མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་རས་ཡིས་༧གོང་ས་མཆོག་ལ་ཕུལ་བའི་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

           

དགའ་ཞིང་གུས་པའི་ཏཱ་ལའི་བླ་མ་མཆོག་ལ།

ངས་གང་ཉིད་ལ་མ་ཞུས་རང་ཞུས་ཤིག་ལ། ངའི་ལོ་གཞོན་དུས་རིམ་གྱི་བག་ཆགས་ནང་དུ་ཁྱེད་ནི་མི་ལྤགས་བཤུ་ཞིང༌། མི་རུས་འཆའ་བའི་གདོན་འདྲེ་ཞིག་ཡིན་པར་བསམས་ཡོད།ལྟ་ཚུལ་འདི་ཁོ་ནས་གཅིག་བྱས་ན་ཁྱེད་ཀྱིས་ང་རང་རྒྱ་མི་ཞིག་ཡིན་པ་དཔོག་ཐུབ། རེད་དེ། ང་ནི་དམར་ཤོག་གི་སློབ་གསོའི་སྒྲིག་གཞིའི་ནང་འཚར་ལོངས་བྱུང་བ་ཞིག་ཡིན། ཕྱི་ལོ༡༩༩༧ལོར་སྟེས་དབང་ཞིག་གིས་ང་རང་བོད་ནང་དུ་རྐང་རྡོག་སྤོ་རྒྱུའི་གོ་སྐབས་ཤར་བྱུང༌། ལོ་དེར་ངས་གསང་སྟབས་ཀྱིས་གང་ཉིད་ཀྱི་སྐུ་པར་ཐོག་མར་མཇལ་བ་ཡིན་ལ་སྐུ་ཉིད་ཀྱི་བླ་རུ་འཕགས་པའི་མཉེས་གཤིན་གྱི་རྣམ་འགྱུར་དེས་ང་རང་དམར་ཤོག་གི་དྲིལ་སྒྲོག་ལ་ཡིད་གཉིས་སྐྱེ་རུ་བཅུག

   ལོ་དེ་གའི་དཔལ་ལྷའི་དུས་མཆོད་ཉིན་མོར་ང་རང་སྔ་ས་ནས་གཙུག་ལག་ཁང་དུ་སླེབས་ཡོད་ལ། བཀྲ་ཤིས་དཔལ་ལྷ་མོའི་ཞལ་ཁེབས-ཀྱང་ཕྱེས་ཚར་འདུག་པས། ངས་གློག་སྒྲོན་གྱི་ངོགས་ནས་མགོ་བོ་བསྲིངས་ཏེ་དཔལ་ལྷ་མོའི་ཞལ་མཇལ་ཞུ་བའི་ཚེ་གློ་བུར་དུ་ངའི་རྒྱབ་ཕྱོགས་ནས་གླུ་སྒྲ་ཞིག་ཐོས་བྱུང༌། དེ་ནི་མི་རྒན་ཞིག་གི་ཡིད་སྐྱོ་དང་ཁྲོ་ཉམས་འདྲེས་པའི་གླུ་སྐད་ཅིག་རེད།  ཁོང་གིས་སྲོང་བཙན་སྒམ་པོའི་འདྲ་སྐུའི་གམ་དེ་ནས་གླུ་ལེན་ཞོར་དང་ཆང་ཕུད་མཆོད་ཀོང་དུ་འབུལ་བཞིན་ཡོད་ལ་དེའི་ཕྱོགས་བཞི་ན་འཁོད་པའི་སྐྱེས་པ་དང༌། བུད་མེད། ཐ་ན་ཕྲུ་གུ་ཆུང་ཆུང་ཚོས་ཀྱང་མྱུར་སྟབས་ཀྱིས་མི་རྒན་ཁོང་དང་གླུ་ངག་འཐེན་བཞིན་ཡོད། ཉེན་རྟོག་པ་སླེབས་སོང་འོན་ཏེ་ཁོང་ཚོའི་གླུ་སྐད་ནི་སྔར་བས་སྐད་གསང་་་་་་་་་་་་་་་་་  ངའི་ཉེ་མཁྲིས་ཀྱི་དགེ་འདུན་པ་ཞིག་གིས་ཤུབ་ཤུབ་ངང་སྐྱབས་མགོན་ཏཱ་ལའི་བླ་མར་བསྟོད་གླུ་འབུལ་བཞིན་ཡོད་པ་རེད་ཟེར།

