ཆས་ཐོག་དཔྱད་གཤིབ་བསྡུར་གསུམ་གྱི་ཆ་རྐྱེན་ཡོད་པ་མ་རེད། ས་གནས་ས་ཐོག་ལ་ཆེད་སྐྱོད་ཀྱིས་ལོ་རྒྱུས་འཚོལ་བསྡུད་དང་ཞིབ་འཇུག་གི་གོ་སྐབས་ཕྲ་སྟབས། མདོ་སྨད་ཀྱི་ཕྱི་སྣོད་ཀྱི་ཆགས་རིམ་དང་ནང་བཅུད་ཀྱི་སེམས་ཅན་བྱུང་སྟངས་ཁ་ཚོན་བཅད་དེ་བཤད་ཐུབ་པ་མ་རེད་ལ། ཁྱེད་ཀྱི་དྲི་བ་དེ་ས་གཤིས་རིག་པ་དང༌། སྐྱེས་དངོས་རིག་པར་འབྲེལ་ཡོད་སྟབས། ང་དང་ཐད་ཀར་འབྲེལ་བའང་དེ་ཙམ་ཆགས་མེད། ལོ་རྒྱུས་ཁུངས་ལྡན་གྱི་ཟིན་བྲིས་མེད་བཞིན་དུ་ཧམ་བཤད་བྱས་ན་འགྲིག་གི་མ་རེད། འོན་ཀྱང༌། ལོ་རྒྱུས་རང་ངོས་ནས་ཞུས་ན། ང་ལ་རག་པའི་རྒྱ་ཡིག་གི་དཔྱད་རྩོམ་ཁ་ཤས་ནང༌། མདོ་ལ་རིང་མོའི་རི་རྒྱུད་ནས་སའི་གོ་ལར་ཆེས་ཐོག་མའི་ཕྱི་ཤུན་ཆགས་སྐབས་ཀྱི་ཤིང་དང་སྐྱེས་དངོས་རིགས་ཀྱི་ས་བོན་ཐོན་ཡོད་ཚུལ་བྲིས་འདུག ཡོངས་གྲགས་སུ་མདོ་སྨད་དུ་ལོ་ ༡༠༠༠ ལྷག་གི་མིའི་རིགས་ཀྱི་ལོ་རྒྱུས་དང༌། རྡོ་ཆས་དང་རུས་ཆས་ལས་ལོ་ ༥༠༠༠ ལྷག་གི་ལོ་རྒྱུས། ལོ་ཁྲི་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པའི་ས་ཁུལ་ཡང་འགའ་རེ་ངོས་འཛིན་བྱས་འདུག རྒྱ་ཡིག་གི་ཡིག་ཆ་ཞིག་ཏུ། མདོ་ལ་རིང་མོའི་རི་རྒྱུད་ནས་ཐོན་པའི་མིའི་མགོ་རུས་ཤིག་ལ་ཚན་རིག་གིས་བརྟག་དཔྱད་བྱས་དོན་ལྟར་ན། ལོ་ཁྲི་བརྒྱད་ཅུ་ ༨༠༠༠༠༠ ནས་བརྒྱ་དང་སུམ་ཅུ་ ༡༣༠༠༠༠༠ ཙམ་གྱི་ལོ་རྒྱུས་ཡོད་པར་བཤད་འདུག དེ་ངའི་དེབ་ཐེར་ནང་དུའང་བཀོད་ཡོད། ཚད་མ་ཡིན་མིན་བཤད་དཀའ་ཡང༌། དེང་སང་འཛམ་གླིང་གཅིག་གྱུར་གྱིས་ཁས་ལེན་པ་ནི། ཨ་ཧྤུ་རི་ཁའི་གདོད་མའི་མི་དེ་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་འབྱུང་ཁུང་དུ་རྩི་བཞིན་ཡོད། དེར་ལོ་ཁྲི་བདུན་བཅུ་ ༧༠༠༠༠༠ ཙམ་གྱི་ལོ་རྒྱུས་ལས་མེད། གོང་གི་མགོ་རིས་དེའི་བརྟག་དཔྱད་གྲུབ་དོན་ཚད་མ་ཡིན་ན། འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཟིན་ཐོ་ལས་བརྒལ་ཡོད་ལ། ལོ་རྒྱུས་སྨྲ་བ་མང་པོ་ཞིག་གི་གཏན་ཚིགས་གཏོར་ཡོད།
དྲི་བ། སྔར་གྱི་ལོ་རྒྱུས་དག་ཏུ་སྲིད་དོན་དང་རྒྱུ་རྐྱེན་འདྲ་མིན་འོག མདོ་སྨད་ཀྱི་ཤར་ལྷོ་ནུབ་བྱང་གི་ས་མཚམས་ངོས་འཛིན་བྱེད་སྟངས་ཅི་རིགས་བྱུང་ཡོད་སྟབས། སྐུ་ཉིད་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོའི་ནང་མདོ་སྨད་ཀྱི་ཤར་ལྷོ་ནུབ་བྱང་གི་མཐའ་མཚམས་ཇི་ལྟར་ངོས་འཛིན་གནང་ཡོད་དམ།
ལན། མདོ་སྨད་ཀྱི་ས་ཁོངས་དེ་ང་ལྟ་བུ་ཞིག་གིས་ས་མཐའ་ནས་ཚད་འཛིན་བྱ་ཐུབ་པ་ཞིག་མ་རེད། ད་བར་བོད་ཕྱི་ནང་གཉིས་སུ་ངོས་འཛིན་གཅིག་གྱུར་ཡོད་པའི་བོད་ཀྱི་ས་ཁྲ་གཅིག་ཀྱང་མེད། ང་ལྟ་བུ་ཞིག་གིས་མདོ་སྨད་ཀྱི་ས་ཁྲ་གསར་བ་ཞིག་བཟོ་ཐབས་ཡོད་པ་མ་རེད། འོན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས། མདོ་སྨད་ཀྱི་ནུབ་མཐའ་དེ། སྡེ་དགེ་རྒྱལ་བོ་བསྟན་པ་ཚེ་དབང་གི་བཀའ་འགྱུར་གསར་བཞེངས་སྐབས། ཞུ་ཆེན་པ་ཚུལ་ཁྲིམས་རིན་ཆེན་གྱིས་བརྩམས་པའི་སྡེ་དགེ་བསྟན་འགྱུར་དཀར་ཆག་ནང༌། སྡེ་དགེ་རྒྱལ་བོ་འདི་མདོ་སྨད་རྟ་ཡི་ཆོལ་ཁའི་དཔོན་པོ་ཡིན། སྡེ་དགེ་བོད་ཆོལ་ཁ་གསུམ་ལས་མདོ་སྨད་རྟ་ཡི་ཆོལ་ཁའི་ཁོངས་ཡིན། ཞེས་བྲིས་འདུག ལོ་རྒྱུས་དེར་ལོ་ ༢༧༠ ལྷག་ཕྱིན་ཡང་དོགས་སློང་བྱུང་མེད། སྟག་ཚང་རྫོང་བ་དཔལ་འབྱོར་གྱི་རྒྱབ་རིའི་ཡིག་ཚང་ཆེན་མོའི་ནང་དུའང་གོང་གི་དེ་མཚུངས་བཤད་ཡོད། སྤྱིར་བོད་པའི་མཁས་པ་སུ་ཡིན་རུང༌། རང་ཉིད་འབྲེལ་འདྲིས་དང་མཐོང་ཐོས་མྱོང་གོམས་རྒྱུས་མངའ་ཆེ་བའི་ས་གནས་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུ་གལ་ཆེན་ཡིན་ཡང༌། ད་ལྟའི་ཆར་བོད་ནང་ཁུལ་གྱི་ས་མཚམས་ཆུ་མཚམས་གསལ་ཁ་བཟོ་རྒྱུ་གལ་ཆེན་མ་རེད། དེ་ལྟ་བུའི་ལོ་རྒྱུས་ཞིབ་འཇུག་མ་འོངས་པར་ཡང་མཁོ་བར་མཐོང་གིན་མེད། བོད་སྤྱིའི་མཐའ་མཚམས་ཟེར་ན་རླབས་ཆེན་ཡིན་མོད། བོད་ཀྱི་ས་གནས་བྱེ་བྲག་གི་མཐའ་མཚམས་ཟེར་ན་ལོ་རྒྱུས་སྨྲ་པ་པོ་དེ་ཅོལ་ཆུང་རེད། མདོ་སྨད་ཀྱི་ཤར་མཐའ་དེ་ཡང་གོང་བཞིན་དུ་བཤད་ཁག་པོ་རེད། ལོ་རྒྱུས་རེ་ཟུང་ནང་ད་ལྟའི་རྒྱ་ནག་ཧྲན་ཞི་སོགས་ཀྱང་བོད་ཁོངས་ཡིན་ཟེར། འོན་ཀྱང༌། ལོ་རྒྱུས་འཕོ་འགྱུར་ཁྲོད་ཀ་ཅི་དང་ལིན་ཐའོ། ཁཱང་ལི། ཧི་ཀྲིན་སོགས རྒྱ་མི་རིགས་ཀྱི་ཕ་ས་ཕ་ཡུལ་ལྟ་བུ་ཆགས་ཚར་ཡོད། ཡིན་ནའང༌། ཀ་ཅིར་སྔོན་མ་བོད་ཀྱི་དགོན་པ་བརྒྱ་ཁ་མ་ལོངས་ཙམ་ཡོད། དེ་དག་ངས་དེབ་ཐེར་ནང་བྲིས་ཡོད། བོད་བཙན་པོའི་རྒྱལ་རབས་སྐབས། ཏུན་ཧོང་དང་ཝའོ་ཡེ། ཀྲེང་ཨན། ལིང་ཀྲུའུ་བཅས་ཀྱང་བོད་ཁོངས་རེད། དེང་སྐབས་ཀྱང་བོད་མི་མང་པོ་འཚོ་སྡོད་བྱས་ཡོད། ཐུའུ་ཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར་དང་མདོ་སྨད་ཆོས་འབྱུང་སོགས་སུ་མདོང་ནག་ཁ་གསུམ་ཞེས། རྒྱ་ནག་གི་སུའུ་པེ་སུའུ་ནན་དུ་དེང་སང་ཡང་བོད་པ་མང་པོ་གནས་ཡོད། དེ་བཞིན་མདོ་སྨད་ཀྱི་བྱང་མཐའ་ཡུ་གར་ལ་ཐུག་ཡོད། ལྷོ་མཐའ་འཇང་དང༌། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ལྷོ་མཐའ་རྫོགས་མཚམས་དེ་མདོ་སྨད་ཀྱི་ལྷོ་མཐར་ཐུག་ཡོད།
དྲི་བ། མདོ་སྨད་ལོ་རྒྱུས་ཆེན་མོ་རྩོམ་སྒྲིག་གི་བརྒྱུད་རིམ་ཁྲོད། བོད་ནང་ནས་བྲིས་པའི་མདོ་སྨད་ཁུལ་གྱི་སྔར་ཡོད་ལོ་རྒྱུས་དག་ལས་བདེན་པ་མིན་པ་དང་འཐུས་ཚང་མིན་པ་བཅས་ཀྱི་ཞན་ཆ་ཆེ་ཤོས་གང་དག་མཐོང་སོང་ངམ།