   ཉིན་མོ་དེར་ང་རང་མགྲོན་ཁང་ནས་བར་སྐོར་ཁྲོམ་གཟིགས་ཁང་དུ་ཡོད་པའི་དེ་སྔའི་ཚོང་པ་ཞིག་གི་ཁྱིམ་དུ་གནས་སྤོ་བྱས།  ༡༩༥༩ལོའི་སྔོན་ཚུད་ལྟར་ན་ཁྱིམ་འཛིན་མ་འདིའི་རྒྱུན་གཏན་གྱི་འཚོ་བའི་གོས་རྒྱན་ལ་ཡང་མི་དམངས་ཤོག་སྒོར་ཁྲི་ཚོ་གསུམ་བཞི་ལོན་པ་ཡོད་མྱོང-མོད། ད་ཆ་གྱོན་གོས་བརྗེ་མོ་བྱེད་སྤྱད་རེ་གཉིས་ཙམ་ལས་ཅི་ཡང་ལྷག་ཐུབ་མེད་པ་མ་ཟད། ཕ་མེས་ནས་བཞག་པའི་སྡོད་ཁང་ཡང་བཤིག་སྤོ་བྱེད་དུ་བཅུག་འདུག ཁང་གསར་དེའི་ཉི་འོད་སྔ་མ་ལས་ཅུང་བཟང་ནའང་རྒྱ་ཁྱོན་ཐད་གཉིས་ཆ་གཅིག་ལྷག་ཆུང་དུ་ཕྱིན་ཡོད་ལ་ཆུ་ཀ་ལ་ཡང་སྒྲིག་སྦྱོར་བྱས་མེད། སྤྱི་སྤྱོད་གསང་གཅོད་འགག་ཆོག་ཆོག་དུུ་ཡོད་པས་བཙོག་དྲི་བཟོད་དཀའ་བ་དེ་ཐ་ན་བར་སྐོར་ཁྲོམ་གཞུང་དུའང་ཁྱབ་འགྲོ། ཁྱིམ་བདག་མ་འདིས་ནི་རྒྱ་ནག་གི་བཙན་འཕྲོག་ལ་འཁང་ར་སྣེ་ཙམ་ཡང་བྱེད་མྱོང་མེད་ལ་ཁོང་གིས་དལ་ལྷོད་མེད་པར་སྐད་ཡིག་གཞན་ཞིག་གི་ཐོག་ནས་ཅི་ཞིག་འདོན་གྱིན་ཡོད་མོད་སྐད་འཕང་ཧ་ཅང་དམའ། ངས་ཁོང་གི་ཁ་ལྕེའི་འགུལ་སྐྱོད་ཙམ་ཞིག་མཐོང་མོད་དེ་ནི་མ་ཎི་ཡིག་དྲུག་ཟློ་ཡི་ཡོད་པ་བསམ་བཞིན་ཡོད་ལ་ཁོང་གི་སྐྱེ་བ་ཕྱི་མ་ཡང་འདི་ལས་ལྷག་པའི་ལུས་རྟེན་ཞིག་ཡོང་ན་འདོད། འོན་ཏེ། ཉིན་ཞིག་ང་གཉིས་གཅིག་པུར་གནས་པའི་སྐབས་ཤིག་ཁོང་གིས་མིས་སྟོང་པའི་སྒེའུ་ཁུང་ཕྱི་རུ་སོ་ལྟ་འགའ་བྱས་རྗེས་ངས་གོང་ས་མཆོག་གི་ཞབས་བརྟན་འདོན་བཞིན་ཡོད་ཟེར།