ལན། དེ་མདོ་སྨད་གཅིག་པུ་མ་རེད། ལྔ་བཅུ་ང་གྲངས་རྗེས་ནས་མདོ་སྟོད་སྨད་གང་་ཡིན་རུང༌། རྒྱ་ནག་གུང་ཁྲན་འོག་ནས་ལོ་རྒྱུས་ཚད་ལྡན་ཞིག་འབྲི་ཐུབ་མེད། དཔེར་ན། བརྒྱད་ཅུ་གྱ་གྲངས་ནས་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་ལ་ལོ་རྒྱུས་འབྲི་ཆོག་གིན་མེད། དེ་ནི་ལོ་རྒྱུས་ཞིབ་འཇུག་གི་ཐུག་ས་ཆབ་སྲིད་ལ་ཐུག་ཡོད་པས་རེད། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷ་མཆོག་རྒྱལ་གྱིས་འབའ་གཞུང་དགོན་གོང་མའི་ལོ་རྒྱུས་ཟེར་བ་ཞིག་བྲིས་ཡོད། དེའི་ནང་ལྔ་བཅུ་ང་གྲངས་ཀྱི་འབའ་གཞུང་ས་ཁུལ་གྱི་གནས་བབ་གསལ་ཐིང་ངེ་ཤིག་བྲིས་ཡོད། འདི་ལས་ལྷག་པའི་ཉེ་རབས་ལོ་རྒྱུས་ཚད་མཐོ་བ་ཞིག་མཐོང་མ་སོང༌། ལོ་འགའི་སྔོན་ལ་ཀན་ལྷོའི་དགེ་འདུན་དང་བཛྲ་ཚུལ་ཁྲིམས་སོགས་མཁས་པ་ཁག་ཅིག་གི་ཚོགས་འདུའི་སྐབས། དགེ་འདུན་གྱིས། ལོ་རྒྱུས་ཟེར་བ་དེ་ལྕགས་སྐུད་སྐྱ་གཅིག་གི་སྟེང་དུ་འགྲོ་བ་དང་འདྲ། ཕར་ཕྱོགས་ཚུར་ཕྱོགས་ལ་ལྷུང་ཉེན་ཤིན་ཏུ་ཆེ། ཅེས་དང༌། རྩོམ་པ་པོ་འཇུ་སྐལ་བཟང་ལགས་ཀྱིས་བྲིས་པའི་སྙན་ངག་གི་རྣམ་དཔྱད་ནང༌། བོད་ཀྱི་ལུང་པར་ཆག་འཇིག་ཆེན་པོ་འདི་འདྲ་བ་ཞིག་བྱུང་ཡང༌། བོད་པའི་རྩོམ་པ་པོ་དང་སྙན་ངག་པ་དག་གི་སྨྱུག་རྩེར་མ་ལོན་པ་ཡ་མཚན་གྱི་གནས་རེད། ཅེས་བྲིས་ཡོད། ད་བར་བོད་པ་ཞིག་གིས་ང་བརྒྱད་ཡས་མས་ཀྱི་ལོ་རྒྱུས་ཚད་ལྡན་བྲིས་པ་མཐོང་དཀོན་པོ་ཡིན། འདི་ནི་དུས་རབས་ཉི་ཤུའི་མཇུག་དང་དུས་རབས་ཉེར་གཅིག་གི་སྟོད་ཀྱི་མདོ་སྨད་ཙམ་མ་ཡིན་པར་བོད་ཧྲིལ་བོའི་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་ཞིག་རེད།
དྲི་བ། མདོ་སྨད་ལོ་རྒྱུས་ཆེན་མོ་བྲིས་པའི་བརྒྱུད་རིམ་ཁྲོད། ལོ་རྒྱུས་རྒྱུ་ཆ་འཚོལ་བསྡུད་དང་འགྲུལ་བཞུད། དཔལ་འབྱོར་སོགས་ཀྱི་ཐད་སྐུ་ངལ་འདྲ་འཕྲད་བྱུང་ངམ།
ལན། སྤྱིར་འཇིག་རྟེན་ཡོངས་གྲགས་ལ་ལས་གཞི་ཆེན་པོ་གང་ཞིག་ཡིན་རུང༌། མཐར་གཏུགས་ན་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཀྱང༌། ༧རྒྱལ་བ་དོན་གྱི་བདག་པོའི་བརྩེ་གཟིགས་ཚད་མེད་འོག ང་ལ་དེའི་ཐད་དཀའ་ངལ་ཕྲན་བུ་ཙམ་ཡང་འཕྲད་མ་སོང༌། གླེགས་བམ་ ༦ ལ་སྡོམ་པའི་ཤོག་གྲངས་ ༥༣༠༠ ལྷག་ཡོད། ལས་གཞི་ལྟར་སྡོམ་པའི་ཧིན་སྒོར་ས་ཡ་གཉིས་ ༢༠༠༠༠༠༠ ཙམ་ཟིན་ཡོད་ཚོད་ཡིན། བོད་ཀྱི་ལོ་རྒྱུས་ཡིག་ཆ་གཅིག་གི་ཁ་གཏད་དུ་རྒྱ་ནག་གི་ཡིག་ཆ་བརྒྱ་ལས་མི་ཉུང་བ་ཡོད་སྟབས། དེ་དག་ལ་གདོང་ཐུག་བརྒྱབས་ཏེ་བསྒྲུབ་བྱ་སྒྲུབ་བྱེད་འཚོལ་དགོས། དེ་དཀའ་ངལ་ཆེ་ཤོས་རེད། གཞན་དབྱིན་ཡིག་ནང་ human resource ཟེར་བའི་མིའི་དཀའ་ངལ་རེད། ང་ཚོའི་སྤྱི་ཚོགས་ནང་རྩོམ་པ་པོ་དང་སྙན་ངག་པ། ཆོས་ལུགས་མཁས་པ་མང་ཡང༌། ལོ་རྒྱུས་འབྲི་བར་ཤེས་ཡོན་ཡོད་པ་ཙམ་གྱིས་མི་ཡོང་སྟབས། མིའི་ནུས་ཤུགས་ཀྱི་དཀའ་ངལ་ཅུང་འཕྲད་སོང༌། དེ་ནས་ལོ་རྒྱུས་རྒྱུ་ཆའི་དཀའ་ངལ་རེད། གྲོང་གསེབ་དང་ས་ཆ་ཁུག་ཀྱོག་གི་དགོན་པ་དང་རི་ཁྲོད་དག་ལ་གདན་རབས་དང་བཅའ་ཡིག་ཆོས་ཁྲིམས་ཆ་ཚང་ཡོད་ཀྱང་རག་རྒྱུ་ཧ་ཅང་ཁག་པོ་འདུག སྤྱིར་མདོ་སྨད་ལོ་རྒྱུས་ཆེན་མོའི་ལས་གཞི་འདི་ལོ་དགུའི་ནང་བྲིས་ཚར་བ་དེ་ཧ་ཅང་གི་དུས་ཡུན་ཐུང་ཐུང་རེད། ལས་ཀ་གཞན་གྱི་ཞོར་དུ་འབྲི་མཁན་ཞིག་ཡིན་ན། ཉུང་མཐར་ལོ་ ༥༢ ནང་ཚུན་ལ་ཚར་ཐབས་མེད་པ་ཐག་བཅད་དེ་བཤད་ཕོད་པ་ཞིག་རེད། འོན་ན། ཁྱོད་ཀྱིས་ལོ་དགུའི་ནང་ཇི་ལྟར་རྫོགས་སོང་ཟེར་ན། ཁྱིམ་འཁོར་བ་དང་སྒེར་གྱི་ལས་ཀ་ཡོངས་རྫོགས། བཟའ་ཚང་དང་བུ་ཕྲུག་ཚོའི་ལྟོ་རྒྱབ་དང་སློབ་སྦྱོང༌། འཕྲོད་བསྟེན་ཡོངས་རྫོགས་བློས་བཏང་སྟེ། ཉིན་དང་མཚན་ཁ་སྤྲད་དེ། ལོ་ ༩ ལྷག་ལ་དཀའ་ལས་བརྒྱབས་པའི་གྲུབ་འབྲས་ཡིན། སྔ་ལོར་ཉིན་ཞག་གཅིག་གི་ཆུ་ཚོད་ ༡༨ རེར་ལས་ཀ་མ་བྱས་པའི་ཉི་མ་ཉུང་ཉུང་ཡིན།
དྲི་བ། སྔར་ཡོད་མདོ་སྨད་ཁུལ་གྱི་དགོན་པ་དང་རི་ཁྲོད། སྡེ་བ་འཚོ་བ། བླ་སྤྲུལ་དང་མཁས་དབང་དག་གི་ལོ་རྒྱུས་དང་བསྡུར་ན། ཐེངས་འདིར་སྐུ་ཉིད་ཀྱིས་གསར་དུ་བརྩམས་པའི་མདོ་སྨད་ཀྱི་ལོ་རྒྱུས་ཆེན་མོར་ཐུན་མིན་གྱི་ཁྱད་ཆོས་དང༌། ཡང་ན། ད་ལྟ་བསྐྱར་དུ་ལྟ་ཀློག་བྱེད་སྐབས་ཞན་ཆ་དང་མ་འདང་པའི་ཆ་འདྲ་མཐོང་གིན་ཡོད་དམ།
ལན། སྔར་ཡོད་མདོ་སྨད་ཁུལ་གྱི་ལོ་རྒྱུས་དག་དང་བསྡུར་ན་མི་འདྲ་བའི་ཕྱོགས་མང་པོ་ཞིག་ཡོད་ཀྱང༌། དམིགས་བསལ་ཐུན་མིན་གྱི་ཁྱད་ཆོས་ཟེར་ན་བཤད་ཁག་པོ་རེད། ལོ་རྒྱུས་སྨྲ་པ་པོ་རེ་རེ་ལ་རིན་ཐང་གི་ལྟ་ཚུལ་མི་འདྲ་བ་རེ་ཡོད། མདོ་སྨད་ལོ་རྒྱུས་ཆེན་མོ་འདིར་ད་དུང་ཞན་ཆ་དང་མི་འདང་བའི་ཆ་མང་དག་ཅིག་ཏན་ཏན་ཡོད་པ་རེད། ཐབས་ཤེས་ཇི་ལྟར་བྱས་ཀྱང་གནས་ཚུལ་མ་རག་པའང་འགའ་རེ་བྱུང་སོང༌། འོན་ཀྱང༌། སྤྱི་ཡོངས་ཀྱི་ཆ་ནས་ད་བར་མདོ་སྨད་ཁུལ་གྱི་ས་གནས་རེ་ཟུང་གི་ལོ་རྒྱུས་ཙམ་ལས་མདོ་སྨད་ཡོངས་གཅིག་གྱུར་གྱི་ལོ་རྒྱུས་ཤིག་ཧ་ལམ་མེད། ས་གནས་རེ་ཟུང་ལ་ལོ་རྒྱུས་རྩ་བ་ཉིད་ནས་མེད་པ་དེ་འདྲའང་ཡོད། ངའི་མདོ་སྨད་ལོ་རྒྱུས་ཆེན་མོ་འདིའི་ནང༌། མདོ་སྨད་ཁུལ་གྱི་ཡུལ་ལུང་དང་དགོན་སྡེ། མི་སྒེར་བཅས་ཀྱི་སྔར་ཡོད་ལོ་རྒྱུས་ཀྱི་སྙིང་བཅུད་བསྡུས་ཤིང༌། ས་གནས་རེ་ཟུང་དང༌། ཡོངས་སུ་མ་གྲགས་པའི་མི་སྣ་རླབས་ཆེན་འགའ་རེར་ལོ་རྒྱུས་སྔར་མེད་པ་དག་གི་གནས་ཚུལ་སྔོག་འདོན་དང་འཚོལ་བསྡུད། མི་ལ་སྐད་ཆ་འདྲི་བ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། ལོ་རྒྱུས་སྣ་འཛོམས་ཤིང་འཐུས་སྒོ་ཚང་བ། མདོ་སྨད་ཡོངས་རྫོགས་ཚུད་པའི་གཅིག་སྒྲིལ་གྱི་ལོ་རྒྱུས་དེབ་ཐེར་ཞིག་ཡིན་བསམ་ཡོད། འོན་ཀྱང༌། མདོ་སྨད་ཀྱི་གནས་ཡིག་ཆོས་འབྱུང༌། དངོས་ལུགས་དང་གནམ་གཤིས། སྐྱེས་དངོས་དང་ས་རྒྱུས། ཡུལ་ལུང་རེ་རེའི་ཆགས་ལུགས་དང༌། དགོན་སྡེ་རེ་རེའི་ཆོས་འབྱུང་གྲུབ་མཐའ། མཁས་པ་རེ་རེའི་ལོ་རྒྱུས་མཛད་འཕྲིན་ཞིབ་ཚགས་ཀྱིས་བྲིས་མེད། དེ་དག་འབྲི་རྒྱུ་ཐེངས་འདིར་སྐབས་སུ་བབས་པའི་ངའི་ལས་འགན་ཡང་མ་རེད་དྲན་ཡོད།
དྲི་བ། སྐུ་ཉིད་ཀྱི་ལོ་རྒྱུས་དེབ་ཐེར་འདི་བོད་གཞིས་བྱེས་གཉིས་ལས་བོད་ནང་ནས་ལྟ་ཀློག་ཐུབ་རྒྱུ་གལ་ཆེན་ཡིན་སྟབས། དེབ་ཐེར་འདི་བོད་ནང་ལ་འགྲེམས་སྤེལ་བྱ་རྒྱུར་དཀའ་ངལ་འདྲ་ཡོད་ཡོང་སྲིད་དམ།