  ༡༩༩༩ལོའི ༤ པར་ང་བོད་དུ་ཐེངས་གཉིས་པ་འབྱོར་ཞིང་དེ་དུས་ང་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཅི་རུ་ཤང་རུ་ཁ་གྲོང་པའི་ཞིང་ཁྱིམ་ཞིག་ཏུ་གནས་མལ་བྱས། ས་གནས་དེར་ཆུ་ཀ་ལ་མི་འདུག་ལ་གློག་ཀྱང་མེད། ཞོགས་པ་ཉིན་ལྟར་གཙང་པོའི་འགྲམ་ནས་ལྗིད་ལྗིད་ཏིག་ཏིག་གི་ཆུ་ཟོམ་འཁུར་དགོས་ཀྱི་ཡོད། དགོང་ཁར་ཕྲུ་གུ་ཚོས་ཀྱང་ཉམས་དམའ་བའི་གློག་སྒྲོན་དེའི་འགྲམ་ངོགས་ན་བལ་ལས་བྱེད་དགོས། སྣམ་བུ་འཚོང་བ་ནི་གྲོང་ཁུལ་འདིའི་འཚོ་བརྟེན་ཉག་ཅིག་ལྟ་བུར་སོང་བས་རེད། ང་ཚོའི་བཟའ་བཅའ་ཡང་ཆེས་སྟབས་བདེ་ཞིག་སྟེ་ཞོགས་ཟས་རྩམ་པ་ཕུད་ཉིན་རཻར་རྒྱས་སྤྲོས་ཀྱི་ཟ་མ་ཞོག་ཁོག་ཐུན་གཉིས་རེ་བཟའ། ཡིན་ནའང༌། ཐོག་ཁང་ཉི་འོད་ལེན་ཤོས་ཀྱི་ཁང་པ་དེའི་ནང་པར་སྒྲོམ་སྤུས་དག་ཅིག་ཏུ་སྐུ་ཉིད་ཀྱི་འདྲ་པར་བཤམས་ཡོད་ལ་དེའི་ཐོད་དུ་དཀར་གཙང་གི་མཇལ་དར་རིང་པོ་ཞིག་བསྒྲོན་ཡོད།    དེའི་རྗེས་ཕྱོགས་ཞིག་ནས་ངས་བོད་དུ་ལས་ཀར་བྱེད་པར་བདམས་ཡོད་ལ་རྩོམ་སྒྲིག་པ་དང་གསར་འགོད་པ་ཞིག་གི་ངོས་ཐད་ནས་རྒྱ་གཞུང་ལས་ཁུངས་ནང་ཕྱག་ལས་གནང་བཞིན་པའི་བོད་པའི་ལས་བྱེད་འགའ་དང་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང༌། ཁོང་ཚོ་ལ་ཤས་ཀྱི་ཁྱིམ་དུ་གསང་ཆའི་སྒོ་ནས་སྐུ་ཉིད་ཀྱི་འདྲ་པར་དང་ནམ་ཡང་འདའ་མ་མྱོང་བའི་མཆོད་མེ་སྒྲིག་གཤོམ་བྱས་ཡོད་པ་ངས་མངོན་སུམ་དུ་མཐོང་བྱུང༌། དེ་ག་རེད་དེ། ཁྱེད་ནི་བོད་མིའི་དགྲ་ཟླ་མིན་པར་བོད་མིའི་ཡབ་ཆེན་རེད་ལ། བོད་མིའི་བྱམས་སྙིང་རྗེ་དང་བདེ་སྐྱིད་ཀྱི་འབྱུང་གཞི་རེད། ཡིད་བཞིན་ནོར་བུ་རེད། དགོས་འདོད་དགོས་འབྱུང་རེད། སྐུ་མདུན་རེད། བོད་མིས་གདུང་འབོད་ཀྱི་སྐབས་སུ་ནམ་ཡང་མདུན་དུ་ཐོན་ཡོང་གི་རེད། རྒྱལ་བ་རིན་པོ་ཆེ་རེད། བླ་ན་མེད་པའི་ཆོས་རྗེ་དང་ཆེས་མཆོག་ཏུ་བཀུར་འོས་ཀྱི་རིན་པོ་ཆེ་ཡིན་པ་ཧ་གོ་དོན་གསལ་རེད། རྒྱ་ནག་སྲིད་དབང་གིས་བོད་བཅིངས་འགྲོལ་བཏང་བ་མ་རེད་བཙན་བཅོམ་བྱས་པ་རེད། བདེ་སྐྱིད་ཀྱི་ས་བོན་བཏབ་པ་མ་རེད་སྡུག་བསྔལ་བཟོ་སྐྲུན་བྱས་པ་རེད།