ལན། ང་ལ་ཐོག་མ་ནས་ཆབ་སྲིད་རྐྱང་བ་འབྲི་བའི་འདོད་པ་མེད་ལ། ཆབ་སྲིད་འབྲི་རྒྱུ་དེ་ལོ་རྒྱུས་སྨྲ་པ་པོའྀ་འགན་ཁུར་ཡང་མ་རེད། རྒྱ་གཞུང་གིས་བོད་འདི་སྤྱི་ལོ་ ༡༢༥༣ ནས་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཆགས་ཡོད། ཅེས་ཡིག་ངག་གཉིས་ཐོག་ནས་ཁྱབ་བསྒྲགས་བྱེད་ཀྱིན་ཡོད། དངོས་ཡོད་གནས་ཚུལ་ཐོག ང་སྐྱེས་ཡུལ་ཧོར་གཙང་ཤོག་པ་བཞིར་མཚོན་ན། ལྔ་བཅུ་ང་གྲངས་སྐབས། རྒྱ་གོ་མིན་ཏང་དང་གུང་ཁྲན་ཏང༌། ཧོར་གཙང་གསེར་ཁྲི། ཤོག་པ་སོ་སོའི་དཔོན་པོ་བཅས་མང་པོ་ཞིག་གིས་དབང་སྒྱུར་བྱེད་ཀྱིན་འདུག དངོས་ཡོད་གནས་ཚུལ་འབྲི་རྒྱུ་ངའི་ལས་འགན་རེད། དེ་བྲིས་ན་རྒྱ་གཞུང་གི་རྐུབ་བརྡོལ་གྱིན་ཡོད། དེའི་དབང་གིས་རང་བཞིན་གྱིས་ཆབ་སྲིད་ཀྱི་ངོ་བོ་ཆགས་འགྲོ་བ་རེད། ཆབ་སྲིད་ཀྱི་གནད་འགག་ཆགས་མིན་དེ་གནས་སྐབས་དེའི་དབང་སྒྱུར་གྲལ་རིམ་གྱི་བསམ་བློ་གཏོང་ཕྱོགས་ལ་རག་ལས་ཡོད་སྟབས། ང་ཚོའི་ངོས་ནས་བདེན་པ་ཞིག་ལ་འབད་བརྩོན་བྱས་ཀྱང༌། གུང་ཁྲན་གྱི་སྒེའུ་ཁུང་ནང་ནས་ཆབ་སྲིད་ཀྱི་གནད་དོན་ཆགས་མི་སྲིད་པ་མ་རེད།
དྲི་བ། སྐུ་ཉིད་ཀྱིས་རྩོམ་གནང་མཛད་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་དེ་ལེགས་འགྲུབ་བྱུང་སྟེ། ད་ལྟ་དངོས་སུ་འགྲེམས་སྤེལ་བྱེད་ལ་ཉེ་སྟབས། འགྲེམས་སྤེལ་བྱེད་ཕྱོགས་དང་ཀློག་པ་པོ་ཚོར་རེ་བ་འདྲ་འདོན་རྒྱུ་ཡོད་དམ།
ལན། དེབ་འདིའི་འགྲོ་གྲོན་ཡོངས་རྫོགས་སྐུ་སྒེར་ཡིག་ཚང་ནས་ཕུལ་ཡོད་ལ། དཔར་སྐྲུན་དང་འགྲེམས་སྤེལ་བོད་གཞུང་དཔེ་མཛོད་ཁང་རེད། འོན་ཀྱང༌། ང་རང་གི་བསམ་ཚུལ་ཙམ་ཞིག་སྐུ་སྒེར་ཡིག་ཚང་ལ་ཞུས་ཡོད། དེར་སྐྱབས་བཅོལ་བོད་གཞུང་གི་ཁྱབ་ཁོངས་ཀྱི་དགོན་པ་ ༢༦༠ ལྷག་ཡོད་པ་དང་སློབ་གྲྭ་ ༨༠ ལྷག དེ་མིན་གྱི་དཔེ་མཛོད་ཁང་དང་ཤེས་ཡོན་གྱི་ལྟེ་གནས་ཁག དཔེ་མཛོད་ཆེ་ཁག་བཅས་ལ་ཚར་གསུམ་རེ་དང་འབྲིང་གྲས་ལ་ཚར་གཉིས་རེ། ཆུང་ཁག་ལ་ཚར་གཅིག་རེ་སྤྲོད་རྒྱུ་དང༌། དེ་བཞིན། བོད་ནང་གི་སློབ་གྲྭ་ཆེ་ཁག་དང་དཔར་སྐྲུན་ཁང༌། རིག་གཞུང་ཞིབ་འཇུག་སྡེ་ཚན་བཅས་ལའང་ཚར་གཅིག་རེ་གཏོང་ཐུབ་ན། ཞེས་འབོད་སྐུལ་ཞུས་ཡོད། ༧གོང་ས་མཆོག་གཙོས་པའི་བོད་མི་ས་ཡ་དྲུག་གིས་རྒྱ་ནག་གུང་ཁྲན་གཏོར་བཤིག་གཏོང་དགོས་ཀྱིན་འདུག རྒྱ་མི་རིགས་ང་ཚོའི་ཁ་གཏད་དང་དགྲ་བོ་ཡིན་དུས་ནམ་ཡང་ཟེར་གི་མེད་སྟབས། ཧི་མ་ལ་ཡའི་ལྷོ་བྱང་དུ་གནས་བའི་ལ་ཕར་ཚུར་གྱི་རིག་གཞུང་བརྗེ་རེས་བྱ་རྒྱུའི་ཐོབ་ཐང་ང་ཚོར་ཡོད། དེར་བརྟེན། ཤེས་ཡོན་གྱི་ཚོགས་སྡེ་ཁག་ཏུ་བཏང་བ་ཡིན་ན། མིག་སྟོང་ལྡན་པའི་མ་མཐོང་བ། མིག་ལྡན་གཅིག་གིས་མཐོང་བ་ཡོད། ཟེར་བ་བཞིན། ལོ་རྒྱུས་ཉམས་ཞིབ་པ་ཚོར་ཕན་ཅུང་རེ་ཐོགས་སྲིད་གི་རེད། དེ་རིང་༧གོང་ས་མཆོག་ལ་མཇལ་ཁར་བཅར་སྐབས། ཁོང་གིས་ཕྱི་རྒྱལ་ཁག་དུ་བོད་པའི་རིག་གཞུང་གང་ལ་ག་འཚམ་ལག་ལེན་བྱེད་ཀྱིན་ཡོད་པའི་སློབ་གྲྭ་དང་དཔེ་མཛོད་ཆེ་ཁག་དག་ལའང་གཏོང་ཐུབ་ན་ཡག་པོ་འདུག་གསུངས་སོང༌།
དྲི་བ། མདོ་སྨད་ལོ་རྒྱུས་ཆེན་མོའི་དེབ་ཐེར་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། དེབ་ཕུད་༧གོང་ས་མཆོག་ལ་ཕུལ་སྐབས། ཁོང་གིས་དམིགས་བསལ་གྱིས་དཀའ་སློབ་ལམ་སྟོན་གང་འདྲ་གནང་སོང་ངམ།
ལན། ༧གོང་ས་མཆོག་གིས་དེབ་འདིར་དགའ་མོས་ཧ་ཅང་ཆེན་པོ་གནང་བྱུང་ལ། བཀའ་མོལ་སྐབས། ཁྱོད་ཀྱི་ལོ་རྒྱུས་འདི་མ་འོངས་པར་རྩོད་མེད་ཡོངས་གྲགས་ཀྱི་ལོ་རྒྱུས་ཚད་འཛིན་གྱི་རྒྱུ་ཆ་ཞིག་ཆགས་རྒྱུ་ཡིན་པ་གཏན་འཁེལ་ཚར་བ་རེད། དགུ་བཅུ་གོ་གྲངས་ནང་ངས་ཁྱོད་ལ་ལས་ཀ་འདི་བསྐུལ་བ་རེད། ཇི་ལྟར་སྐུལ་བ་ལྟར་ཧུར་ཐག་རྦད་ཐག་གིས་ལས་ཀ་ཁུངས་འཁྱོལ་བ་དང༌། སྤུས་དག་པོ་ཞིག་བྱུང་འདུག་པར་དགའ་བོ་དང་བསྔགས་བརྗོད་ཡོད། མ་འོངས་པར་ཡང་ལས་ཀ་འདྲར་བསྐུལ་ན་དང་ལེན་བྱ་དགོས་པ་རེད། ཅེས་གསུངས་སོང་ལ། སྐབས་དེར་སོ་སོའི་སེམས་ནང་དུའང་མི་ཞིག་ཏུ་སྐྱེས་བ་དང༌། བོད་པ་ཞིག་ཏུ་སྐྱེས་བ། བོད་པའི་རིག་གཞུང་ལ་ལས་ཀ་བྱེད་མཁན་ཞིག་ཏུ་སྐྱེས་པའི་སྐྱེས་གོ་ཕྲན་བུ་ཆོད་སོང་སྙམ་སྟེ། སེམས་ཚ་སོབ་སོབ་ཅིག་ཆགས་སོང༌། ཆོས་ཕྱོགས་ནས་བསམ་ནའང་སོ་སོ་བསོད་ནམས་ཆེན་པོ་དང་སྐལ་བ་ལྡན་པ་རེད་དྲན་སོང༌།
དྲི་བ། མ་འོངས་པར་མུ་མཐུད་མདོ་སྨད་ལོ་རྒྱུས་ཆེན་མོར་ཁ་སྣོན་དང་བསྐྱར་ཞིབ། ཡང་ན་ཡུལ་ལུང་དང་མི་སྒེར་བྱེ་བྲག་པའི་ལོ་རྒྱུས་འབྲི་རྒྱུའི་འདུན་པ་འདྲ་ཡོད་དམ།
ལན། ད་ལྟའི་ཆར་དམིགས་བསལ་གྱི་འཆར་གཞི་གང་ཡང་མེད་མོད། ས་ཆ་ཁ་ཤས་ཀྱི་ལོ་རྒྱུས་ཁྱོན་ནས་མ་རག་པ་དང༌། རག་ཀྱང་འཐུས་སྒོ་མ་ཚང་བ་དེ་འདྲ་མང་པོ་ཞིག་ཏན་ཏན་ཡོད་པ་རེད། དེ་དག་གི་རྒྱུ་ཆ་གསར་དུ་རག་ན། དཔར་ཐེངས་རྗེས་མའི་གོ་སྐབས་དང་བསྟུན་ཏེ། བར་བཅུག་དང་བཟོ་བཅོས་ཀྱི་ལམ་ནས་སྔར་ལས་འཐུས་ཚང་དུ་གཏོང་ཐུབ་ན་བསམ་ཡོད། གལ་ཏེ་བོད་ནང་ཀློག་རྒྱུ་བྱུང་ན། རྒྱུ་ཆ་གསར་བ་འཚོལ་བསྡུད་དང་མཁོ་སྤྲོད་ཡོང་གི་རེད། དེ་དག་ཁ་སྣོན་དང་ཟུར་རྒྱན་གྱི་ལམ་ནས་ནང་འཇུག་བྱ་ཐུབ་ན་བསམ་ཡོད། མདོ་སྨད་ལོ་རྒྱུས་ཆེན་མོ་འདི་བྲིས་པའི་བརྒྱུད་རིམ་ཁྲོད། ལོ་རྒྱུས་ཀྱི་མིང་ཚིག་ཤོག་ལྷེ་ ༢༠༠ ཙམ་བསགས་ཡོད། དེའི་སྟེང་ལ་ཕྱིར་ཨ་རིར་སོང་སྟེ་མོ་རྒྱུས་མིང་ཚིག་གསོར་ཉར་བྱས་ཏེ། རིམ་གྱིས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་ཚིག་མཛོད་འཐུས་སྒོ་ཚང་བ་ཞིག་སྒྲིག་ཐུབ་ན་བསམ་ཡོད། འོན་ཀྱང༌། དུས་རབས་ཉེར་གཅིག་པ་འདི་མི་ཚང་མ་བྲེལ་བ་ཚ་བོ་དང་དངངས་སྐྲག་ཆེན་པའི་ནང་གནས་ཡོད་སྟབས། དུས་ཚོད་དང་དཔལ་འབྱོར་གྱི་མཐུན་རྐྱེན་འཛོམས་མིན་བཤད་དཀའ་མོ་ཡིན་མོད། སོ་སོའི་ངོས་ནས་ལས་གཞི་འདི་རིགས་ལ་མུ་མཐུད་འཇུག་རྒྱུའི་སྤོབས་པ་དང་ཡིད་ཆེས་གཙང་མ་ཡོད།
དྲི་བ། མདོ་སྨད་ལོ་རྒྱུས་ཆེན་མོ་ལེགས་འགྲུབ་དང་དེབ་གཟིགས་དངོས་སུ་ལག་ཏུ་འབྱོར་ཞིང༌། ༧གོང་ས་མཆོག་ལ་དེབ་ཕུད་སྦྱན་འབུལ་ཞུས་ཏེ་བྱ་བཞག་ཡོངས་སུ་གྲུབ་ཚར་ཡོད་སྟབས། དགའ་སྐྱོའི་སེམས་ཚོར་དང་དགོངས་ཚུལ་གང་འདྲ་འདུག་གམ།
ལན། སེམས་པ་ཧ་ཅང་སྐྱིད་པོ་འདུག བོད་པའི་ལྟ་སྟངས་བྱས་ན། མི་ཞིག་སྐྱེས་བའི་མཐའ་མ་བྱ་རྒོད་ཀྱི་ཁ་ཟས་སམ། ཡང་ན་ས་ཆུ་མེ་རླུང་རང་བྱུང་འབྱུང་བའི་ཁམས་སུ་གཏོར་རྒྱུ་དེ་རེད། ཟག་བཅས་ཉེར་ལེན་གྱི་རྡུལ་མང་བསགས་པའི་ཤ་ཁྲག་ལས་གྲུབ་པའི་ཕུང་བོ་ཞིག་ཡིན་སྟབས། ཤི་ཚར་ན་སྙིང་བོ་ཅི་ཡང་ལྷག་མེད། མ་ཤི་སྔོན་ལ་ལོངས་སུ་སྤྱད་དེ། རང་མི་རིགས་ལ་ཕན་ཐོགས་པ་ཞིག་དང༌། འཛམ་བུ་གླིང་ལ་ལག་སྐྱེས་འབུལ་ཐུབ་པ་བྱུང་ན། ལས་དོན་ཞིག་འགྲུབ་སོང་བ་རེད། ལས་ཀ་འདི་ལག་བསྟར་གྱི་སྐབས་སུ་ཧོར་གཙང་འཇིགས་མེད་ཀྱི་ལས་གཞི་ཡིན་མོད། འགྲུབ་ཚར་ཏེ་འཇིག་རྟེན་ལ་ཕུལ་རྗེས། ཨང་དང་པོ་བོད་མི་ས་ཡ་དྲུག་གི་རྒྱུ་རྫས་ཤིག་ཆགས་པ་རེད་ལ། ཨང་གཉིས་པ་འཛམ་བུ་གླིང་གི་མི་གྲངས་དུང་ཕྱིར་དྲུག་ཅུའི་རྒྱུ་རྫས་ཆགས་པ་རེད། ཨང་གསུམ་པ་འཛམ་གླིང་གི་རིག་གནས་བང་མཛོད་ཆེན་མོར་དངོས་རྫས་ཤིག་གི་ཁ་སྐོང་ཙམ་བྱུང་བ་རེད། ད་རེབ་མི་ཞིག་ཏུ་སྐྱེས་ཤིང༌། རང་གི་ཤ་ཁྲག་གི་ཕུང་བོ་བེད་སྤྱད་དེ། གོ་ཆོད་པའི་ལས་ཀ་ཕྲུ་བུ་ཞིག་འགྲུབ་སོང་ཨང་སྙམ་སྟེ། སེམས་ཧ་ཅང་སྐྱིད་པོ་འདུག
བདག་གི་སེམས་དཀྱིལ་ལ་བཞུགས་པའི་རིགས་ཀྱི་བུ། མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཡོད་པའི་དཔེ་བཞིན་ངན་སྨྲ་བཟང་སྟོད་གང་ཡང་མ་ལྟས་པར་ཁྱེད་ཀྱིས་ཕྱག་རྗེས་ཆེན་པོ་དེ་ནི་ད་སྔ་བོད་གངས་ཅན་ནང་མཐོང་དཀོན་པོ་རེད། དེ་ཕྱིར། ཁྱེད་ལ་གངས་ཅན་གཞུང་གི་ལོ་རྒྱུས་མཁས་ཆེན་གྱི་རིགས་གཅིག་མཁས་པའི་གོ་ཐོབ་ཆེན་པོ་ཞིག་སྤྲད་པར་འོས། གང་ཡིན་ཟེར་ན་ཁྱེད་ཀྱིས་བླ་ན་མེད་པའི་བརྩོན་འགྲུས་དང་ཞུམ་པ་མེད་པའི་སྙིང་སྟོབས་ནི་དེང་སང་བོད་ཕྱི་ནང་གཉིས་སུ་ཧ་ཅང་མཐོང་དཀའོ།།
བདེ་འདིའི་མིང་ལ་མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་བཏགས་འདུག་གྲོང་པ་འགའ་ཞིག་ལ་མིང་ཙམ་མ་གཏོགས་མི་འདུག་མིང་ཙམ་གྱིས་གྲོང་པ་སྟེའི་ལོ་རྒྱུས་གོ་ཆོག་གི་ཡོད་དམ།
མ་ཟད་རྩོམ་པ་པོ་སུ་ཡིན་ཀྱང་གྲུབ་མཐའ་ལ་ཕྱོགས་རིག་བྱ་མི་གཉན་པ་གལ་ཆེན་པོ་རེད།
ཉེ་ཆར་རྩོན་པ་པོ་འདི་ནི་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌
ད་དངུས་མང་པོ་འདི་དག་འཕྲོ་བརླག་རེད་ཨཨཨཨ
ང་ཚོ་བོད་པ་ཕལ་ཆེ་བ་མ་གཞི་ནས་ཕྱོགས་ཞེན་དང་ཞོར་རྒྱུག ཆོལ་ཁ་དང་ཆོས་ལུགས་གྲུབ་མཐའ་སོགས་ཀྱི་རེས་གཅོད་ལྟ་ངན་བློ་ཕམ་དགོས་པའི་ཚད་རེད། འདི་འདྲའི་རྒྱབ་ལྗོངས་ཞིག་གི་འོག་ནས་མི་སྒེར་པ་ཞིག་གིས་མདོ་སྨད་ལོ་རྒྱུས་བྲིས་འོངས་ན། རང་བཞིན་གྱིས་ས་མཚམས་ཆུ་མཚམས་མང་པོ་ཞིག་ནས་ཐོད་བརྒལ་གྱིས་ལག་པ་བསྲིངས་འགྲོ་བ་རེད། དེས་རྐྱེན་པས་ཚུར་ཕྱོགས་ན་ཞེན་འཁོག་གི་མེ་འབར་བའི་མི་མང་པོར་ཕོག་འགྲོ་པ་སྨོས་མེད་རེད། གལ་ཏེ་བོད་ཀྱི་མདོ་དབུས་ས་ཆའི་བར་མཚམས་ན་གནས་པའི་མདོ་སྟོད་པས་ཁམས་ཁུལ་གྱི་ལོ་རྒྱུས་ཤིག་བྲིས་ཚེ། ཡང་དབུས་མདོ་གཉིས་ཀའི་ཕྱོགས་སུ་ལག་པས་གང་སྙོབ་སྙོབ་ཀྱི་ས་ལ་ལག་རིང་རྐྱོང་ངེས་རེད་པས། དེའི་ཕྱིར་ངས་མདོ་དོན་བརྗོད་འདོད་པ་ནི། ལོ་རྒྱུས་འདི་འདྲ་དག་འབྲི་རྒྱུར་དགོས་དམིགས་ཅི་ཞིག་བཟུང་ཡོད་ན། བོད་སྤྱི་ཡོངས་ཀྱི་ལོ་རྒྱུས་ཤིག་བྲིས་བཏང་ན་དེས་མི་འགྲིག་པ་ཅི་ཡོད། ལས་ཀ་འདི་ཚོ་ནི་ང་ཚོ་འགག་རྩའི་དུས་སུ་ཆིག་སྒྲིལ་ལ་གནོད་པའི་བྱ་བ་ཞིག་ཡིན་པར་བསམ་གྱི་ཡོད།
དྲ་གྲོགས་ཚོ། དྲང་མོ་བྲིས་མི་འདུག་ཡ། ཁོས་མ་ཤེས་བ་ཡིན་ན་ཁག་མེད། དེ་འདྲ་མ་རེད་ཁོས་བསམ་བཞིན་དུ་ལོ་རྒྱུས་ལ་འཁྱོག་བརྗོད་བྱས་པ་ཡིན་དུས། མདོ་སྨད་ལ་ཞེན་ཁོག་ཡོད་མཁན་དང་སྨྱུ་གུ་འཛིན་མཁན་ཚོས་ངེས་བར་དུ་འབྲི་དགོས་པ་རེད་ཡ། གང་ནས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་ན་ཚང་མས་བསྡུ་རུབ་བྱས་ནས་༸གོང་ས་མཆོག་གི་མཚན་ཐོག་ལ་ཅིག་ཕུལ་ན་ག་འདྲ་འདུག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་ཡིག་ཚང་ནས་གནང་བའི་འབུམ་ཉི་ཤུ་བོ་འཕྲོ་བརླག་མ་རེད་བེ། མདོ་སྨད་མི་མང་ལ་སེམས་ཞིག་ཡོད་ན་ད་འབྲི་རན་རེད་ཡ།
ནོར་འདུག་ཡ ནོར་འདུག་ངའི་ཕ་ཡུལ་གྱི་ལོ་རྒྱུས་ནོར་འདུག། ངའི་ཕ་ཡུལ་གྱི་ལོ་རྒྱུས་ནོར་ཡོད་པ་ཤེས་བཞིན་དུ་འདི་ལྟར་འཇོག་དགོས་སམ། ཡང་ན་བསྐྱར་དཔར་བྱེད་དགོས་པ་རེད།
རྩོམ་པ་པོ་ཧོ་གཙང་འཇིགས་མེད་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ཆབས་གཅིག་ཁྱེད་ཀྱི་ལོ་རྒྱས་དེ་མདོ་སྨད་ཙམ་མ་ཟད་ཆོལ་ཁ་གསུམ་ཡོངས་རྫོགས་ཀྱི་དཔྱད་གཞི་་ཡོངས་བས་རེ་བ་ཡོད་
etyhtrhgfhg
དྲ་གྲོགས་ཚོ་ཁྱེད་ཚོ་བདག་གི་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།
ཡང་འདི་ནས་བཤད་རྒྱུ་ཞིག་ལ། མདོ་སྨད་ལོ་རྒྱུས་ཆེན་མོ་དཔར་བསྐྲུན་བྱས་ནས་ཟླ་ཤས་ཕྱིན་ནའང་ཞིབ་བལྟ་བྱེད་མ་ཀྱང་ལོ་རྒྱུས་ཀྱི་ས་བོན་གལ་ཆེན་ཞིག་རྒྱུའི་རེ་བ་ཡོད།
རླབས་ཆེན་གྱི་རྩོམ་པོ་ཁོང་གི་སྙིང་སྟོབས་དང་སེམས་ཤུགས་ལ་རྗེས་ཡི་རངས་དང་། མདོ་སྨད་ལོ་རྒྱུས་ཆེན་མོ་ལེགས་འགྲུབ་བྱུང་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་བ་ཡིན། མཁས་དབང་ཁྱེད་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པོ་ཡོང་པར་སྨོན།
ངས་ནི་ཤེས་ཡོན་པ་ཧོར་འཇིགས་ཧོར་འཇིགས་གི་མདོ་སྨད་ལོ་རྒྱུས་ཆེན་མོའི་ཁ་བྱང་ཙམ་ཞིག་བརྙན་འཕྲིན་པར་ངོས་ནས་མཐོང་བ་ཙམ་རེད་པས། དེའི་ནང་རོལ་ན་གསེར་དང་རག་ཅི་དང་ཅི་ཡོད་ཟུར་ཙམ་ཡང་མཐོང་མེད་གཤིས་བསྟོད་སྨད་ཀྱི་ཟོལ་སྦྱོར་ཅི་ཡང་རྩོམ་མི་འདོད།
ངས་ནི་ཤེས་ཡོན་པ་ཧོར་འཇིགས་ཧོར་འཇིགས་གི་མདོ་སྨད་ལོ་རྒྱུས་ཆེན་མོའི་ཁ་བྱང་ཙམ་ཞིག་བརྙན་འཕྲིན་པར་ངོས་ནས་མཐོང་བ་ཙམ་རེད་པས། དེའི་ནང་རོལ་ན་གསེར་དང་རག་ཅི་དང་ཅི་ཡོད་ཟུར་ཙམ་ཡང་མཐོང་མེད་གཤིས་བསྟོད་སྨད་ཀྱི་ཟོལ་སྦྱོར་ཅི་ཡང་རྩོམ་མི་འདོད།
ངས་ནི་ཤེས་ཡོན་པ་ཧོར་འཇིགས་ཧོར་འཇིགས་གི་མདོ་སྨད་ལོ་རྒྱུས་ཆེན་མོའི་ཁ་བྱང་ཙམ་ཞིག་བརྙན་འཕྲིན་པར་ངོས་ནས་མཐོང་བ་ཙམ་རེད་པས། དེའི་ནང་རོལ་ན་གསེར་དང་རག་ཅི་དང་ཅི་ཡོད་ཟུར་ཙམ་ཡང་མཐོང་མེད་གཤིས་བསྟོད་སྨད་ཀྱི་ཟོལ་སྦྱོར་ཅི་ཡང་རྩོམ་མི་འདོད།
དྲི་བ། མདོ་སྨད་ལོ་རྒྱུས་ཆེན་མོའི་དེབ་ཐེར་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། དེབ་ཕུད་༧གོང་ས་མཆོག་ལ་ཕུལ་སྐབས། ཁོང་གིས་དམིགས་བསལ་གྱིས་དཀའ་སློབ་ལམ་སྟོན་གང་འདྲ་གནང་སོང་ངམ།