   སྐུ་ཉིད་ཀྱི་ཨ་རིའི་ཝས་སི་ཁང་སིའི་མངའ་སྡེའི་མུ་ཏི་ཤུན་གྱི་གཏམ་བཤད་ལས་ང་ཚོར་སྣང་ཁྲི་སྟོང་སྐྱེ་རུ་བཅུག རྒྱ་མཚོ་དང་འདྲ་བའི་ནང་བསྟན་རིག་པའི་མཁྱེན་དཔྱོད་དེས་གོ་རིམ་ལྡན་པའི་སྒོ་ནས་རགས་པ་ནས་རིམ་པས་ཟབ་སར་འཇུག་པའི་འགྲེལ་བརྗོད་སྟངས་དེ་ནི་ཆེས་ངོ་མཚར་བའི་སྦྲང་ཆར་དུ་གྱུར་ཏེ་ཉན་པོ་དག་བཅུད་ཀྱིས་འཚོ་བ་དང་སྐུ་ཁམས་དྭངས་གསལ་དུ་བསྐྲུན་འོང༌། སྐུ་ཉིད་ནས་གང་ནུས་ཅི་འཇོན་གྱིས་མི་ཚོགས་ཀྱི་དྲི་བ་དག་རེ་རེ་བཞིན་ལན་ལྡོན་སོང་ལ་བཤད་རིན་ཆུང་བའི་གང་ཟག་སྒེར་སོ་སོའི་སྡུག་བསྔལ་དང་སེམས་གཅོང་ལ་ཡང་ཐུགས་ཁུར་གནང་བཞིན་ཡོད། ལྷག་ཏུ་མི་རེ་འགས་རྒྱ་ནག་དང་བོད་ཀྱི་གནད་དོན་སྐོར་དྲི་བ་ཕུལ་བའི་ཚེ། སྐུ་ཉིད་ནས་ནམ་ཡང་དྲེགས་མེད་ཁེངས་སྐྱུང་ཞིག་གིས་ཀྲུང་ཧྭ་མི་རིགས་ཀྱི་ལེགས་པའི་ངོས་དག་ནན་བརྗོད་བྱེད་པ་དང༌། བོད་རྒྱ་མི་རིགས-ཀྱི་མཛའ་མཐུན་མཉམ་ལས་ལ་སྐུལ་ལྕག་བྱེད་ཀྱི་ཡོད། རྒྱ་གུང་ཁྲན་གྱི་གདུག་རྩུབ་དང་ལྐོག་གཡོ། རུལ་སུངས། སྒེར་སྡེམ་བཅས་དང༌།  སྐུ་ཉིད་ཀྱི་བྱམས་སྙིང་རྗེ་དང༌། ཕྱི་གསལ་ནང་གསལ། སྤྱོད་གཙང༌། དམངས་གཙོ་བཅས་ལ་མི་རིང་བར་དུས་ཚོད་ཀྱིས་བདེན་ཁ་སྦྱིན་ངེས་རེད།

     མི་ལོ་ལྔ་བཅུའི་རིང་དུ་རྒྱ་གཞུང་ནས་བོད་ས་ཐོག་ཏུ་ཡ་ང་སྙིང་རྗེ་མེད་པར་དབང་སྒྱུར་བྱས་ཏེ་མི་སེར་སྤེལ་བའི་སྟབས་ཀྱིས་ལོ་འདིའི་ཟླ་བ་གསུམ་པའི་ནང་བོད་ས་རྒྱ་ཁྱབ་སྟེ་ས་གནས་བརྒྱ་ལྷག་ཙམ་དུ་སྔར་བྱུང་མྱོང་མེད་པའི་ཞི་རྒོལ་ལས་འགུལ་འདི་བསླངས་པ་རེད། ཡིད་སྐྱོ་དགོས་པ་ཞིག་ལ་རྒྱ་གཞུང་མགོ་ཁྲིད་ནས་རང་སྐྱོན་རང་བརྟག་དང་བོད་དུ་འཛིན་པའི་སྲིད་ཇུས་ལེགས་སྒྲིག་མེད་པ་མ་ཟད། ད་དུང་མཐོ་རྒྱག་དམའ་རྒྱག་གིས་སྐུ་ཉིད་ཀྱི་ཕྱོགས་ལ་བཀའ་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་རྒྱབ་སྐྱོར་མི་རུང་བ་བཞི་གཏན་འབེབས་བྱས་པ་དང་མིག་གི་མདུན་ཐད་དུ་ལྷག་པའི་བོད་པའི་ཛ་དྲག་གི་གནད་དོན་དེ་གང་ཉིད་ཀྱི་སྐུ་སྒེར་རྐྱང་པའི་ངོ་བོར་བསྒྱུར་བ་དང༌། དེའི་ངོ་བོ་ནི་བོད་དོན་འགེབས་སྲུང་བྱེད་པ་དང་ཐ་ན་ཁྱད་གསོད་བྱེད་ཀྱི་ཡོད་པ་རེད། མིག་སྔར་བོད་ས་ཡོངས་བཙོན་རྭ་ཆེན་མོ་ཞིག་ཏུ་བསྒྱུར་ཚར་ཡོད། གོ་ཐོས་ལྟར་ན། ལྷ་ས་རུ་མི་གསུམ་རེའི་ནང་དུ་སྒྲིག་ཆས་མ་སྤྲས་པའི་ཉེན་རྟོག་པ་རེ་ཡོད་ལ་དམག་དཔུང་ལུང་པ-ཁུག་ཀྱོག་གི་གྲོང་གསེབ་ཏུའང་བརྫངས་ཚར་ཡོད་པར་བཤད། ལྗོངས་ཕྱིའི་ཁ་པར་དང་ལྷག་ཏུ་རྒྱལ་ཕྱི་ནས་འབྱོར་བའི་ཁ་པར་དག་དེ་བས་དོ་དམ་ནན་པོས་ལྟ་སྲུང་བྱེད་བཞིན་ཡོད།