ལན། ༧གོང་ས་མཆོག་གིས་དེབ་འདིར་དགའ་མོས་ཧ་ཅང་ཆེན་པོ་གནང་བྱུང་ལ། བཀའ་མོལ་སྐབས། ཁྱོད་ཀྱི་ལོ་རྒྱུས་འདི་མ་འོངས་པར་རྩོད་མེད་ཡོངས་གྲགས་ཀྱི་ལོ་རྒྱུས་ཚད་འཛིན་གྱི་རྒྱུ་ཆ་ཞིག་ཆགས་རྒྱུ་ཡིན་པ་གཏན་འཁེལ་ཚར་བ་རེད། དགུ་བཅུ་གོ་གྲངས་ནང་ངས་ཁྱོད་ལ་ལས་ཀ་འདི་བསྐུལ་བ་རེད། ཇི་ལྟར་སྐུལ་བ་ལྟར་ཧུར་ཐག་རྦད་ཐག་གིས་ལས་ཀ་ཁུངས་འཁྱོལ་བ་དང༌། སྤུས་དག་པོ་ཞིག་བྱུང་འདུག་པར་དགའ་བོ་དང་བསྔགས་བརྗོད་ཡོད། མ་འོངས་པར་ཡང་ལས་ཀ་འདྲར་བསྐུལ་ན་དང་ལེན་བྱ་དགོས་པ་རེད། ཅེས་གསུངས་སོང་།།
དྲ་གྲོགས་མང་པོ་ཞིག་གིས་གསར་འགོད་པས་ཧོར་འཇིགས་ཚང་ལ་བཅར་དྲི་བྱས་པ་དེ་མ་བཀླགས་པའམ་ཡང་ན་ཡག་པོ་མ་བཀླགས་པར་བསམ་ཚུལ་འདོན་གྱི་ཡོད་པ་འདྲ། གོང་དུ་དྲངས་བའི་དུམ་བུ་དེས་དྲི་བ་གང་མང་ཞིག་ལ་ལན་འཐེབས་འདུག། །།
ལོ་རྒྱུས་འབྲི་མཁན་ལ་དམིགས་གསལ་གྱི་འགན་ལྕི་མོ་ཞིག་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ཡང་། མདོ་སྨད་ཀྱི་ལོ་རྒྱུས་འདི་ཉིད་འབྲི་བ་ཧོར་འཇིག་ལ་མཚོན་ན་ཁོ་རང་གིས྄་ཀྱང་གལ་ཆེ་བའི་གནད་དོན་འདི་ནི་ཤེས་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད་འདོད་ཀྱི་ཡོད་ལ། ཁོ་རང་གི་ལོ་ངོ་འདི་དག་གི་རིང་དུ་དཀའ་ལས་བརྒྱབ་པ་དེ་དག་ཡང་དོན་མེད་ཆུད་ཟོས་སུ་སོང་ཡོད་མེད་ལོ་རྒྱུས་བྲིས་ཡོད་པ་དེ་དག་བཀླགས་ནས་ད་གཟོད་དགེ་སྐྱོན་རེ་གླེང་ན་ཡག་པོ་ཞིག་མཐོང་གི་འདུག དེ་མིན་ཁ་ནས་ཅི་ཐོན་རེ་བཤད་ནས་བསྡད་པ་ཡིན་ན་ནི་གང་ཡང་མི་ཕན་ནོ།
ང་ནི་སྐྱོན་ལ་མཛུབ་མོ་འཛུགས་རྒྱུར་དགའ་བ་ལས་བསྟོད་པ་འཐེན་རྒྱུར་མི་དགའ། མི་རབས་གསུམ་པ་ཟེར་མཁན་དེ་ཚོར་དགེ་མཚན་ཡོད་པ་ཁས་ལེན་གྱི་ཐོག་ནས་སྐྱོན་ཡང་བཤད་པ་དེ་དགེ་མཐོང་གི་སེམས་ན་ཡོད་བསམ། བོད་མི་ཚོ་བུ་ངན་པས་རང་བསྟོད། བྱ་ཁྭ་ཏས་སྒྲོ་བསྟོད་ཟེར་བའི་སྲིད་པའི་གཏམ་དཔེ་འདི་དང་མ་འགལ་ཆོག་ཨང་བསམ་པ་ཡིན། ད་ནི་དྲ་ཐོག་ནས་ཁ་བྲལ་ཏེ་ཧོར་འཇིགས་ཀྱི་དཀའ་སྤྱད་ལ་ཁ་མིག་ཡར་ལྟའི་སྒོ་ནས་བརྩམས་ཆོས་ཤིག་གི་ས་བོན་འདེབས་པའི་གྲ་སྒྲིག་བྱས་ན་འོས་པར་མཐོང་།
གལ་ཏེ་གོང་སའི་བཀའ་སྐུལ་ཡིན་ན་སྨྲ་མ་དགོས་བ་རེད། སྙན་ངག་པ་ཞིག་ཡིན་ནའང་སོ་སོའི་ཤེས་ཚད་ཀྱིསལོ་རྒྱུས་ཟེར་བ་ཞིག་འབྲི་ཡི་ཡིན་ལབ་ན་མ་ཆོག་པ་མེད། གཙོ་བོ་ལོ་རྒྱུས་དེ་ལོ་རྒྱུས་ཚད་ལྡན་ཞིག་ཡིན་དགོས་ལབ་པ་ཡིན། དྲང་བདེན་གྱིས་བསླུས་བའི་སློང་མོ་བ་ནི་ཕྲན་གྱིས་བལྟས་ཡིན། དེས་ཧོར་འཇིགས་ནི་ལོ་རྒྱུས་ཤེས་མཁན་ཞིག་ཡིན་པ་སྟོན་ཐུབ་ཀྱི་མི་འདུག ཕྲན་གྱིས་ཧོར་འཇིགས་ནི་སྙན་ངག་པ་ཞིག སེམས་ཤུགས་ཅན་ཞིག་ཡིན་པ་ལས་གཞན་མཐོང་མ་སོང་། ཁོ་ལ་ཕྲག་དོག་བྱེད་དགོས་དོན་མེད། བོད་མི་སུ་ཡང་ཤེས་འཇོན་གནམ་ས་འབིགས་མཁན་ཞིག་བྱུང་ན་དགའ་བ་ལས་སྡུག་པ་ཅི་ཡང་མེད།
ངས་འདིར་ཕེབས་མཁན་ཤེས་ཡོན་པ་ཡིན་ཟེར་མཁན་དག་ལ་འདྲི་ཡ་ཞིག་ཡོད། ད་ལྟའི་བོད་ཀྱི་སྤྱི་ཚོགས་གནས་བབ་འདི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ནས་བལྟས་ན་ག་འདྲ་ཞིག་སླེབས་ཡོད། མང་པོ་མ་ལབ་པ་བྱས། ད་ལྟ་ང་ཚོའི་ཁ་གཏད་དུ་ལངས་བའི་རྒྱ་ནག་དང་བསྡུར་ནས་ལོབས་དང་། དེ་བས་ང་ཚོ་མིའི་སྤྱི་ཚོགས་ནང་ལ་འཚོའི་ཡོད་སྟབས་རང་མི་རིགས་ཀྱི་ཤེས་ཚད་དང་དེང་རབས་མིའི་སྤྱི་ཚོགས་གཤིབ་སྡུར་བྱེད་རྒྱུ་གལ་ཆེན་པོ་རེད། དངོས་ཡོད་གནས་སྟངས་ལ་བལྟས་ནས་སེམས་པ་དགའ་དགོས་པ་ཞིག་རེད་ལབ་ན་དཀའ་མོ་རེད་ཡ། དེ་ན་མཁྲེགས་འཛིན་རིགས་དོར་ཏེ་གོམ་པ་ཆེན་པོ་ཞིག་མདུན་དུ་སྤོ་དགོས་མི་འདུག་གམ།
གོང་དུ་དྲ་གྲོགས་ལྕགས་རྒྱ་སོགས་འགའ་་རེས་བཤད་ན་ཧོར་འཇིགས་ཀི་སྙན་ངག་འབྲི་ཤེས་པ་བདེན་ཡང་། ལོ་རྒྱུས་འབྲི་བ་ལ་དོགས་པའམ་ཐེ་ཚོམ་ཡོད་ཚུལ་བརྗོད་ཀྱིན་འདུག
དེ་ནི་ཟ་མི་དགོས་པའི་དོགས་གཞི་ཞིག་རེད། ཧོར་འཇིགས་ཀྱིས་བྲིས་བའི་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཞེས་པ་ཐེངས་ཤིག་ཀློག་དང་དོགས་པ་སེལ་འགྲོ་བ་རེད།
གྲོགས་པོ་ལགས། ད་ཁོང་ཁྲོང་མ་ཟ། ཁྱོད་འདིས་དེབ་དེའི་ནང་ན་ང་ཚོར་ལོ་རྒྱུས་དག་མ་རེད་ཡོད་ན་བསམ་པ་ལས་དེའི་ནང་ན་སྐྱོན་གྱི་མཛུ་གུ་འཛུགས་ས་རེ་ཡོད་ན་བསམ་ནས་སྒུག་ཡོད་པ་འདྲ། དེ་ཡིན་དུས་འདིའི་ཕྱོགས་ནས་ངེད་གཉིས་ཁྭ་ཏ་ཤར་རེད། ཁུ་བྱུག་ལྷོ་རེད། དེ་འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཟེར་བ་ཡིན་རྒྱུ་རེད། འོན་ཀྱང་ཁ་བརྡ་སོགས་ནས་ཀྱང་ངས་ཁྱོད་ཀྱི་མཆན་མང་པོ་ཀློག་མྱོང་ང་། བསམ་ཚུལ་མང་པོ་ཞིག་ང་ཚོའི་མཐོང་སྣང་གཅིག་རེད་འདུག དེ་བས་རྗེས་ཕྱོགས་ངའི་ཟིན་བྲིས་སུ་ཕེབས་དང་། གླེང་གཞི་གཞན་གྱི་སྟེང་ནས་ང་ཚོས་ཁ་བརྡ་བྱེད། དེ་དུས་ཁོང་ཁྲོ་མ་ཟ་ཨ།།།།།།།།
རོ་མ་མཐོང་གོང་ལ་ངུ་རྒྱངས་བྱེད་པ་དོན་ཆུང་རེད། དེབ་མཇལ་ནས་ནམ་ལངས་ཉི་ཤར་བྱུང་ན་བཤད་བདེ་འགྲོ་བདེ་ཡིན།
ངས་སྤྱིར་གཞུང་ལུགས་གང་ཞིག་ལ་ཡང་རང་གི་རྣམ་དཔྱོད་བློ་ཡི་རིག་པས་བརྡར་ཤ་བཅད་ཏེ་གནས་ལུགས་ཞིག་འཆད་ན་བཀུར་བར་འོས་བ་ལས་དེབ་ཕྲེང་འདི་སྤྱི་ཚོགས་སྟེང་ཀློག་པ་པོ་རྣམ་གྱི་སྤྱན་སྔར་མ་བསྟར་གོང་ནས་མི་ཞིག་གིས་ལོ་ངོ་དུ་མར་དཀའ་ལས་བརྒྱབ་བའི་འབྲས་བུ་ལ་འདི་ལྟར་ཟུར་ཟ་དང་མཐོང་ཆུང་གི་སྐད་ཆ་བཤད་པ་ནི་བློ་གཟུ་བོར་གནས་བ་ཞིག་གི་ལས་མ་རེད་ཅེས་བཤད་པ་ལས་ཆེད་དུ་ཁྱོད་ཀྱི་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་ཚིགས་ཕྱིར་འཐེན་བྱས་འདུག་ཨ་ཧ་བོ་ཟེར་གྱི་མེད་ལ། ང་ལ་མི་གཞན་གྱི་ཐོབ་ཐང་ལ་རྒོལ་བ་དང་། གཞན་ལ་སུན་བཙེར་བྱེད་པའི་ནུས་བ་ཞིག་ཡོད་ན་ངས་འཛིང་སའི་རྒྱ་ལ་མི་འཛིང་བར་ཁ་ཕྱིར་འཁོར་ཏེ་རང་གི་ནང་ལ་རྒོལ་དགོས་དོན་དེ་བས་མེད་མོད། མཚམས་ཚོམ་མེད་པར་ཁྱོད་ལ་དེ་འདྲའི་ཚ་བ་ཞིག་འཕར་སྟངས་དང་གོང་གི་དཔེ་མཚོན་དེ་གཉིས་གང་ཞིག་ལ་འདྲེན་གྱི་ཡོད་མེད་མགོ་ཡང་འཚོས་ཀྱི་མི་འདུག་པས། ཡང་བསྐྱར་ཅིག་གསུང་རྒྱུའི་རེ་བ་ཡོད། བླ་རྒན་མགོ་གྱོང་དེས་ཕྱི་གླིང་སྐད་ཡིག་ནང་བྲིས་བའི་དཔེ་ཆ་དག་ཕྱི་གླིང་གི་དཔེ་མཛོད་ནང་ཡོད་པར་ངེས་ལ་འདི་སྤྱིར་སྐད་ཡིག་གི་ཁྱབ་ཆེ་ཆུང་དང་དཔེ་བསྐྲུན་ཁང་རང་གི་ཚོང་རའི་ནུས་ཤུགས་ཀྱང་རེད། རྨ་ལུང་རྡོ་རྗེ་བྲག་ཏུ་ཡོན་ཏན་རྒྱ་མཚོའི་རོ་ཐལ་འཇོག་སའི་མཆོད་རྟེན་ཞིག་བཞེངས་གྲབ་བྱེད་བ་བདེན་པ་རེད། འོན་ཀྱང་འདི་རྒྱ་གར་ན་བཞུགས་པའི་ཕ་ཡུལ་གཅན་ཛའི་ཕྱོགས་གྱི་མི་དམངས་ཚོས་༢༠༠༣ཡོན་ཏན་རྒྱ་མཚོའི་ཚེ་མཇུག་གི་བྱ་སྤྱོད་དང་དོལ་རྒྱལ་ཚོགས་པའི་དམིགས་ཡུལ་དག་ཕ་ཡུལ་གྱི་མི་དམངས་ཚོར་གསལ་བཤད་བྱས་བས་མཐར་མཆོད་རྟེན་གྱི་རྨང་གཞིར་གྲ་སྒྲིག་བྱས་བའི་རྡོ་དག་ཀྱང་བེད་སྤྱོད་མ་བྱས་བར་ཚང་མ་རྨ་ཆུའི་ནང་དུ་གཡུག་པའི་གནས་ཚུལ་བདེ་སྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱི་གསལ་བོར་བཤད་སོང་། དེའི་རྗེས་ནས་མཆོད་རྟེན་གསར་བ་འདྲ་བཞེངས་ནས་དེང་སང་བོད་ནང་གི་ཤེས་ཡོན་ཅན་དང་དགེ་རྒན་ཆེན་མོ་བ་ཚོ་བསྐོར་བར་འགྲོ་ས་ཞིག་ཡོད་ན་ཕྲན་གྱིས་དངོས་ནས་གོ་མ་བྱུང་བས་དགོངས་འགལ་མེད་པར་ཞུ ། དེ་མིན་ང་ལ་གཞན་ལ་ངོ་བསྟོད་བྱེད་པའི་འཇོན་ཐང་དེ་མེད་ལ་ཧོར་གཙང་འཇིགས་མེད་ལ་བསྟོད་དགོས་བའི་རྒྱུ་མཚན་ཞིག་དེ་བས་ཀྱང་མེད།
ཧོར་གཙང་འཇིགས་མེད་ཀྱི་མཁྱེན་ཡོན་གྱི་ཚད་གཞི་ལ་ཁོའི་དཔེ་ཆ་རྣམས་རྒྱལ་ཁབ་ཕྱི་ནང་གི་དཔེ་མཛོད་ཁག་ཏུ་ཉར་ཡོད་པ་ཙམ་བཞག་ན་ཅི་འདྲ་ཡིན་ནམ། དགེ་བཤེས་སྐལ་བཟང་རྒྱ་མཚོའི་ཤུགས་ལྡན་གྱི་དཔེ་ཆ་དེ་དག་ཀྱང་ཕྱིའི་དཔེ་མཛོད་ཁག་ཏུ་ས་ཁྱབ་རྡོ་ཁྱབ་རེད།
གཉིས་ནས་བོད་དུ་གུས་བརྩི་བྱེད་སྟངས་ཀྱི་ཆ་ནས་ཀྱང་རྨ་འགྲམ་རྡོ་རྗེ་བྲག་ཏུ་མདོ་སྨད་པ་ཡོན་ཏན་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་ཤིག་བཞེངས་ཡོད་པའི་བཤད་ཚུལ་འདུག དེ་བས་བསྟོད་ན་བསྟོད་སྟངས་ཤེས་ན་བཟང་། གང་ལྟར་འདི་ནི་གནད་འགག་མ་རེད།
ངས་བཤད་འདོད་པ་ནི། ང་ལ་མཚོན་ན་གྲྭ་བ་དང་སྤྲུལ་སྐུ་ཡིན་ཚད་མཆོད་གནས་སུ་བཀུར་ཏེ་ཕྱག་འཚལ་མི་ཐུབ་ལ། མཁས་པ་ཡིན་ཚད་ཀྱི་གསུང་མ་ཐོས་སྔོན་ནས་ཚད་མར་བཟུང་སྟེ་བཀྲ་ཤིས་བདེ་ལེགས་ཞེས་བཤད་ན་དེ་ནི་རྣ་བར་འཇེབས་པའི་འཕྲལ་གྱི་ཁ་འཇམ་ཚིག་ཡག་ཅིག་རེད་མ་གཏོགས། རང་གཞན་སུ་ལའང་ཕུགས་ཀྱི་ཁེ་ཕན་ཡོད་པར་མི་བསམ།
འཇིག་རྟེན་འདིར་རང་གི་འདོད་ཐོག་ཏུ་མ་སོང་རིགས་ཀྱི་བསམ་ཚུལ་བཤད་པའི་ཐོབ་ཐང་ལ་རྒོལ་བ་ལས་ལྷག་གི་ཉེན་ཁ་དང་བསུན་གཙེར་ཞིག་མེད་པར་འདོད་པས། བསམ་སྤྱོད་ཀྱི་ཐད་ནས་རང་ལས་རིང་དུ་བརྒལ་བའི་གཞན་དེ་མཐའ་གཅིག་ཏུ་ཕྲག་དོག་སོགས་ཀྱི་དྲི་མས་སྦགས་པའི་ནག་ཕྱོགས་སུ་སྒྲུབ་པ་འདི་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང་ཞེས་བཤད་འདོད་བྱུང་བ་དང་ཆབས་ཅིག ཧོར་གཙང་འཇིགས་མེད་ཀྱང་གནས་ལུགས་འདི་མི་རྟོགས་མཁན་ཞིག་མིན་པའི་ཡིད་ཆེས་ཡོད་པ་ཁོང་དང་ལོ་ངོ་བཅུ་གྲངས་གཤིབ་པའི་རང་གི་མྱོང་ཚོར་ཙམ་ཡིན་ཞེས་ནམ་མཁའ་བསྟན་འཛིན་གྱི་རྣ་ལམ་དུ་འཇོག་འདོད་བྱུང་།
སྤྱིར་བོད་ཡིག་ལ་རིན་ཐང་མེད་སའི་ཡུལ་གྲུ་ཞིག་ནས་བོད་ཀྱི་ལོ་རྒྱུས་ཀློག་མཁན་ཡང་ཡོད་མེད་བཤད་དཀའ་མོད། ཕྲན་རྩོམ་པ་པོ་ཁོང་དང་ཆ་རྒྱུས་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས་འདིར་བརྗོད་འདོད་པའི་སྐད་ཆ་ཞིག་ལ། ཨ་རིའི་ནུས་ཡོག་དཔེ་མཛོད་ཁང་ཆེན་མོ་དང་ལབ་རྩེ་དཔེ་མཛོད། དབྱིན་ལན་དང་ཧོ་ལན་ཌི། ཨིས་ཊ་ལིས་གཞུང་གི་དཔེ་མཛོད་དང་། བོད་ནང་དུ་ནུབ་བྱང་མི་རིགས་སློབ་ཆེན་གཙོས་བའི་སློབ་གྲ་ཆེན་མོའི་དགེ་རྒན་འགའི་ཤག་ན་རྩོམ་པ་པོ་ཁོང་གི་བརྩམས་ཆོས་མང་བོ་མཐོང་རྒྱུ་འདུག་ལ། ཁོང་གི་དེབ་སྔོན་མ་འགའ་བོད་ནང་དུ་རྒྱབ་ཤུན་བརྗེས་བོ་བརྒྱབ་ནས་བསྐྱར་དཔར་ཡང་བྱས་འདུག་པས། ཕྱི་རྒྱལ་ཁག་ན་བཞུགས་པའི་ཀློག་པ་པོ་འགར་ཀློག་རྒྱུའི་རིན་ཐང་ལྡན་མིན་མི་ཤེས་ཡང་། བོད་བཞུགས་ཤེས་ཡོན་པ་མང་བོས་གདེངས་འཇོག་དང་དགའ་མོས་བྱེད་སྟངས་ལ་ལྟོས་ན་ཁོ་ཚོ་ལ་དགོས་མཁོ་ཆེ་བ་གདོན་མི་ཟ་བས། དེ་ན་ཁྱོད་ཚོས་རྩོམ་པ་པོ་ཁོང་ལ་ལོ་རྒྱུས་འབྲི་བའི་ཤེས་ཡོན་དང་ཆུ་ཚད་འདང་མིན་ལ་ཡང་སེམས་འཁུར་བྱེད་དགོས་བར་མི་འདུག་མོད། སྤྱིར་བོད་ཡིག་ལ་མཐོང་མི་འདུག་དང་བོད་ཡིག་ཤེས་མཁན་ལ་དབང་མི་འདུག་ཅེས་ཧེ་འདེབས་མཁན་ཡང་བོད་ཡིག་ཏོག་ཙམ་ཤེས་མཁན་ཚོའི་ནང་དུ་ཡོད་ལ། བོད་ཡིག་ཤེས་ཡོན་ཅན་ཞིག་བྱུང་ན་དགའ་མིན་ཕྲག་དོག་གི་སྐད་རྒྱབ་ཏེ་རྒྱང་ཕུད་གཏོང་མཁན་ཡང་བོད་ཡིག་ཀློག་མཁན་ཚོའི་ནང་དུ་འདུག རྩོམ་པ་པོ་ཁོང་གིས་རྒྱ་བལ་འབྲུག་གསུམ་དུ་དཔེ་མཛོད་ཁག་དང་། གཞིས་ཆག་ཁག་ཏུ་འགྲིམ་འགྲུལ་སྟབས་བདེ་མིན་སར་རྐང་པ་རྒྱབ་ནས་མི་སྣ་གལ་ཆེན་བརྒྱ་ཕྲག་མང་བོར་བཅར་འདྲི་དང་རྒྱུ་ཆའི་ཡིག་ཆ་འཚོལ་བསྡུ། བོད་ནང་དུ་རང་གི་གཉེན་ཚན་དང་བཟང་ས་རྒྱན་ས་བརྒྱུད་གསང་བའི་སྒོ་ནས་ཁོ་ཚོའི་བདེ་འཇགས་ལ་མ་འཛེམས་པར་ཆེད་མངགས་ཀྱིས་དཔེ་རྙིང་འཚོལ་བསྡུ་དང་མི་སྣར་བཅར་འདྲི་བྱས་ཏེ་མཐར་ལོ་ངོ་ཧྲིལ་བོ་དགུ་ལ་དཀའ་ལས་བསྐྱོན་པ་ཞིག་ལ་འདི་ལྟར་མཐོང་ཆུང་དང་དམའ་འབེབས་བྱེད་པ་ནི་ཅི་ནས་མི་འོས་ཞིང་། ལས་དཀའ་འདིའི་བརྒྱུད་རིམ་ཁྲོད་དུའང་ང་ཚོའི་སྤྱི་ཚོགས་ནང་དགའ་ཉེས་ཕྲག་དོག་གི་ན་ཚ་མི་ཐེགས་མཁན་འགའ་ཤས་ཡིས་རྩོམ་པ་པོ་ཁོང་ལ་སྤྱི་ཚོགས་ནང་མིང་ཆད་བཟོ་ཕྱིར་རྩིག་པའི་ལྡེབ་དང་གྱང་གི་ངོས་ལམ་གྱི་འགྲམ་སོགས་སུ་འཆལ་གཏམ་གྱི་སྦྱར་ཡིག་སྦྱར་མཁན་དང་། ནང་མི་བུ་ཕྲུག་ལ་འཇིགས་སྐུལ་མཁན། མཚན་མོ་ར་སྐོར་ནང་དུ་ཡི་གེ་གཡུག་ནས་འཇིགས་བསྐུལ་བྱེད་མཁན་སོགས་དཀའ་ངལ་དང་གནོན་ཤུགས་དུ་མ་ཕྲད་ཡོད་མོད། དཀའ་ངལ་དེ་དག་ལ་གདོང་ལེན་བྱས་ཏེ་མཐར་ལོ་རྒྱུས་གྱི་བླགས་བམ་དྲུག་པོ་ལེགས་པར་འགྲུབ་པ་སྙིང་ཐག་པ་དགའ་བསུ་ཞུ་འོས་ཞིང་། སྐུ་སྒེར་ཡིག་ཚང་ནས་འགྲོ་གྲོན་བཏང་ཏེ་༧རྒྱལ་བ་རིན་པོ་ཆེས་ཐུགས་འགན་འཇོག་སའི་ལས་གཞི་ཚང་མར་ཡང་འདི་འདྲིའི་ལས་ཀ་སྟོན་རྒྱུ་ཡོད་ན་ང་ཚོའི་ཤེས་ཡོན་འཐུས་ཤོར་ཟེར་བ་དེ་ཡང་ཡོད་མི་སྲིད།
ཀློག་མཁན་མང་པོ་ཞིག་གིས། སྙན་ངག་པ་ཧོར་གཙང་འཇིགས་མེད་ལགས་ནས་མདོ་སྨད་ཀྱི་ལོ་རྒྱུས་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་འདུག་ཀྱང༌། ལེགས་འགྲུབ་བྱུང་ཡོད་མེད་དེ་དེབ་ཆ་ཚང་བཀླགས་ནས་བཤད་དགོས་པ་ཡིན་སྟབས། བསམ་ཚུལ་འདོན་མཁན་ཚོའི་ནང་དེའི་ཆ་ནས་གླེང་བཞག་པ་ཞིག་མ་བྱུང་འདུག དེར། ལྕགས་རྒྱ་འགྲམ་ནག་ལགས་ནས། དེབ་མ་མཇལ་བར་དུ་རྟེན་འབྲེལ་ཞུ་རྒྱུ་ཕྱིར་འཐེན་བྱས་ཡོད་ཟེར། བདེན་པ་རེད། དེབ་མ་མཇལ་གོང་ནས་ཡག་པོ་ཡོད་པ་ཤེས་ཀྱི་མ་རེད། ད་དུང༌། སྙན་ངག་དང་ལོ་རྒྱུས་གཉིས་འབྲི་སྟངས་དང་དེ་གཉིས་འགན་ཁུར་གྱི་ཆ་ནས་བྱས་ནའང་ཐ་དད་རེད། ཡང་དེའི་གོང་ལ། སྐལ་བཟང་ལགས་ནས། ཧོར་འཇིགས་སྙན་ངག་པ་ཙམ་རེད། ལོ་རྒྱུས་ཀྱི་ཤེས་ཚད་འདང་ཡོད་མེད་དོགས་པ་རེད་མདོག་མདོག་ཀྱང་བརྗོད་འདུག བསམ་ཚུལ་འདི་གཉིས་ནི་སྔ་མ་དྲག་འཕྱི་མ་དྲག་ཟེར་བ་དེ་རེད།
ཐུགས་རྗེ་ཆེ་ཞུ་མཁན་ཚོས། མདོ་སྨད་ལོ་རྒྱུས་འདི་མགོ་བཙུགས་པ་ནས་དེབ་གཟུགས་སུ་མ་ཕབ་བར་གྱི་ལས་རོགས་དེ་ཚོར་ཐུགས་རྗེ་ཆེ་ཞུས་པ་ཉུང་ངུ་ལས་མི་གདའ། དེ་ནི་གྲུབ་འབྲས་དང་བྱས་རྗེས་བདག་མཁན་གྱི་གྲུབ་ཆ་རེད། དམའ་མཐའ་མཐའ་ལ་དེ་ཚོར་སྔོན་ལ་ཐུགས་རྗེ་ཆེ་ཞུ་དགོས་པར་འདོད།
དྲ་གྲོགས་དོན་འགྲུབ་བཀྲ་ཤིས་ཀྱིས་ཟེར་ན། མདོ་སྨད་ལོ་རྒྱུས་ཆེན་མོར་དབུ་འབྱེད་དགོས་པ་མ་རེད། འཇམ་མགོན་བླ་མའི་ལམ་སྔགས་གཉིས་ལའང་དབུ་འབྱེད་གནང་ཡོད་པ་མ་རེད་ཅེས་རྩོམ་པ་པོས་བཤད་སོང་ཟེར། འདི་གཉིས་བསྡུར་སྟངས་དེ་གང་འདྲ་ཡིན་ན། ང་ཚོས་ངེས་པར་དུ་དེབ་དེ་ཚོ་བཀླགས་ནས་སྐད་ཆ་བཤད་པ་གལ་ཆེ། གོ་ཐོས་ལ། དེབ་དང་པོ་དེ་ཨོ་ཙམ་ཡོད་པ་འདྲ།
དེབ་ཐེར་འདིའི་ལོ་རྒྱུས་བཤད་སྟངས་དང་། དེའི་རྒྱུ་ཆ་དང་ཞིབ་འཇུག་ཐབས་ལམ་བཅས་ཅི་འདྲ་ཞིག་ཡིན་པ་ཤེས་འདོད་ཆེ། ལོ་རྒྱུས་ནི་སྙན་ངག་གི་དེབ་ཆུང་བཏོན་པ་ལྟ་བུ་ཞིག་མིན་པས་དེབ་མ་མཇལ་བར་དུ་རྟེན་འབྲེལ་ཞུ་རྒྱུ་ཕྱིར་འཐེན་བྱེད་རྒྱུ་ཡིན།
སྙན་ངག་པ་ཧོར་འཇིགས་ལགས་ལོ་རྒྱུས་ཀྱི་ཤེས་ཚད་འདང་ཡོད་དམ་ཞེས་དོགས་པ་ཞིག་འདུག ཡིན་ན་གོང་སའི་བཀའ་ཡིན་ན་འཁྲུལ་བ་ཡོད་སྲིད་ཀྱི་མ་རེད།
སྐུ་ཞབས་ཧོར་གཙང་འཇིགས་མེད་ལ།
རྩོམ་པ་པོ་གྲགས་ཅན་ཀླུ་ཚང་བློ་བཟང་ཡེ་ཤེས་ཀྱིས་བཞག་པས་སྡོམ་ཚིག་ནི་འདི་ལྟར
།《ཁྱོད་ཀྱི་ཡ་ཆུང་གློ་མཆིན་བར་ན་རིགས་ཞེན་གཙང་མའི་ཆུ་རྒྱུན་ཞིག།
ཁྱོད་ཀྱི་མ་ཆུང་བདེ་མོའི་ཐང་ན་ལྷག་བསམ་ཡངས་པའི་གླིང་ཀ་ཞིག།
མྱུར་གསལ་ཀླད་པའི་འཁྱུག་ཤད་རེ་ལ་གནམ་ལྕགས་ཐོག་གི་མཁར་ཁ་རེ།།
མདོར་ན་ཁྱོད་ཀྱི་ལུས་ཕུང་དེ་ནི་མཁོ་གལ་ཆེ་བའི་གྲོང་ཁྱེར་ཞིག། ཞེས་གསུངས་སོ།
བཀུར་འོས་རྩོམ་པ་པོ་མཆོག་ལ་བོད་མི་རིགས་ལ་འདི་ལྟའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་འཇོག་གནང་མཛད
བཀུར་འོས་རྩོམ་པ་པོ་མཆོག་ལ་བོད་མི་རིགས་ལ་འདི་ལྟའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་འཇོག་གནང་མཛད་པར་སྐུ་དྲིན་ཆེ་ཞུ་བ་དང་དེ་དང་འབྲེལ་ཡོད་ལས་དོན་སྒྲུབ་མི་དང་མཐུན་རྐྱེན་སྦྱོར་མཁན་ཡོངས་ལ་བཀའ་དྲིན་ཞུ་རྒྱུ་ཡིན།
གསར་འགོད་པའི་བཅར་འདྲིར་བློ་གཟུ་བོར་གནས་པའི་ལན་འདེབས་ཤིག་གནང་འདུག་པས་རྗེས་སུ་ཡི་རངས་ཡོད།
སྐུ་ཞབས་ཁ་བ་དཀར་པོ་ལགས། མདོ་སྨད་ལོ་རྒྱུས་ཆེན་མོ་འདི་དཔར་སྐྲུན་དང་འགྲེམས་སྤེལ་གྱི་ཐུགས་འགན་ཡོངས་རྫོགས་བོད་གཞུང་དཔེ་མཛོད་ཁང་ནས་བཞེས་ཡོད་སྟབས། ཉོ་མཁན་སུ་ཞིག་ཡིན་རུང་བོད་གཞུང་དཔེ་མཛོད་ཁང་ལ་འབྲེལ་བ་གནང་དགོས། རིན་གོང་ག་ཚོད་ཡིན་མིན་བཤད་ཚོད་ཐུབ་མ་སོང༌། དཔེ་དེབ་དབུ་འབྱེད་མཛད་སྒོ་ག་དུས་ཡིན་མིན་ཐད། ངས་ཀྱང་བཅར་འདྲིའི་སྐབས་རྩོམ་པ་པོར་བཀའ་འདྲི་ཞུས་པ་ཡིན། འོན་ཀྱང་ཁོང་གིས། མདོ་སྨད་ལོ་རྒྱུས་ཆེན་མོར་དབུ་འབྱེད་མཛད་སྒོ་དགོས་པ་མ་རེད། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ལམ་སྔགས་གཉིས་ལའང་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་མ་རེད། ཅེས་བརྗོད་སོང༌།
སྐུ་ཞབས་ཧོར་འཇིགས་གཅིག་པོ་མ་ཡིན་པར་ཁོང་དང་ཁོང་གི་ལས་རོགས་དག་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག མདོ་སྨད་ལོ་རྒྱུས་ཆེན་མོ་འདི་དག་གང་ནས་ཉོ་ཐུབ། རིན་གོང་ག་ཚོད་རེད། སྒོ་འབྱེད་ག་དུས་བྱེད་ཀྱི་རེད། ང་ལ་གཅིག་དགོས་ཀྱི་འདུག
གྲོགས་པོ། གྲོགས་མོ་རྣམས་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ། ང་ནི་ཉི་ཧོང་ལུང་པའི་ཡོད་པའི་བོད་ཨ་མདོ་བ་ཞིག་ཡིན། དེ་རིང་ཧོང་གཙང་འཇིགས་མེད་ལགས་ཀྱིས་མདོ་སྨད་ལོ་རྒྱུས་ཆེན་མོ་དེ་ལེགས་འགྲུབ་བྱུང་བའི་འཕྲིན་བཟང་ཐོས་བར་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཁོང་གིས་ང་ཚོ་བོད་པའམ་གངས་ཅན་པ་རྣམས་གངས་ཅན་བོད་ཀྱི་ལོ་རྒྱུས་ཆེན་མོར་བགྲོད་པར་བྱས་རྗེས་ཆེན་པོ་ཞིག་བཞག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་རྗེས་ཕྱོགས་ཀྱི་མཛད་པ་འཕྲིན་ལས་རྒྱས་ཤིང་བྱ་བཞག་ཐམས་ཅད་བཀྲིས་བདེ་ལེགས་ཡོང་བར་སྨོན་འདུན་ཞུ། གོ་སྐབས་འདི་དང་བསྟུན། ངས་ནང་སྒོས་སུ་ང་ཚོ་བོད་པ་གཞོན་སྐྱེས་ཡོངས་ལ་རང་མི་རིཊ་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་གཏིང་ཟབ་མོ་ཞིག་ལོན་དགོས་པ་དང་དུས་མཚུངས། ཁྱིམ་མཚེས་རྒྱལ་ཁབ་དང་འཛམ་གླིང་ལོ་རྒྱུས་ལའང་ཆ་རྒྱུས་ཡོད་པ་ཞིག་ཡོང་ཐུབ་པར་རེ་བ་ཡོད། ངས་ཀྱང་གང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱེད་བཞིན་ཡོད། དེ་ལྟར་ལབ་དགོས་པའི་རྒྱུ་མཚན་ནི། ལོ་རྒྱུས་མ་ཤེས་ན་དྲང་བདེན་མ་ཡིན་པའི་ཆབ་སྲིད་ལྟ་བ་དེ་གཏོར་བཤིག་གཏོང་བར་དཀའ་ལས་མང་པོ་ཞིག་དགོས་ལ། རང་གི་སྲིད་དབང་སྐྱོང་བ་ལའང་དཀའ་ལས་མང་པོ་ཞིག་ཡོང་ངེས་རེད་བསམ།
བཀྲིས་བདེ་ལེགས། རྗེས་མར་མཇལ་ཡོང་།
ང་ནི་འབྲོག་པ་ཞིག་ཡིན་པས་ཁ་ཡག་ངོ་སྟོད་དེ་འདྲ་བཤད་མི་ཤེས་། སེམས་ལ་གང་ཤར་པ་དེ་དྲང་པོར་ཤོད་རྒྱུར་དགའ་་
འདི་ནི་དངོས་གནས་བརླབས་ཆེན་གྱི་བྱས་རྗེས་ཤིག་དང་བསྟོད་འོས་པ། བཀུར་འོས་པ་ཞིག་རེད་་ད་དུང་ལོ་རྒྱུས་ཀྱི་དེབ་ཐེར་འདི་འདྲ་ཞིག་བར་ཆད་ཀྱིས་གླགས་མ་ཚུགས་པར་ལེགས་འགྲུབ་བྱུང་པའང་རྟེན་འབྲེལ་ཞུ་འོས་པ་ཞིག་དང་དགའ་འོས་པ་ཞིག་རེད།
རྩོམ་པ་པོ་ཁོང་ལ་རྟེན་འབྲེལ་ཞུ། སྙིང་ཐག་པ་ནས་བཀའ་དྲིན་ཆེ་་་་
ང་ནི་དེབ་ཐེར་འདི་ཀློག་མཁན་དང་བོའི་གྲས་ཡིན་པའི་ཆ་ནས་རྟེན་འབྲེལ་དང་ཁ་ཡག་གི་རིགས་སྔོན་དུ་སོང་ཟིན། ད་ནི་ཀློག་པ་པོ་ཚོས་ཨ་གསར་གྱིས་ཀློག་འདོད་ཀྱི་རེ་བ་མང་བོ་འདོན་གྱི་འདུག ཡིན་ནའང་མི་ཁ་ཤས་ཤིག་གིས་སྐྱོན་སྣ་རེ་འཚོལ་འདོད་དང་འགའ་རེས་ལེགས་ཆ་སྣ་རེ་ལེན་འདོད་སོགས་རིགས་འདྲ་མིན་མང་བོ་ཡོད། གང་ལྟར་ཧོར་གཙང་འཇིགས་མེད་ཅེས་པའི་མི་འདི་ང་ཚོ་ནང་བཞིན་ཤ་ཁྲག་གིས་གྲུབ་པའི་ཕུང་བོ་ཞིག་ཡིན་ཙ་ན། དེབ་ཐེར་ཆེན་པོ་དྲུག་འདི་ལེགས་པར་བཞེངས་སྐབས་དཀའ་ལས་ག་འདྲ་ཞིག་བརྒྱབ་པ་དང་བར་ཆད་ག་འདྲ་ཞིག་བྱུང་བའི་སྐོར་ལ་བསམ་བློ་ཞིག་གཏོང་དགོས་པ་ཡིན། དཀའ་ངལ་རི་རབ་ཀྱི་གཏོས་འདྲ་བ་མང་བོས་མི་འདི་གནོན་མ་ཐུབ་པར་ལངས་འོང་བའི་མངོན་རྟགས་ཉག་ཅིག་ནི་དེབ་ཐེར་དྲུག་པོ་འདི་རེད། འདིས་ང་ཚོའི་མིའི་རིགས་ལ་དྲན་སྐུལ་སྣ་ཚོགས་ཤིག་བསླངས་པ་རེད། འདི་ནི་མདོ་སྨད་ཀྱི་ཡིག་ཚང་གི་རིན་ཆེན་ནོར་བུ་དེ་ཡིན་ནོ།།
དྲ་གྲོགས་རྣམ་པས་ཧོར་གཙང་འཇེགས་མེད་ཀྱི་བཅར་འདྲིའི་ནང་དོན་རེ་རེ་བཞིན་ཞིབ་དུ་ཀློག་རྒྱུར་རེ་སྐུལ་ཞུ་རྒྱུ་ཡིན། གུས་མོས་བཅར་འདྲི་མགོ་ནས་མཇུག་བར་ཐེངས་བཞི་བཀླགས་པའི་མྱོང་ཚོར་ལས། དྲིས་ལན་རེ་རེར་དཔྱད་བརྗོད་རྩོམ་ཡིག་གི་རེ་རེ་ཡི་ཆ་རྐྱེན་ཡོངས་སུ་ཚང་འདུག་ལ། ལུང་རིག་རྣོན་པོས་གནད་དོན་རེ་རེ་ཐག་གཅོད་བྱས་འདུག
ད་དུང་ཞུ་རྒྱུ་ཞིག་ལ། གཞིས་ལུས་བོད་པའི་དཔྱད་གཏམ་ལྟར། བོད་ཀྱི་དུས་བབ་དྲ་བའི་དཔེ་དེབ་ཀྱི་ལེ་ཚན་དང༌། ཡང་ན་ཟིན་བྲིས་གང་རུང་ནས་མདོ་སྨད་ལོ་རྒྱུས་ཆེ་མོ་ཡོངས་སུ་ཀློག་ཐུབ་པའི་ལམ་ཁ་ཡོད་དམ། དེ་ཙམ་མ་ཡིན་པར། བྱེས་ཡུལ་དུ་གྱར་བའི་སྐྱེས་མཆོག་དམ་པ་དང་མཁས་པ་མཚན་སྙན་ཅན་རྣམས་དྲ་ལམ་འདིར་ཡང་ཡང་ཕེབས་ཏེ། བསམ་ཚུལ་བརྗེ་རེས་དང་ཤེས་ཡོན་གྱི་འགྲོ་འོང་བྱ་རྒྱུའི་རེ་འདུན་ཞུ་རྒྱུ་ཡིན།
མདོ་སྨད་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་རྟེན་འབྲེལ་ཞུ་བ་དང༌། ད་དུང་སྐུ་ཚེ་བརྟན་ནས་གངས་ཅན་ཤེས་རིག་གི་བང་མཛོད་དུ་རྩོམ་རིག་ཆར་རྒྱུན་མང་དུ་འབེབས་པའི་རེ་སྐུལ་ཞུ།
དེབ་དེ་ཐོན་པར་རྟེན་འབྲེལ་ཞུ། དེབ་དེ་བོད་ནང་ནས་ཀློག་པའི་ཆེད་དུ་གློག་རྡུལ་ཡིག་གཟུགས་སུ་བསྒྱུར་ཏེ་དྲ་ཚིགས་ཤིག་ཏུ་ཕབ་ལེན་བྱེད་པའི་དྲ་མིག་ཅིག་བཀོད་ན་དེས་བོད་ཀྱི་ཀློག་པ་པོ་རྣམས་ལ་ཕན་པ་ཆེ་བར་མཐོང་། །
མདོ་སྨད་སྤྱི་ཟུར་དང་རྩོམ་པ་པོ་ཧོར་གཙང་འཇིགས་མེད་མཆོག་ལ་རྟེན་འབྲེལ་ཞུ།
སྔོན་མ་སྦ་སྦ་མཐར་ཕྱིན་ལགས་ཀྱིས་བོད་མིའི་རང་དབང་གསར་ཤོག་ལ། ( རང་དབང་ཡོད་དུས་རང་དབད་མེད། རང་དབང་མེད་དུས་རང་དབང་ཡོད།) ཅེས་བཤད་པ་བཞིན། མདོ་སྨད་ཀྱི་ལོ་རྒྱུས་འདིའང་མདོ་སྨད་ཀྱི་ལོ་རྒྱུས་མཇུག་སྒྲིལ་བའི་སྐབས་དེར་ལོ་རྒྱུས་རང་གི་ངོ་བོར་ཐོན་པ་མིན་ནམ། ཡིན་ཡང་། འདི་ཧོར་འཇིགས་ཀྱི་སྐྱོན་ག་ལ་ཡིན།
ཨེ་མ་ཧོ་སྨད་དུ་བྱུང་། དེ་རིང་འདི་ནས་སྐྱེས་མཆོག་ཁོང་གི་ཞལ་མཇལ་ཞིང་གསུང་ཀློག་རྒྱུ་བྱུུང་བ་སྐལ་བ་བཟང་། བརྡ་འཕྲིན་གྱི་བརྒྱུད་ལམ་འདི་ནས་ང་དང་ང་ལྟ་བུའི་ཤུལ་ལུས་བོད་པ་མང་པོ་ཞིག་གིས་ཁོང་གི་གསུང་ཀློག་རྒྱུ་བྱུང་བ་སྐལ་བ་བཟང་བོ་རེད། མཚན་སྙན་རྒྱང་ནས་ཐོས་པ་ཙམ་ལས་ཞལ་མཇལ་བ་དེ་རིང་ཡིན། གླུ་ཚིག་དང་བཅད་རྩོམ་འགའ་རེ་ལས་བཀའ་གསུང་ལྷུག་པོ་ཀློག་རྒྱུ་བྱུང་བ་དེ་རིང་ཡིན། ངས་བོད་ཀྱི་དུས་བབ་དྲ་ཚིག་ལ་ཐུགས་རྗེ་ཆེ་ཞུ། གསར་འགྱུར་འགོད་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ།
དེབ་ཆེན་དྲུག་གི་དཀའ་ངལ་གྱི་བརྒྱུད་རིམ་ལ་བསམ་བློ་ཞིག་བཏང་ན་རྒད་པོ་ཁྱེད་ཀྱི་སྙིངས་སྟོབས་ལ་རྗེས་དཔག་ཐུབ་ཀི། ད་དུང་དེབ་དྲུག་དེ་ཀློག་ན་འདོད་ཀི། གྲངས་ཀ་དང་ཤོག་གྲངས་་ལ་དཔགས་ན་ཕལ་ཆེར་ངས་དེ་ཀློག་ཐུབ་རྒྱུ་མ་རེད།
མདོ་སྨད་སྤྱི་ཟུར་དང་རྩོམ་པ་པོ་ཧོར་གཙང་འཇིགས་མེད་མཆོག་ལ་རྟེན་འབྲེལ་ཞུ།
བོད་ཀྱི་ཕྱོགས་གཅིག་གི་ལོ་རྒྱུས་འདི་རྒྱ་ནག་ལ་ནད་གཞི་གལ་ཆེན་ཞིག་ཏུ་འགྱུར་བའི་སྨོན་ལམ་ཡོད།
མཁས་དབང་ཧོར་འཇིགས་ཀྱིས་བྲིས་པས་ལོ་རྒྱུས་ལེགས་འགྲུབ་བྱུང་བ་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཞུ ། བུ་རྒོད་པོ ། ཨོ་དེ་ངས་རྒན་གཏམ་ལྟ་བུ་ཞིག་ཆགས་སོང་ཡིན་ན་ཡང་རང་ཉིད་དགའ་དྲག་པས་དབང་གི་ཁ་ནས་ཤོར་ཐལ།
ཨོ་རེད། གནས་ཚུལ་འདི་ཐོས་པས་དགའ་པོ་བྱུང་། རྒྱལ་བ་རིན་པོ་ཆེའི་དགོང་བཞེད་དང་མཐུན་པའི་ལས་ག་ཞིག་བྱས་ཡོད་ན་དེ་ནི་རྗེས་སུ་ཡི་རང་དང་མངོན་པར་བསྟོད་འོས་སུ་མཐོང་། དེབ་མང་མི་མང་དང་འཐུག་མི་འཐུག་སོགས་ཀྱིས་དེབ་ཀྱི་རིན་ཐང་གཏན་ནས་གཞལ་མི་ཐུབ། གཙོ་ཆེ་བ་དེ་སྤུས་དག་པ་ཞིག་བྱུང་ཡོད་དགོས་པ་དེ་རེད།
རླབས་ཆེན་གྱི་སྐྱེ་བུ་ཧོར་གཙང་འཇིགས་མེད་ལགས། འདོན་སྙིང་ལྡན་པའི་ལོ་རྒྱུས་ཤིག་འགྲུབ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། མི་སྣ་ཁྱེད་རང་ལྟ་བུ་རླབས་ཆེན་དག་གི་སྐུ་ཚེ་རིང་བོར་ཡང་སྨོན་ལམ་རྒྱག་གི་ཡིན། ལྷག་པར་དུ་སྐུ་ཉིད་གཙོ་བའི་མི་སྣ་འདྲ་མིན་གྱི་དངོས་ཤུགས་བརྒྱུད་གསུམ་ལ་བརྟེན་ཡང་གཙོ་བོ་ཉིད་ཀྱིས་སེམས་ཁོང་གི་ན་ཟུག་ཞིག་དུ་ངོས་བཟུང་དེ་རང་གི་ཉིན་མཚན་སྟོང་ཕྲག་གཅིག་ལས་བརྒལ་བ་ལ་ཧུར་ཐག་འབད་བརྩོན་བྱས་པའི་གྲུབ་འབྲས་འདི་དེ་རིང་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཁ་སྐོང་གསར་བ་ཞིག་བྱས་པ་དེར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་དང་དམིགས་གསལ་གྱིས་སྐུ་ཉིད་ལ་འཚམ་འདྲི་གྲངས་མེད་ཡོད། གང་དུ་འཚོ་ཡང་སྐུ་ཚེ་ལ་བར་ཆད་མེད་པ་དང་བྱ་བ་ལམ་ལྷོང་ཡོང་བར་ཤོག ཁྱེད་དང་ཁྱེད་ལྟ་བུ་གང་མང་མང་ཞིག་བོད་པ་ཚང་ལ་ཡོད་རྒྱུ་ན། བོད་པ་ཚང་གི་རིག་གཞུང་འདི་ལ་གསོན་གནས་ཐུན་མོང་མ་ཡིན་པ་ཞིག་རྒྱས་ཁོ་ཐག་རེད།