   བོད་ཀྱི་རིག་གཞུང་ནི་ཟབ་ཅིང་རྒྱ་ཆེ་ལ་ལོ་རྒྱུས་ཡུན་རིང་ལྡན་པས་མ་ཚད་སྔོན་ཐོན་ཀྱང་ཡིན་པས། ངས་སྔ་མོ་ཞིག་ནས་བོད་མིའི་ལུས་སྟེང་ནས་མཐོང་བའི་མཛེས་སྡུག་ལྡན་པའི་གོམས་སྲོལ་ཏེ། དད་འདུན་དང༌། སེམས་བཟང༌། དྲིན་བཟོ་བཅས་རེད། ཀྲུང་གོའི་མི་ལོ་ལྔ་སྟོང་གི་རིག་གཞུང་གླེང་བ་དེས་ཉིང་བཅུད་ཙམ་ཞིག་མ་ཡིན་པར་རྒྱ་མི་རིགས་ཚོ་ལ་ཅི་ཞིག་བཞག་ཡོད་དམ། ད་དུང་རྒྱ་གཞུང་གི་སྲིད་དབང་འདིས་མངོན་སུམ་ངང་མིའི་རིགས་ལ་ངེས་པར་ཁེ་ཕན་ལྡན་པའི་བོད་མིའི་གོམས་སྲོལ་གཅིག་པུ་འདིར་འབག་བཙོག་དང་འཆིང་སྡོམ། སྐེ་བཙིར་ནས་དམར་གསོད་གཏོང་གི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པ་འདིར་མི་བུ་རྣམས་ཀྱིས་རྒྱལ་ཁབ་གི་འགག་སྒོ་ཐོད་བརྒལ་བྱས་ཏེ་མཉམ་དུ་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང༌། མི་རིགས་རང་གི་ཐུན་མིན་རིག་གཞུང་ལ་གུས་བརྩི་བཅས་འཚོལ་སྙེག་བྱེད་བཞིན་པའི་སྐབས་འདིར་ཤ་ཁྱི་རྦོད་པ་ལྟ་བུའི་མི་སེར་སྤེལ་བའི་རྣམ་འགྱུར་འདི་ནི་ཏག་ཏག་འཛམ་གླིང་འདིས་ངོས་ལེན་བྱ་ཐབས་ཡེ་མེད་པའི་སྐྱུག་བྲོའི་རང་བཞིན་ཞིག་རེད།རྒྱ་ནག་ནང་དུ་ཤེས་ཡོན་མཐར་སོན་ཞིང་ཚོར་ཤེས་རྣོ་བའི་ཡོན་ཏན་པ་ཇེ་མང་ཇེ་མང་དུ་འགྲོ་བཞིན་པ་ཚོས་རྒྱ་གཞུང་གི་གདོང་རིས་ངོ་མ་མཐིལ་རྟོགས་ཐུབ་བཞིན་ཡོད་ལ། ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཁོ་པ་ཚོས་བོད་དོན་ཐད་འཛིན་པའི་རང་དབང་གི་ལྟ་ཚུལ་འདོན་བཞིན་ཡོད་པ་དང༌། སྒེར་སྡེམ་གྱི་དབང་སྒྱུར་ལ་ཐ་མའི་རྫོགས་ཚིག་འགོད་རྒྱུ་དང༌། སྨྲ་བརྗོད་རང་དབང་དང་བརྒྱུད་ལམ་སྒོ་དབྱེ་དོན་འཁྱོལ་བྱས་ཏེ་སྐུ་ཉིད་ལ་རྒྱལ་ཁབ་ཁ་བྲལ་ཞེས་པའི་ཉེས་མིང་ཕྱིར་བསྡུ་དགོས་པའི་རེ་བ་ཤུགས་ཆེ་འདོན་བཞིན་པ-མ་ཟད། གུས་བཀུར་དང་བཟོད་བསྲན། གླེང་མོལ་གྱི་ལམ་ནས་བོད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད། བལྟས་ཚོད་ཙམ་བྱས་ན་མི་ལོ་ལྔ་བཅུའི་བསྒྱུར་བཅོས་སྒོ་དབྱེས་རྒྱ་ནག་རྒྱལ་ཁབ་ཆེན་པོའི་དར་འཕེལ་གྱི་རྣམ་པ་མངོན་མོད། དོན་དམ་དུ། རྒྱ་ནག་འཛམ་གླིང་གི་འཕེལ་ཕྱོགས་ནང་ཚུད་པ་དང་མཉམ་དུ་གོ་ལ་རང་བཞིན་ཅན་གྱི་ཟུར་བྱུང་རླངས་འཁོར་དུ་འབུད་ཐུབ་པ་ཙམ་ཞིག་རེད། སྤྱོད་ལམ་ཆག་གྲུམ་ཤོར་བ་དེ་རྒྱ་ནག་གི་ཐག་རིང་ལུང་ཁུག་ཏུའང་ཁྱབ་ཚར་ཡོད་ལ། བྱ་ངན་དང་བག་མེད་ལོངས་སྤྱོད་བྱེད་རྒྱུར་དར་སྲོལ་ཅན་ཆགས་ནས་ཡོད། འདི་ལྟ་བུའི་གནས་སྟངས་ཤིག་གི་འོག་ནས་རྒྱ་ནག་གིས་ཨོ་རྩེད་གཉེར་བ་དེ་ནི་ཨོ་རྩེད་དགོངས་དོན་དང་རང་ཤུགས་ཀྱིས་འགལ་བ་ལྟག་སྤྲོད་དུ་སོང་ཡོད། ཕྱི་ཚུལ་གྱི་དར་རྒྱས་དེས་ནང་ངོས་ཀྱི་སྟོང་ཆ་འགེབས་ཐབས་བྲལ་བས། གདུག་རྩུབ་ཀྱི་སྲིད་དབང་གསར་བརྗེ་བྱ་རྒྱུ་ནི་ཀྲུང་གོ་བ་རེ་རེའི་མདུན་ཐད་དུ་བསྟར་བའི་དངོས་དོན་ཞིག་རེད། གལ་ཏེ་རྒྱ་ནག་གི་དབུ་ཁྲིད་ཚོས་བོད་ཀྱི་གནད་དོན་དེ་མུ་མཐུད་བཙན་པོ་དབང་ཡོད་དང་འཇིགས་སྐུལ། རྡོག་བརྫིས། རྒྱ་ནག་མི་དམངས་ཚོར་མགོ་སྐོར་དང་ལོག་འཁྲིད། སྐུ་ཉིད་ནས་མི་ཡུལ་འདིར་སུས་ཀྱང་ཚབ་བྱེད་ཐབས་བྲལ་བའི་ཞི་བདེའི་རིན་ཐང་དང་འགྲན་ཟླ་བྲལ་བའི་ནང་བསམ་པའི་ལེགས་སྐྱེས་བཅས་ལ་རྩིས་མེད་གཏོང་བ། མིའི་རིགས་ལ་རྒོལ་བའི་གཏན་ཚིགས་ཏེ་མེ་མདའི་ཁ་ནས་སྲིད་དབང་འཛིན་པའི་སྣང་ཚུལ་འདི་མཁྲེགས་བཟུང་བྱས་པ་ཡིན་ཚེ། རིང་པོར་མི་ཐོགས་པར་ཐོལ་གྱིས་འཆི་ལམ་དུ་འགྲོ་བར་ཐེ་མི་ཚོམ་པས་གང་ཉིད་རང་སར་རང་ཡུལ་དུ་ཞབས་སོར་འཁོད་ཐུབ་ངེས་རེད། སྐུ་ཉིད་དང་དཀའ་སྡུག་གི་བོད་མི་ཚོར་མཉམ་འཛོམས་བྱུང་བ་དེའི་ཚེ། གང་ཉིད་ཀྱི་བྱམས་པ་དང་བརྩེ་བའི་འོད་ཕུང་དེས་སྡིག་ཉེས་ཆེ་བའི་རྒྱ་ནག་གི་ས་ཆེན་པོར་ཡང་ཐུགས་ཁུར་གཟིགས་སྐྱོང་འདོར་མེད་དང༌། གང་ཉིད་ཀྱི་བྱམས་བརྩེའི་གྲུ་ཆེན་དེ་ནམ་ཡང་མི་ཡུལ་འདིར་གཏན་སྡོད་ཀྱི་སྨོན་པ་བྱེད་ཀྱིན་ཡོད།

   བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེ་དང་མགོན་པོ་གང་ཉིད་ལ་དད་གུས་དཔག་མེད་ཀྱི་རྒྱ་མི་རིགས་བ་ཀྲུའུ་རས་ནས།།
                                        ཡེ་ཤེས་བསྟན་འཛིན་ནས་བསྒྱུར།

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 4

  1. ཝེར་མ་ལྷ་དར། says:
    ལོ་ 17 སྔོན།

    རྒྱ་མི་རིགས་ཀྱི་ནང་དུ་བོད་དོན་ལས་འགུལ་སྤེལ་རྒྱུ་ནི་དོན་དངོས་སྟེང་ཕན་འབྲས་ལྡན་པ་ཞིག་ཡིན་པའི་བདེན་དབང་ལྟ་བུ་འདིས་ང་ཚོ་ལ་ལམ་སྟོན་ཞིག་བྱས་འདུག

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    མཁྱེན་ལྡན་མ་ཀྲུ་རས་མཆོག་གིས་བདེན་པ་ཁོ་ནའི་རྒྱབ་རྩར་འགྲེངས་བའི་སྐད་ཆ་འདི་ཙམ་བཤད་པ་དེས་ཀྱང་རླབས་ཆེན་རྒྱ་མི་རིགས་ཀྱི་ནང་གི་རྣམ་ཤེས་ཤི་མེད་པའི་རྣམ་པ་ཞིག་བསྟན་འདུག མཁྱེན་ལྡན་མ་འདི་ཉིད་ཀྱིས་བདེན་པ་ཁོ་ནའི་རིན་ཐང་ལ་དགོངས་ཏེ་རང་གི་མི་རིགས་དང་། རྒྱལ་གཞུང་། ཐ་ན་རང་གི་གཉེན་འབྲེལ་ནང་མི་བཅས་ཀྱི་ཀྱང་ཁ་གཏད་དུ་འགྲེངས་ཤིང་འདི་ལྟ་བུའི་རྒྱབ་སྐྱོར་གནང་བ་ལ་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་བར་འོས། སྤྱི་ཚོགས་ཤིག་གི་ནང་ནས་གཞན་དང་མི་མཚུངས་པ་ཞིག་བྱེད་པ་ནི་ཧ་ཅང་དཀའ་ངལ་ཆེ་བ་ཡིན་སྟབས་མཁྱེན་ལྡན་མ་འདི་ཉིད་ལ་ཡང་མ་འོངས་པར་དཀའ་ངལ་དང་ཉེན་ཁ་མང་པོ་འཕྲད་རྒྱུ་ཡིན་པར་ཐག་ཆོད་པས་ང་ཚོས་སྙིང་ཐག་པས་གདུང་སེམས་མཉམ་བསྐྱེད་བྱ་རྒྱུ་ཡིན།

    Reply
  3. གངས་ཕྲུག says:
    ལོ་ 17 སྔོན།

    ༄༅།།་བློ་ཕམ་དགོས་པ་ཞིག་ལ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་གཞོན་སྐྱེས་མང་པོ་ཞིག་དམར་ཞེན་ཆེན་པོ་འདུག ན་ནིང་ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་དང་། ཨོ་ཌ་ཝ། ཝེན་ཁུ་བར་བཅས་སུ་རྒྱ་རིགས་ཁྲི་ཚོར་ཉེ་བས་བོད་དོན་དང་ཁ་གཏད་དུ་ལངས་ཏེ་སྐད་འབོད་བྱས་སོང་བ་མ་ཟད་དབྱིན་ཡུལ་དང་ཨོ་སི་ཊོ་རི་ཡའི་ནང་དུ་ཡང་རྒྱ་རིགས་གཞོན་ནུ་མང་པོ་ཞིག་གིས་ལས་འགུལ་འདི་འདྲའི་ཐོག་མཉམ་ཞུགས་བྱས་སོང་ངོ་། །

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དངོས་ནས་རླབས་ཆེན་རང་བཞིན་གྱིས་བསམ་བློ་གཏོང་སྟངས་ཤིག་རེད་ཟེར་ནས་བཤད་ཆོག་ལ། རྒྱ་རིགས་མི་ཉུང་བ་ཞིག་འདི་ལྟར་ལམ་ཁ་ཡོད་སར་འབུད་དེ་བོད་མིའི་སྐྱིད་སྡུག་ལ་རྒྱབ་སྐྱོར་ཡོང་བར་ང་ཚོ་བོད་པ་ཚང་ལ་འདོད་པ་ཆེན་པོ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese