མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་རྫུན་མ་དང་ཚད་ལྡན་མིན་པ་ཚར་གཅོད་བྱ་དགོས། (དུས་བབ་ཀྱི་དམིགས་བསལ་ལེ་ཚན།)

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བཞུགས་སྒར་ཕོ་བྲང་དུ་ཆོས་ཚོགས་ཐེངས་བཅུ་བའི་སྟེང་། བོད་ཀྱི་བླ་སྤྲུལ་དག་གི་ཐད་བགྲོ་གླེང་ཤུགས་ཆེན་བྱུང་ཡོད་པ་དང་། ཆོས་ཚོགས་དབུ་འཛུགས་སྟེང་བཀའ་བློན་ཁྲི་པ་མཆོག་གིས་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་དེ་ཡང་དག་ཡིན་མིན་གྱི་དོགས་སློང་མཛད་པ། ལྷག་པར་དུ་ཚོགས་འདུའི་མཇུག་སྡོམ་སྟེང་༧གོང་ས་མཆོག་གིས་སྤྲུལ་སྐུ་རྫུན་མའི་རིགས་ཀྱིས་ཞབས་འདྲེན་ཞུ་བཞིན་ཡོད་སྐོར་ནན་གྱིས་གསུངས་དོན་ལྟར། འདི་གའི་གསར་ཁང་གིས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པར་བོད་ཀྱི་སྤྲུལ་སྐུའི་ཐད་དགོངས་འཆར་བསྡུས་ཡོད།

 

གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ། སྔར་ལོ་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཀྱི་ཁྲིམས་ལུགས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་དང༌། ཉེ་ཆར་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མཇུག་བསྡོམས་ཉིན། བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་བྱམས་པ་ཕུན་ཚོགས་དང༌། ལེགས་མཆོག་སོགས་ཀྱིས་མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད། རྒྱ་ནག་དབུས་གཞུང་གིས་ཆོག་མཆན་དགོས་ཚུལ་བརྗོད་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན། སྤྱིར་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ་དར་ནས་ལོ་མང་པོ་ཞིག་ཕྱིན་ཡོད་པ་རེད། ལམ་སྲོལ་དེ་ཆོས་ཀྱི་བྱེད་སྒོ་ཞིག་དང་ཆོས་ཀྱི་འགྲོ་སྟངས་ཤིག་ཆགས་ཡོད་སྟབས། གནད་འགག་ཆེ་ཤོས་དེ་ཆོས་ཕྱོགས་དང་འབྲེལ་བ་ཆགས་ཡོད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྟངས་དེ་བླ་མ་མང་པོ་ཞིག་བརྒྱུད་དེ་བྱུང་བ་ཞིག་རེད། ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་དེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཆགས་པ་ནས་བཟུང༌། རང་བཞིན་གྱིས་ཆབ་སྲིད་དང་འབྲེལ་བ་ཆགས་ཡོད། བར་སྐབས་ཤིག་ནས་ཀརྨ་པ་དང།  པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་སྟངས་ཐོག་རྒྱ་གཞུང་ལ་དཀའ་ངལ་འཕྲད་ཡོད། དེར་བརྟེན། ྋགོང་ས་མཆོག་གི་ཡང་སྲིད་དམིགས་ཡུལ་དུ་བཟུང་སྟེ། ཨང་དང་པོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག་ཅིག་གཏན་འབེབས་བྱས་པ་རེད། བོད་བརྒྱུད་ནང་བསྟན་དང་ང་ཚོའི་ཆབ་སྲིད་གཉིས་ཕན་ཚུན་འབྲེལ་བ་གཏིང་ཟབ་ཆགས་ཡོད་སྟབས། ང་ཚོ་ཚང་མས་འགན་ཁུར་ཏེ་བསམ་བློ་གཏོང་དགོས་པ་དང༌། ྋགོང་ས་མཆོག་ཞལ་བཞུགས་པའི་དུས་ཚོད་འདི་ཧ་ཅང་གནད་འགག་ཅིག་ཆགས་ཡོད། ༧གོང་ས་མཆོག་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང༌། འཛམ་གླིང་ཞི་བདེའི་དེད་དཔོན་ཡིན་པར་བརྟེན། རྒྱ་ནག་གིས་བཤད་པའི་ཐོག་ལ་ང་ཚོ་འགྲོ་དགོས་དོན་མེད། འོན་ཀྱང༌། དཀའ་ངལ་ཞིག་ཏན་ཏན་ཡོང་སྲིད་པ་རེད། རྒྱ་གཞུང་གིས་སྤྲུལ་སྐུ་ཁ་ཤས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཀའ་འཁྲོལ་དགོས་པ་དང༌། ཁ་ཤས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཁུལ། རྫོང་སོ་སོ་བཅས་ནས་བཀའ་འཁྲོལ་ཞུ་དགོས་པ་སོགས་རིམ་པ་མང་པོ་ཞིག་ཕྱེས་ཡོད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཚོས་བཤད་པ་དེར་བལྟས་ན། ༧གོང་ས་མཆོག་ངོ་མ་དེ་འདིར་བཞུགས་ཡོད་ཀྱང༌། ད་ལྟ་རྒྱ་གཞུང་གིས་ངོ་མ་དེར་ངོས་ལེན་མེད་པར་དེའི་ཡང་སྲིད་ཁོང་ཚོར་དགོས་ཟེར་གྱིན་ཡོད་ན། ཆོས་སྲིད་གང་ཐད་ནས་ཀྱང་ཡོང་ཐབས་མེད་པ་ཞིག་རེད། གལ་སྲིད་ྋགོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་དབང་ཆ་དང༌། ཐོབ་ཐང་ཆ་ཚང་དགོས་ན། ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་འདིའི་མཛད་འཕྲིན་དང༌། ཁོང་གི་དགོངས་བཞེད་བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ངོས་ལེན་བྱ་དགོས་པ་མ་ཟད། མ་འོངས་པའི་ཡང་སྲིད་ཕེབས་ཕྱོགས་ཐད་༧གོང་ས་མཆོག་སྐུ་དངོས་ནས་བཀའ་སློབ་རིམ་པར་ཕེབས་ཡོད་པ་རྣམས་དང་ལེན་བྱ་དགོས་པ་ཞིག་རེད། ཅེས་གསུངས་སོང།

 

དགེ་ལུགས་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་སུ། ཉེ་ཆར་ཕྱི་ཚེས་ ༦  ཉིན་ཆོས་བརྒྱུད་ཁག་ལྔའི་ཆོས་ཚོགས་ཐེངས་བཅུ་བ་བཞུགས་སྒར་ཕོ་བྲང་དུ་ཚོགས་པའི་དབུ་འབྱེད་མཛད་སྒོའི་སྟེང༌། བཀའ་ཁྲི་མཆོག་གིས་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་འདི་ཡང་དག་ཡིན་མིན་དང༌། སྤྲུལ་སྐུ་ངོས་འཛིན་ཉུང་དུ་བཏང་ན་ལེགས་ཚུལ་གསུངས་པའི་ཐད། དགོངས་འཆར་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན། ང་ལ་སྔོན་མ་ནས་འདིའི་ཐད་བསམ་ཚུལ་ཤུགས་ཆེན་ཡོད་མོད། གྲྭ་བཙུན་ནུས་མེད་ཅིག་གིས་བསམ་ཚུལ་ཆེན་པོ་ཞིག་འཁྱེར་བསྡད་ན། སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོ་བ་ཕར་ཞོག སོ་སོའང་མེད་པ་བཟོ་ཉེན་འདུག་བསམ་ཡོད། སྔོན་མ་ང་ཚོ་གྲྭ་རྐྱང་བླ་རྐྱང་ཚོ་ཇ་ཁང་ཟ་ཁང་དུ་འཛོམས་ཏེ། གནད་དོན་དེའི་སྐོར་ལ་སྐད་ཆ་མང་བོ་བཤད་མྱོང་ཡོད། ངས་དེའི་སྐོར་ལ་རྩོམ་ཡིག་ཅིག་ཀྱང་བྲིས་ཡོད། སྤྱིར་གཞུང་ཆེན་མོའི་ནང་དུ་བཤད་པའི་སྤྲུལ་སྐུ་དེ་གང་འདྲ་ཞིག་ཡིན་ཟེར་ན། མངོན་རྟོགས་རྒྱན་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་ལ་བཞིར་དབྱེ་བའི་སྤྲུལ་སྐུ་དང༌། དེའི་ནང་གསེས་སྐྱེ་བ་སྤྲུལ་སྐུ་དང༌། མཆོག་གི་སྤྲུལ་སྐུ། བཟོ་བོ་སྤྲུལ་སྐུ་གསུམ་དུ་དབྱེ་ཡོད་པ་རེད། དེ་ཚོ་གཞུང་ཆེན་མོ་ལས་བཤད་པའི་སྤྲུལ་སྐུ་རེད། དེ་ལས་གཞན་མདོ་སྡེའི་རྒྱན་དུ་གསུངས་པ་བཞིན། བློ་ལྡན་རྣམས་ཀྱི་ལས་དུ་མས།། གཞན་ཡང་སྨོན་ལམ་དག་དང་ནི།། ཏིང་ངེ་འཛིན་དང་དབང་འབྱོར་བའི།། དབང་གིས་བྱེད་པ་ལེན་པར་འདོད།། ཅེས་བསྟན་ཡོད། ང་ཚོ་བོད་པར་མཚན་ན། ༧རྒྱལ་མཆོག་ཀརྨ་པ་ཁོང། ང་ཡོད་སའི་ལུང་པ་དེའི་ནང་འཁྲུངས་པ་རེད། སྐུ་གོང་མའི་མཛད་པ་འཕྲིན་ལས་ཧ་ཅང་རྒྱས་ཡོད། ཁོང་དགོངས་པ་རྫོགས་ཁར། སློབ་མ་ཚོའི་རེ་བ་བཞིན་རང་ཉིད་ཀྱི་ཡང་སྲིད་ཕེབས་རྒྱུའི་ཞལ་བཞེས་ཐོག གང་དུ་ཕེབས་པ་སོགས་ཀྱི་ལུང་བསྟན་ཡང་གསལ་པོ་གནང་ཡོད། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་མགོ་འཛུགས་ས་ཡང་འདི་ནས་རེད། མཁས་པ་ཚོས་དེབ་ཐེར་དཀར་པོ་དང༌། དེབ་ཐེར་སྔོན་པོ། གསེར་པོ་ལྗང་ཁུ་བཅས་བརྩམས་ཡོད་པ་རེད། ད་བར་དེབ་ཐེར་ནག་པོ་ཞེས་པ་ཞིག་བརྩམས་ཡོད་པ་མ་རེད། གལ་སྲིད་དེབ་ཐེར་ནག་པོ་རྩོམ་མཁན་ཞིག་བྱུང་ན། སྤྲུལ་པའི་གང་ཟག་དེ་དག་གིས་སངས་རྒྱས་བསྟན་པ་དང༌། བོད་ཀྱི་ཆབ་སྲིད་ཐོག་ཞབས་འདྲེན་ཞུས་པ་སོགས་བྲིས་པ་ཡིན་ན་རྫོགས་རྒྱུ་ཡོད་པ་མ་རེད། ཟམ་གདོང་རིན་པོ་ཆེས་སྤྲུལ་སྐུའི་ཐད་གསུངས་པ་དེར་རྒྱབ་སྐྱོར་ཡོད་ལ། ཁོང་གི་གསུངས་འདིས་ངའི་ཡིད་འཕྲོག་སོང༌། སྤྲུལ་སྐུ་ངོས་འཛིན་གང་ཞིག་ཡིན་རུང་ཆོས་བརྒྱུད་སོ་སོའི་བླ་ཆེན་ཞིག་གི་རྒྱབ་གཉེར་མེད་ན། ཆོས་བརྒྱུད་དེའི་སྤྲུལ་སྐུ་ཞིག་ཏུ་ངོས་ལེན་མེད་པ་བཟོས་ཡོད་པ་དེ་ཡག་པོ་རེད་སྙམ། དེས་སྤྲུལ་སྐུ་མང་པོ་ཉུང་ཉུང་བཟོ་ཐུབ་ལ། ཉུང་ཉུང་དེ་ཡང་སྤུས་དག་པོ་བཟོ་ཐུབ། འོན་ཀྱང༌། གཏན་འབེབས་དེ་ལག་ལེན་བསྟར་མཁན་དཀོན་པོ་རེད། སྤྲུལ་སྐུ་ཚད་ལྡན་ཡིན་མིན་གྱི་ཐད་ནས་ས་མཚམས་ཤིག་དང༌། སྒྲོམ་གཞི་ཞིག་བཟོ་དགོས་པ་དེ་གལ་ཆེན་པོ་རེད། འོན་ཀྱང༌། སྤྲུལ་སྐུ་རྩ་མེད་བཟོ་བའི་སྐད་ཆའི་སྟེང་ཡོང་ན། རིམ་བཞིན་པཎ་ཆེན་རིན་པོ་ཆེ་དང་ཏཱ་ལའི་བླ་མར་ཐུག་ཡོང༌། སྐབས་དེར་ལག་པ་འཆང་ཕོད་མཁན་ཡོད་རྒྱུ་མ་རེད་བསམ། ཞེས་གསུངས་སོང།

 

ས་སྐྱའི་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་སུ། རྒྱ་ནག་གིས་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཀྱི་ཁྲིམས་ལུགས་དེ་གཏན་འབེབས་བྱས་མ་ཐག  བཙན་བྱོལ་ནང་གི་ཆོས་བརྒྱུད་ཁག་གིས་ཚོགས་འདུ་བསྐངས་ཏེ། རྒྱ་ནག་གི་ཁྲིམས་ལུགས་དེར་ངོས་ལེན་མེད་པའི་ལན་འདེབས་དང༌། ཡང་སྲིད་གང་ཞིག་ངོས་འཛིན་བྱེད་དགོས་ཀྱང༌། ཆོས་བརྒྱུད་སོ་སོའི་དབུ་ཁྲིད་ཚོས་ངོས་ལེན་ཆོག་མཆན་མེད་ན་སྤྲུལ་སྐུ་ཡང་དག་ལ་ངོས་འཛིན་བྱ་རྒྱུ་མིན་པ་གསལ་བསྒྲགས་བྱས་ཡོད་པ་དེར། ད་ལྟ་ཆོས་བརྒྱུད་ཁག་གིས་དངོས་སུ་ལག་བསྟར་བྱེད་ཐུབ་ཀྱིན་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན། སྤྱིར་རྒྱ་ནག་གིས་སྤྲུལ་སྐུ་ངོས་འཛིན་ཐད་སྲིད་ཇུས་ཤིག་གཏན་འབེབས་བྱས་ཡོད་པ་དེར། ང་རང་ཡ་མཚན་པ་ཞིག་བྱུང༌། གང་ཡིན་ཟེར་ན། ཕྱོགས་གཅིག་ནས་རྒྱ་ནག་གིས་ཚེ་ཕྱི་མ་དང་ལས་འབྲས་ཁས་ལེན་བྱེད་ཀྱིན་མེད། ཡང་ཕྱོགས་གཅིག་ནས་བླ་ཆེན་གང་ཞིག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྐོར་གླེང་སྟེ། ལས་འབྲས་དང་སྐྱེ་པ་སྔ་ཕྱི་ཁས་ལེན་པ་འདྲ་བོ་ཞིག་བཤད་ཀྱིན་ཡོད། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཐད་ཆོས་ཚོགས་ཐེངས་མང་པོའི་ཐོག་གྲོས་ཆོད་བཞག་ཡོད། ལྷག་པར་དུ་ན་ནིང་ཕྱི་ཟླ་ ༥ ནང་ཆོས་བརྒྱུད་ཁག་ལྔའི་བླ་ཆེན་རྣམས་དང༌། འཐུས་མི་བཅས་ཆོས་དོན་ལས་ཁུངས་ཀྱི་བཀོད་སྒྲིག་འོག་ཆོས་ཚོགས་འཕར་མ་ཞིག་འཚོགས་ཏེ། བོད་གཞུང་གི་ངོས་ནས་རྒྱ་ནག་གི་སྒྲིག་གཞི་གཏན་འབེབས་དེར་ཁས་ལེན་མེད། ཅེས་བརྗོད་ཡོད།  རྒྱུ་མཚན་གང་ཡིན་ཟེར་ན། གནའ་ནས་ད་བར་བོད་ཀྱི་སྤྲུལ་སྐུ་གང་ཞིག་རྒྱ་ནག་གིས་ངོས་འཛིན་བྱས་པ་ཞིག་མེད་ལ། མ་འོངས་པར་ཡང་དགོས་དོན་མེད། མ་འོངས་པར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དེ་གང་འདྲ་ཞིག་བཟོས་ཡོད་པ་རེད་ཟེར་ན། ཆོས་བརྒྱུད་ཁག་གི་བླ་ཆེན་ཚད་ལྡན་ཞིག་གིས་ངོས་འཛིན་གནང་པའི་དཔང་རྟགས་མེད་ན། སྤྲུལ་སྐུ་ཚད་ལྡན་མིན་པའི་གྲོས་ཆོད་ཅིག་བཞག་ཡོད་པ་མ་ཟད། སྒྲིག་གཞི་དེ་ལག་བསྟར་བྱས་ནས་ད་བར་སྤྲུལ་སྐུ་ངོས་འཛིན་འདྲ་མིན་བྱུང་སྟངས་དེ་ཉུང་དུ་སོང་ཡོད། ཉེ་ཆར་ཕྱི་ཚེས་ ༦ ནས་ ༨ བར་ཆོས་ཚོགས་ཐེངས་བཅུ་བའི་སྟེང༌། ཆོས་བརྒྱུད་ཁག་གིས་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེ་ལག་བསྟར་བྱ་དགོས་པར་བཀའ་བསྡུར་གནང་ཡོད། ང་ཚོ་དཔལ་ལྡན་ས་སྐྱ་པར་མཚོན་ན། སྤྲུལ་སྐུ་ལ་ཆུང་སྲིད་རིན་པོ་ཆེ་ཟེར་ནས་ཆུང་དུས་ནས་ངོས་འཛིན་གནང་དགོས་པ་ཞིག་རེད། ལོ་ན་སུམ་ཅུ་ནས་བཞི་བཅུར་སླེབས་དུས་སྤྲུལ་སྐུར་ངོས་འཛིན་བྱེད་མཁན་ཉུང་ཉུང་རེད། དེའི་ཐད་ཆོས་ཚོགས་འཕར་མའི་སྐབས་སུའང་བཀའ་བསྡུར་གནང་ཡོད། བོད་ས་ཤོར་ཏེ་ཆོས་དད་རང་དབང་མེད་པར་ལོ་ངོ་སུམ་ཅུ་ལྷག་འདས་པ་རེད། དེའི་བར་ལ་བླ་མ་མང་བོ་ཞིག་འདས་ནས་ཡང་སྲིད་ངོས་འཛིན་གནང་མ་ཐུབ་སྟབས། ལོ་ན་སུམ་ཅུ་དང་བཞི་བཅུར་སོན་སྐབས་གཞི་ནས་ཁ་ཤས་ངོས་འཛིན་གནང་ཡོད་པ་རེད། མ་འོངས་པར་སྤྲུལ་སྐུ་ཡོད་ཚད་ཆུང་སྲིད་རིན་པོ་ཆེ་བྱས་ནས་ངོས་འཛིན་བྱེད་སྟངས་ཐད། གྲོས་ཆོད་ཅིག་བཞག་ཡོད་པ་རེད་ལ། དེ་དག་ལག་ལེན་ལའང་བསྟར་དང་བསྟར་བཞིན་པ་རེད། ཅེས་གསུངས་སོང༌།

 

བཀའ་བརྒྱུད་སྤྱི་འཐུས་ཁོ་ཚ་བསོད་ནམས་དགྲ་འདུལ་ལགས་སུ། དེང་སྐབས་ཕྱི་རྒྱལ་ཁག་དང་ལྷག་པར་དུ་རྒྱ་ནག་ནང་ཁུལ་གྱི་གྲོང་ཁྱེར་དག་ཏུ་སྤྲུལ་སྐུ་རྫུན་མ་དང༌། ཚད་ལྡན་མ་ཡིན་པའི་བླ་སྤྲུལ་མང་བོ་ཞིག་གིས་མང་ཚོགས་ལ་མགོ་བསྐོར་དང༌། ཆོས་ཚོང་གི་བྱེད་སྤྱོད་སྤེལ་ཏེ། བོད་བརྒྱུད་ནང་བསྟན་ལ་བསྲེས་ལྷད་དང༌། ལྷག་པར་དུ་བོད་པའི་སྟེང་ལ་རྒྱལ་ཁབ་དང་མི་རིགས་གཞན་པར་ལྟ་སྟངས་ངན་པ་འཇོག་གིན་ཡོད་པའི་ཐད། དགོངས་འཆར་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན།

སྤྱིར་བཏང་བོད་ཀྱི་སྤྲུལ་སྐུ་ཟེར་བ་དེར་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཞིག་ཡོད་པ་རེད། དེར་མ་ཟད་སྤྲུལ་སྐུ་དེས་སོ་སོའི་ཆོས་བརྒྱུད་བསྐྱངས་ཏེ་སེམས་ཅན་གྱི་དོན་བྱེད་དགོས་པའི་ལམ་སྲོལ་ཁྱད་པར་བ་ཞིག་ཀྱང་ཡོད་པ་རེད། སྤྱི་ལོ་ ༡༩༥༩ ལོའི་ཡར་སྔོན་ལ་སྤྲུལ་སྐུའི་ལམ་ལུགས་དེ་ཡག་པོ་བྱུང་ཡོད་པ་རེད། རེ་ཟུང་མ་གཏོགས་མང་ཤོས་ཀྱིས་སེམས་ཅན་ལ་ཕན་ཐོགས་བྱུང་ཡོད་པ་རེད། དེ་དག་གི་ཁྲོད་དུ་སྤྲུལ་སྐུ་རྫུན་མའང་རེ་ཟུང་བྱུང་ཡོད་པ་རེད། འོན་ཀྱང༌། ༡༩༥༩ ལོར་བོད་ས་ཤོར་ནས་བཙན་བྱོལ་ལ་རྒྱ་གར་ནང་འབྱོར་བའི་རྗེས་སུ། བོད་ཀྱི་ཆོས་བརྒྱུད་ཁག་ཀྱང་ཕྱིའི་རྒྱལ་ཁབ་ཁག་ཏུ་དར་ཁྱབ་ཆེན་པོ་སོང་བ་རེད། དེ་དག་གིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སོ་སོའི་ཆོས་བརྒྱུད་དང་སེམས་ཅན་ལ་ཕན་ཐོགས་ཡོད་པར་བརྟེན། ཕྱི་རྒྱལ་ཁག་གིས་ཀྱང༌། སྤྲུལ་སྐུ་ཟེར་དུས་ཡག་པོ་ཞིག་ཏུ་རྩི་བཞིན་ཡོད་སྟབས། དེང་སྐབས་ཕྱི་རྒྱལ་ཁག་ཏུའང་སྤྲུལ་སྐུ་ཚོ་རྩ་ཆེན་པོ་ཆགས་པ་རེད། ལྷག་པར་དུ་ཕྱི་རྒྱལ་ཁག་ནས་སྤྲུལ་སྐུ་ཞིག་དང་རིན་པོ་ཆེ་ཞིག་གི་དཔང་རྟགས་ཡོད་ཚེ། དེ་ལ་ཕྱིའི་འབྱོར་བའི་ཆ་ནས་ཡག་ཐག་ཆོད་ཡོང་གིན་ཡོད་སྟབས། མི་རེ་ཟུང་གི་སེམས་སུ། ང་ཡང་སྤྲུལ་སྐུ་ཞིག་ཆགས་ན་བསམས་ནས་སྤྲུལ་སྐུ་རྫུན་མ་མང་བོ་བྱུང་བ་རེད། ཁོང་ཚོ་བོད་ཀྱི་བླ་ཆེན་དག་གིས་ཐག་ཆོད་བྱས་པ་ཕལ་ཆེར་གཅིག་ཀྱང་ཡོད་པ་མ་རེད། སྤྲུལ་སྐུ་གང་ཞིག་ཡིན་རུང༌། ཁོངས་སོ་སོའི་བླ་ཆེན་དང་ཆོས་བརྒྱུད་ཀྱིས་ཐག་ཆོད་བྱེད་དགོས་པ་ལས། གང་འདོད་དུ་སྤྲུལ་སྐུའི་མིང་ཐོག་ནས་ལས་ཀ་འདྲ་མིན་བྱས་ན་དེས་རང་གི་བསྟན་པ་དང་བསྟན་འཛིན་ལ་གནོད་ཐག་ཆོད་རེད། དཔེར་ན་བཀའ་བརྒྱུད་ཀྱི་བླ་སྤྲུལ་ངོས་འཛིན་བྱས་ཟིན་པ་ཞིག་གི་མཚན་ཐོག་ནས། ཡང་བསྐྱར་གཞན་པ་ཞིག་ཡོང་སྟེ། ང་བཀའ་བརྒྱུད་ཀྱི་སྤྲུལ་སྐུ་འདི་ཡིན་ཟེར་ཀྱང༌། བཀའ་བརྒྱུད་ཀྱིས་བདག་པོ་མ་བརྒྱབས་ཚེ། རྙིང་མའི་ནང་དུ་སོང་ནས་བླ་མ་ཞིག་གི་མིང་ཐོག་ནས་སྤྲུལ་སྐུའི་མིང་ལེན་ཐབས་བྱེད་ཀྱིན་ཡོད། ང་རང་ཡང་ཆོས་ལུགས་ཀྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་བཀའ་བརྒྱུད་ནང་སྤྲུལ་སྐུ་འདི་འདྲ་ཞིག་ཡོད་དམ། ཟེར་ནས་ཕྱི་རྒྱལ་ཁག་ནས་ཚར་གཅོད་བྱེད་མཁན་རེ་འགའ་བྱུང་མྱོང་ཡོད། བསྟན་པ་བསྲེས་ལྷད་དང་སྤྲུལ་སྐུ་རྫུན་མ་དེ་འདྲ་མང་བོ་བྱུང་བའི་སྟབས་ཀྱིས། བར་ལམ་ཞིག་ནསྋགོང་ས་མཆོག་གཙོ་བོ་བྱས་ཏེ་ཆོས་བརྒྱུད་ཁག་གི་བསྟན་པའི་བདག་པོ་ཚང་མས་གནད་དོན་དེར་དོ་དམ་ཤུགས་ཆེན་བྱས་ཏེ། དེའི་ཐོག་བཀའ་བསྡུར་དང་གྲོས་ཆོད་བཞག་ཡོད།  དེ་ཚོ་ཆོས་བརྒྱུད་ཁག་གིས་ཁ་ཡོད་ལག་ཡོད་ཐོག་ནས་ལག་ལེན་བསྟར་དགོས་པ་རེད། ཅེས་གསུངས་སོང།

 

རྙིང་མའི་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་སུ། བོད་པའི་བླ་སྤྲུལ་ཚོས་ཆོས་ལུགས་ཀྱི་བྱེད་སྒོ་ཙམ་ལས་ཆབ་སྲིད་དང་རྩ་དོན་འཐབ་རྩོད་ཐད། ཐུགས་འགན་དེ་ཙམ་བཞེས་ཀྱིན་མེད་པའི་སྣང་ཚུལ་ཡོང་གིན་ཡོད་སྟབས། སྐུ་ཉིད་ཀྱི་དགོངས་ཚུལ་ལ། བོད་པའི་བླ་སྤྲུལ་ཚོར་དུས་རབས་ཀྱི་འགྱུར་འགྲོས་དང་འཛམ་གླིང་གི་འཕོ་འགྱུར། ལྷག་དོན་དུ་བོད་མིའི་རྩ་དོན་འཐབ་རྩོད་ཐད་འཁྲི་བའི་ལས་འགན་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན།

དེའི་ཐདྋགོང་ས་མཆོག་གིས་ང་ཚོར་ཡང་ཡང་གསུངས་ཡོད་པ་རེད། ང་ཚོའི་མི་རིགས་འདིའི་ངོ་བོ་ཆོས་ལུགས་ཆགས་བསྡད་ཡོད་སྟབས། བཙན་བྱོལ་གཞུང་གི་ངོས་ནས་ཀྱང་ཆོས་ཀྱི་ཐོག་ལ་ཐུགས་འགན་བཞེས་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེར་བརྟེན། བོད་ཀྱི་བླ་སྤྲུལ་ཚོ་བཙན་བྱོལ་ནང་ཡོད་པ་ཡིན་ན་འདྲ་ལ། བོད་ནང་ཡོད་པ་ཡིན་ནའང་འདྲ། བོད་ཀྱི་རྩ་དོན་ཐད་བླ་སྤྲུལ་ཚོས་གང་ཐུབ་ཅི་ཐུབ་གནང་གིན་ཡོད་པ་རེད་བསམ་ཡོད། ནུས་པ་ཐོན་མ་ཐོན་དང༌། ནུས་པ་དེ་སྤྱི་ཚོགས་ཐོག་མངོན་ཡོད་མེད་ཀྱི་གནས་སྟངས་ཡོད་ཀྱང། དེར་དཔེར་མཚོན་ཞིག་ཞུས་ན། ད་ལྟ་བོད་ནང་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད། འོན་ཀྱང། བརྒྱུད་ལམ་ཆ་ཚང་བཀག་ཡོད་སྟབས། ང་ཚོས་དེ་རིང་ཁ་སང་གི་གནས་ཚུལ་གང་ཡང་རྟོགས་ཐུབ་ཀྱིན་མེད་པ་འདྲ་བོ་རེད། དེ་བཞིན་བླ་སྤྲུལ་རྣམ་པས་ཀྱང་བོད་ཀྱི་རྩ་དོན་ཐོག་ཐུགས་འགན་ཆེན་པོ་བཞེས་ཀྱིན་ཡོད་ཀྱང༌། དེ་ཚོ་མི་མང་གིས་གསལ་བོར་རྟོགས་ཐུབ་ཀྱིན་མེད་སྟབས། ང་ཚོའི་སྤྱི་ཚོགས་ནང་བླ་སྤྲུལ་ཚོས་བོད་ཀྱི་རྩ་དོན་ཐོག་ཐུགས་འགན་བཞེས་ཀྱིན་མི་འདུག ཅེས་བསམ་ཚུལ་ཤུགས་ཆེན་པོ་ཡོང་གིན་ཡོད་པ་བདེན་པ་རེད། འོན་ཀྱང༌། ང་རང་གི་བསམ་པར་བོད་ཀྱི་བླ་སྤྲུལ་ཚོས་བོད་ཀྱི་རྩ་དོན་དང་ཆབ་སྲིད་ཐོག་ཐུགས་འགན་རྒྱ་ཆེན་པོ་བཞེས་ཀྱིན་འདུག་སྙམ་ཡོད། སྤྱིར་བོད་ཀྱི་བླ་སྤྲུལ་ཚོར་དམིགས་བསལ་གྱིས་འགྲོ་སེམས་ཅན་གྱི་དོན་བྱེད་པར་ཐུགས་འགན་ཡོད་པ་དང༌། ལྷག་པར་དུ་སངས་རྒྱས་ཀྱི་བསྟན་པའི་ཐོག་ཐུགས་འགན་དམིགས་བསལ་བ་ཞིག་ཆགས་ཡོད་པ་རེད། གོང་ནས་ཁྱེད་ཀྱིས་བཤད་པ་ལྟར། དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ། བོད་ཀྱི་བླ་སྤྲུལ་ཚོར་འཁྲི་བའི་འགན་དེའང་རིམ་གྱིས་འགྱུར་གྱིན་ཡོད་པ་རེད། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གནད་དོན་དེ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་མ་འོངས་པའི་བདེན་མཐའ་གསལ་ཐབས་དེ་བོད་མི་ཡོད་ཚད་ལ་འགན་ཡོད་པ་བཞིན། སྤྲུལ་སྐུ་ཚོས་ཀྱང་དམིགས་བསལ་གྱིས་འགན་བཞེས་དགོས་པ་རེད་བསམ་ཡོད། བོད་མིའི་བདེན་པའི་འཐབ་རྩོད་ཀྱི་འགན་འཁྲི་གཙོ་བོར་བཟུང་བའི་ཐོག་ནས་བླ་སྤྲུལ་རྣམ་པ་ཡིན་ནའང་རང་རང་གི་སྐུ་གོང་མས་མཛད་པ་འཕྲིན་ལས་གང་འདྲ་ཞིག་བསྐྱངས་འདུག་པ་དེའི་རྗེས་བསྐྱང་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བོད་ཀྱི་རྩ་དོན་དང་ཆབ་སྲིད་ཀྱི་ཐད་ཐུགས་འགན་བཞེས་ཏེ། ང་ཚོ་ཚང་མས་འཕྱར་གྲུ་མཉམ་འདེགས་དང་དཔུང་བ་མཉམ་གཤིབ་བྱས་ན་ཧ་ཅང་དགེ་ཕན་ཆེན་པོ་འབྱུང་ལ། ཏན་ཏན་ནུས་པ་ཆེན་པོ་འཐོན་པའི་རེ་བ་དང་ཡིད་ཆེས་ཟབ་མོ་ཡོད། ཅེས་གསུངས་སོང༌།

 

དབུས་གཙང་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ། ྋགོང་ས་མཆོག་གིས་ཁོང་གི་ཡང་སྲིད་ངོས་འཛིན་བྱེད་སྟངས་དེ་མ་འདས་སྤྲུལ་སྐུ་དང་ཡེ་ཤུ་བླ་ཆེན་བྷོབ། མང་མོས་འོས་འདེམས་སོགས་རིགས་གསུམ་ཙམ་གསུངས་ཡོད་སྟབས། སྐུ་ཉིད་ཀྱི་དགོངས་ཚུལ་ལ་དེ་གསུམ་ལས་གང་ཞིག་ཡང་དག་པ་དང༌། གང་ཞིག་དུས་དང་མཐུན་པའི་བོད་པའི་གནས་བབ་ཀྱི་དགོས་མཁོར་གཟིགས་ཀྱིན་ཡོད་དམ། ཞེས་དྲིས་པའི་ལན་དུ་ཁོང་གིས་བརྗོད་དོན།

དྲི་བ་འདི་ཧ་ཅང་གནད་འགག་ཆེན་པོ་རེད། རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་དེའི་འགན་འཁུར་དགོས་པ་ཞིག་ཆགས་ཡོད། ྋགོང་ས་མཆོག་གི་ཡང་སྲིད་སྐོར་གྱི་དྲི་བ་འདི་བོད་པ་དང་ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད། དེ་བཞིན་ནང་ཆོས་ལ་དད་མཁན་ཡོངས་ལ་རང་བཞིན་གྱིས་ཡོང་གིན་ཡོད། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་ཆོས་དང་རིག་གཞུང་ལ་གཏོར་བརླག་གི་ལས་མང་བོ་ཞིག་བརྩམས་ཡོད། དེར་བརྟེན། ྋགོང་ས་མཆོག་གཙོས་པའི་བླ་ཆེན་རྣམ་པས་ངོས་འཛིན་བྱས་པ་དེར་རྒྱ་ནག་གིས་ཇུས་གཏོགས་བྱས་ཏེ། སྤྱི་ཚོགས་ནང་སྤྲུལ་སྐུ་གཅིག་ལ་ཡང་སྲིད་གཉིས་གསུམ་རེ་བྱུང་བའི་དཀའ་རྙོག་འདི་བྱུང་བ་རེད། དེའི་ནང་གཙོ་ཆེ་ཤོས་དེ་ྋགོང་ས་མཆོག་གི་ཡང་སྲིད་རེད། དྲུག་ཅུ་རེ་གྲངས་ནས་ྋགོང་ས་མཆོག་ལ་གསར་འགོད་པ་དག་གིས་དྲི་བ་འདི་བཏོན་ཡོད། ྋགོང་ས་མཆོག་གིས་ཁོང་གི་ཡང་སྲིད་དེ་གཙོ་བོ་བོད་མི་མང་གི་བསོད་ནམས་དང་རྗེས་འཇུག་རྣམས་ལ་རག་ལས་ཡོད། ཅེས་ཡང་ཡང་གསུངས་ཡོད། དེ་དངོས་ཡོད་གནས་ཚུལ་རེད། བླ་ཆེན་དག་གི་ཡང་སྲིད་དེ་རྗེས་འཇུག་གི་དད་པ་དག་སྣང་ཐོག་ནས་ཕེབས་ཀྱིན་ཡོད། རྒྱ་གཞུང་གིས་སྲིད་ཇུས་འདྲ་མིན་གཏན་འབེབས་བྱས་ཏེ། ྋགོང་ས་མཆོག་གཙོས་བླ་སྤྲུལ་དག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་འགྲེལ་བཤད་བརྒྱབས་ནས་ཡོང་གིན་ཡོད། དེར་བརྟེན། ༢༠༠༣ ལོར་ྋགོང་ས་མཆོག་གིས་ཡང་སྲིད་ཕེབས་ཕྱོགས་ཀྱི་དཔེ་སྟོན་ལ། ཡེ་ཤུ་བླ་ཆེན་གྱི་ཡང་སྲིད་ཕེབས་ཕྱོགས་སྐོར་སོགས་གསུངས་ཡོད། ༢༠༠༦ ལོར་༧གོང་ས་མཆོག་གིས་ཉི་ཧོང་དང༌། དེའི་རྗེས་རྒྱ་གར་པན་རྗབ་བཅས་ནས་གསར་འགོད་པར་ཁོང་གི་ཡང་སྲིད་སྐོར་བཀའ་གནང་དགོས་པའི་རྒྱུ་མཚན་གཙོ་བོ། རྒྱ་གཞུང་གིས་དེའི་ཐད་སྒྲིག་གཞི་ཞིག་གཏན་འབེབས་བྱས་ཡོད་པས་རེད། ང་རང་གི་ངོས་ནས་ཀྱང་དེ་བློ་འཚབ་ཆེན་པོར་བརྩིས་ཏེ། ༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐད། སྔར་རྒྱུན་རྒྱལ་དབང་རིན་བྱོན་གྱི་ཡང་སྲིད་ཕེབས་ཕྱོགས་དང༌། བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་འོང་བའི་གསལ་འདེབས་སྤྱི་འཐུས་གྲོས་ཚོགས་ནང་ཞུས་ཡོད། ༧གོང་ས་མཆོག་གིས་ཡེ་ཤུ་བླ་ཆེན་བྷོབ་དང༌། དེ་བཞིན་མ་འདས་སྤྲུལ་སྐུ་ལྟ་བུ་ཞིག་ལ་བཀའ་གནང་ཡོད་ཀྱང༌། རྒྱ་ཆེའི་མི་དམངས་དང། སྒེར་ངོས་ནས་ཀྱང་རེ་འདོད་གང་ཡོད་མངོན་གསལ་དོད་པོས་གསལ་འདེབས་བྱ་དགོས་པ་དེ་བོད་མི་རིགས་ཀྱི་ལས་འགན་ཞིག་ཆགས་ཡོད། ལས་འགན་དེ་སོ་སོ་ལ་མཚོན་ན་འགྲུབ་ཐུབ་ཡོད་བསམ་ཡོད། ཁོང་གི་ཡང་སྲིད་དེ་སྔོན་མའི་ལམ་ལུགས་གཞིར་བཟུང་གི་སྟེང་ནས་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད་ལ། སྤྱི་ཚོགས་ནང་དུའང་འདི་འདྲའི་གསལ་འདེབས་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་སོང༌།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 25

  1. jamyangdakpa says:
    ལོ་ 16 སྔོན།

    tenpa nyima la
    your broken enlish does’t work not only in this,but also in others.so you can quit this hard task and learn more.by the way you said that we don’t need lama’s reincarnation in modern time.why? is it because of not have gain for you?or you think that there is not a lama’s recarnation in developed countries.that is why we can stop this.you fool……..there is not tibetan buddism in these countreis .so can we quit it too.hahhahah ………. your type are always follow to someone or something from western.you jerk………sorry if it hurt to you,but i can’t help to control when i heard like this .

    Reply
  2. Tenpa Nyima says:
    ལོ་ 16 སྔོན།

    I think Mr. Sam Dong Rinpoche is great leader and we need more people who could serve Tibetan like him our Young generations. I’m sorry my computer doesn’t let me typing in Tibetan but I’m learning now. I’m apologize for that.

    Reply
  3. Tenpa Nyima says:
    ལོ་ 16 སྔོན།

    I think It’s used to be good to find a reincarnation but I don’t think it’s great idea to find a reincarnation this modern time. The things change all the time so tradition also needed to be changed too.
    I would agree not to looking for any Loma’s reincarnations. It’s better to stop to find a reincarnation if you can but I don’t think any one who could stop this kind tradition right now and It may will vanish soon.
    Nyima.

    Reply
  4. དགའ་བ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ཟམ་གདོང་བླ་མ་ང་ཚོར་སྐྱེས་པ་ནི་ང་ཚོའི་མི་རིགས་འདི་ཅུང་བསོད་ནམས་ལྡན་པ་རེད། ཟམ་གདོང་བླ་མས་ང་ཚོའི་གྲོས་ཚོགས་ལམ་དུ་བཞག་པར་མ་ཟད། བཀའ་ཤག་ཀྱང་ལམ་དུ་བཞག ཁོང་གིས་སྤྲུལ་སྐུའི་ལམ་སྲོལ་སྐོར་ལ་གསུང་མོ་ཉུང་ངུ་ཞིག་གནང་བ་འདི་ང་ཚོའི་གསར་བརྗེའི་ཁ་ཕྱོགས་ཆེན་མོ་ཞིག་གི་སྣ་འདྲེན་དུ་འགྱུར་བ་གདོན་མི་ཟ་བ་ཡིན། ཟམ་གདོང་གི་བཀའ་སློབ་ཡོད་ཚད་ད་ལྟའི་ཁེ་ཕེན་ཙམ་མིན་པར་ཕུག་རྒྱང་གཟིགས་པའི་ལམ་སྟོན་ཤ་སྟག་ཡིན། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དུ་ཟམ་གདོང་ལ་ཚིག་མཚོན་འདེབས་མཁན་ཤིན་ཏུ་མང་། མཐོ་དམའ་གང་དུ་ཡང་ཅུང་མགོ་འབུད་ཡོང་མཁན་ཞིག་ལ་སྐྱོན་བརྗོད་བྱེད་པ་དང་། རང་དང་ལྟ་ཕྱོགས་མི་མཐུན་པ་ལ་ཚོར་སྣང་གིས་སྐྱོན་བརྗོད་བྱེད་པ་མི་ཡོངས་ཀྱི་རྒྱུན་གཤིས་ལྟ་བུ་ཞིག་ཡིན་ཚོད་འདུག

    Reply
  5. ཨརྱ། says:
    ལོ་ 16 སྔོན།

    ནོར་བཅོས།ཕྲོགས་གདོགས་མ་རེད་ཕྱོགས་གཏོགས་རེད

    Reply
  6. ཨརྱ། says:
    ལོ་ 16 སྔོན།

    ཟམ་གདོང་ཚང་གི་སྐད་ཆ་དེ་ལ་རིན་ཐངས་འདུག་ད་དུང་ཟམ་གདོང་འདྲ་བའི་བླ་མ་དངོས་གནས་མིན་མཁན་དག་གིས་འདི་ལྟར་ཁས་ལེན་བྱས་ན་ཡག་པོ་རེད།འོན་ཀྱང་ཟམ་གདོང་གིས་ང་ལ་དེ་རིང་ནས་ཟམ་གདོང་ཞེས་པའི་མིང་དང་འབྲལ་བ་ཅི་ཡང་མེད་པས་ཁྱེད་ཅག་གིས་ཀྱང་ཏེ་ལྟར་མ་འབོད་ཅེས་བཤད་མ་ཐུབ་པར་འཕངས་སེམས་མི་འདུག་གམ།བེར་འཇིགས་ཀྱིས་བཤད་པ་ལྟར་སྤྲལ་སྐུའི་མིང་འཛིན་དག་གི་ཉེས་སྐྱོན་ཐེར་འདོན་གྱི་དེབ་ནག་པོ་ཞིག་བྲས་ཀྱང་མི་འཚམས་པ་མི་འདུག་ཡིན་ནའང་ཁོང་ཚོའི་ཕྲོགས་གདོགས་ཀྱི་མི་མང་བོ་ལ་གནོད་འགྲོ་བས་དེ་ལའང་འདང་མ་བརྒྱབ་ན་་་་་་་་་་་་་་་་་་

    Reply
  7. མི་ནག says:
    ལོ་ 16 སྔོན།

    སྤྲུལ་སྐུའི་སྐོར་ལ་ཅི་ཡང་བཤད་ཤེས་མ་སོང་། འོན་ཀྱང་ཁ་བ་དཀར་པོའི་ཚིག་འགྲོས་ཀྱིས་གྲོགས་པོ་ཞིག་ལ་འཁྲུལ་ཏེ་ཁྲི་བར་བསམ་བློ་མི་གཏོང་ཡང་ཁྲི་ལ་བསམ་བློ་གཏོང་དགོས་པ་དང་བླ་རྒན་ལ་ཁ་ངོ་མི་སྟེར་ཡང་སྟོན་པ་ལ་ཁ་ངོ་སྟེར་དགོས་པའི་སྐད་སྐུར་ཞིག་ཀྱང་བཞག་པ་ཡིན།

    Reply
  8. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ཚོགས་འདུས་ཚོགས་ནས་གྲོས་ཆོད་མང་པོ་བཞག་པ་དང།མྱུག་གུ་བཟུང་ནས་གཏན་འབེལགནང་བ་ཙམ་གྱིས་ཕན་རྒྱུ་མི་འདུག་ལ་ངེས་པར་དུ་ལག་ལེན་དུ་སྟེར་དགོས་པ་གལ་ཆེན་པོ་འདུག་

    Reply
  9. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ནོར་བཅོས། འགྱུར་བ་གཏོང་བ་ཞིག
    འགྱུར་བ་གཏོང་དགོས་པ་ཞིག

    Reply
  10. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཟམ་སྟོང་སྲིད་གཞུང་འདིས་ངོ་མ་དགོས་སར་མེད་ཅིང་མི་དགོས་སར་ལྷགས་པའི་ཐབས་རྡུག་གི་བྱ་བ་ཇི་འདྲའི་མང་པོ་ཞིག་བསྒྲུབས་དང་སྒྲུབ་བཞིན་འདུག་ཨང་། གལ་སྲིད་ངོ་མ་དེ་འདྲའི་ལས་རྒྱུ་མེད་པའི་ལས་ཀ་ཞིག་བྱེད་འདོད་ན་ད་དུང་ལས་ཀ་གལ་ཆེན་ཞིག་ལྷགས་བསྡད་ཡོད་པ་སྟེ། དགེ་ལུགས་པ་ཚང་གི་དགེ་བཤེས་གཏོང་སྒོ་ཟེར་བའི་ལུགས་སྲོལ་རྙིང་བ་དེ་ནི་ད་ལྟའི་དུས་རབས་འདིར་དགོས་སམ་མི་དགོས། གྲྭ་རྐྱང་མི་ལོ་བཅོ་ལྔ་ཉི་ཤུའི་རིང་ལ་ནང་ཆོས་ཀྱི་སློབ་གཉེར་གཅིག་པོའི་སྒང་ལ་ཡོད་ཚད་བསྟིམས་ཟིན་པ་ཞིག་གིས་མདོ་ཕྱོགས་ཀྱི་སློབ་གཉེར་དེ་མཐར་ཕྱིན་གྲབ་ཡོད་དུས་སུ་དགེ་བཤེས་གཏོང་སྒོ་ཟེར་བའི་དཔལ་འབྱོར་གྱི་ཁུར་བོ་འཇིགས་སུ་རུང་བ་ཞིག་གིས་མནན་ནས་དབུགས་ཀྱང་གཏོང་ལེན་བྱེད་མི་ཐུབ་པའི་མཚམས་སུ་བསྐྱལ་དང་སྐྱེལ་བཞིན་ཡོད་པ་རེད། ས་སྐྱ་དང་རྙིང་མ་བཀའ་བརྒྱུད་པའི་ཕྱོགས་སུ་འདི་འདྲའི་ལུགས་སྲོལ་ཞིག་མེད་ན་ཡང་དགེ་ལུགས་པ་ཚང་གིས་ད་དུང་ལུགས་སྲོལ་འདི་རྒྱུན་སྐྱོང་བྱེད་བཞིན་ཡོད་པས། ལུང་རིགས་ཀྱི་ཡོན་ཏན་གྱིས་ཁྱོགས་བསྡད་ཡོད་པའི་སྟོན་པའི་རྗེས་འཇུག་གྲྭ་པ་གྲྭ་རྐྱང་ཚོར་མི་ལོ་བཅོ་ལྔ་ཉི་ཤུ་ལ་སློབ་གཉེར་བྱས་ཚར་རྗེས་མིང་ལ་དགེ་བཤེས་གཏོང་སྒོ་ཟེར་ཡང་དོན་ངོ་མར་དཔལ་འབྱོར་གྱི་ཉེས་ཆད་གཅོད་པའི་བྱ་བ་འདི་དག་ཟམ་སྟོང་སྲིད་གཞུང་གིས་ག་ལ་མཐོང་སྟེ། དངོས་ཡོད་གནས་ཚུལ་ཡིན་པ་གང་ཞིག་ལ་དུས་རབས་དང་བསྟུན་ནས་འགྱུར་བ་གཏོང་བ་ཞིག་ཟམ་སྟོང་བླ་མའི་མིག་གིས་མཐོང་ཐབས་མེད་པའི་ཕྱིར་རོ།།

    Reply
  11. དགའ་བ། says:
    ལོ་ 16 སྔོན།

    བེ་འཇིགས་ཀྱིས། དེ་ཚོ་གཞུང་ཆེན་མོ་ལས་བཤད་པའི་སྤྲུལ་སྐུ་རེད། དེ་ལས་གཞན་མདོ་སྡེའི་རྒྱན་དུ་གསུངས་པ་ཞེས་མདོ་སྡེ་རྒྱན་གཞུང་ཆེན་མོ་མིན་པའི་ཟོལ་ལྟ་བུར་བཤད་འདུག གཞུང་ཆེན་མོ་ཡིན་མིན་གྱི་ཁྱད་པར་གང་གི་ཐོག་ནས་འབྱེད་ཀྱི་ཡོད། བླ་རྒན་འདི་ཚོའི་ཧམ་པ་ལ་ཚོད་འཛིན་མི་འདུག བླ་མ་སྤྲུལ་སྐུ་ཚོའི་ལོ་རྒྱུས་ཀྱི་ནག་ཉེས་ཐེར་འདོན་བྱས་པའི་དེབ་ཐེར་ནག་པོ་ཞིག་འབྲི་དགོས་ཟེར། སྔོན་དུ་རང་གིས་གྲྭ་པའི་བཟང་སྤྱོད་མ་བསྐྱངས་པ་དང་། སྤྱི་འཐུས་ཀྱི་ལས་འགན་ཚུལ་མཐུན་དུ་མ་འཁྱེར་བ་སོགས་ཀྱི་བམ་ཁ་ལོངས་ངེས་པའི་ནག་ཉེས་ཀྱི་དེབ་ཐེར་ནག་པོ་ཞིག་བྲིས་ཤིག ཁྱོད་འདྲ་བ་འགའ་ཤས་ཤིག་ཆབ་སྲིད་པ་འགའི་རྩེད་ཆས་ཀྱི་ལག་རྡོ་བཟང་པོ་ཞིག་མ་གཏོགས་སྤྱི་འཐུས་བཟང་པོ་ཞིག་གཏན་ནས་མ་རེད།
    བེ་རིས། པཎ་ཆེན་རིན་པོ་ཆེ་དང་ཏཱ་ལའི་བླ་མར་ཐུག་ཡོང༌། སྐབས་དེར་ལག་པ་འཆང་ཕོད་མཁན་ཡོད་རྒྱུ་མ་རེད་ཟེར། འདི་རྒྱལ་བ་རིན་པོ་ཆེ་བཀའ་དྲིན་གསུམ་ལྡན་གྱི་བླ་མར་བསྟེན་མྱོང་བའི་བོད་པའི་གྲྭ་པ་ཞིག་གིས་༸གོང་ས་མཆོག་གི་མཚན་འབོད་ཞུ་ལུགས་རེད་དམ། འདིའི་བྱ་སྤྱོད་ཀྱི་ཟུར་མང་པོ་ནས་བལྟས་ན་འདིས་སུ་དང་ཁྱི་སྤྱང་ལག་འབྲེལ་བྱས་ཡོད་མེད་ལ་དོགས་པ་ཟ་དགོས་པ་ཞིག་རང་བཞིན་གྱིས་ཡོང་།

    Reply
  12. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཡང་སྲིད་ངོས་འཛིན་གྱི་གནས་ཚུལ་འདི་ལ་བདག་གི་གྲོགས་པོ་བསོད་འཕེལ་བརྒྱུད་ནས་གོ་ཐོས་ལྟར་ན་ཉེ་བའི་ལོ་འགས་སྔོན་མདོ་སྨད་གཙང་དགོན་པ་ནས་ལྔ་བཅུ་ང་བརྒྱད་ནས་རིག་གནས་གསར་བརྗེའི་བར་སྐུ་གཤེགས་པའི་སྤྲུལ་སྐུ་གསུམ་གྱི་ཡང་སྲིད་བཙལ་ཐབས་སུ་དགོན་པ་དང་གཙང་ལྷ་སྡེའི་གནད་ཡོད་མི་སྣ་ཚོས་གོ་བསྡུར་ཡང་ཡང་བྱས་མཐར་དེང་སང་བསྟོད་རྒྱ་གར་བར་ཕྱིན་ཏེ་མགོ་༧རྒྱལ་བ་རིན་པོ་ཆེར་གཏུགས་ནས་ཡང་སྲིད་ཅིག་བཙལ་ན་མང་ཚོགས་སེམས་བཏགས་ཀྱང་རྒྱ་གཞུང་གིས་མཆོག་མཆན་མི་སྤྲོད་པས་དགོན་པར་བཞུགས་ཐབས་བྲལ། བོད་ནང་ནས་བྱིས་བ་སྣབས་ལུགས་ཅིག་ཁྲི་ཁར་བསྐྱོན་ཡང་དེང་སང་རྒྱ་གཞུང་གིས་ནང་བསྟན་ཆོས་ལུགས་ཀྱི་འཚོགས་འདུ་ཅིག་དང་ཉིག་བཅས་ལོ་ཕྱེད་ཀ་རེར་རྒྱ་གཏིང་ཐུར་དུ་འཁྲིད་ནས་ཇ་ཁང་ཆང་ཁང་རྐྱང་ལ་འགྲིམ་བཅུག་ཏེ་མཐར་སྡོམ་མགོ་ཡང་མི་ཐོན་པར་ཡོང་མཁན་མིག་མཐོང་ལག་ཟིན་ཡིན་སྟབས། སྤྲུལ་སྐུ་ཞིག་གི་མིང་བཏགས་རྗེས་མང་ཚོགས་ཀྱིས་ཆེ་མཐོང་སྤྲོད་མིན་གྱི་ཁྱད་པར་ཙམ་ལས་ཤེས་བྱ་ཡོན་ཏན་གྱི་ཆ་ནས་དགོན་པར་བཞུགས་པའི་གྲ་བ་དཀྱུས་མ་ཆོས་འཆད་ཉན་དང་བསླབས་པ་སློབ་གཉེར་ལེགས་པའི་གྲ་བ་དེ་ཚོ་ལས་ལྷག་པ་ཞིག་ཡོང་ཐབས་བྲལ་སྟབས། མཐར་དགོན་ལྷ་སྡེ་གཉིས་ཀ་གཅིག་མཐུན་གྱིས་དགོན་པའི་སློབ་གཉེར་དང་ཀུན་སྤྱོད་ཕུལ་དུ་བྱུང་བའི་གྲ་བ་དྲུག་བདུན་ཞིག་གི་མཚན་ཐོ་དེ་ཡང་སྲིད་འདི་དག་གི་འོས་གཞི་ལྟ་བུར་བཞག་རྗེས་དགོན་གྲོང་གཉིས་ཀ་ལྷ་སའི་ཇོ་བོའི་མདུན་ལ་སོང་ནས་གསན་བསྒྱུར་ཏེ་ཐག་གཅོད་བྱུང་འདུག་པས། ཕྲན་གྱི་བསམ་ཚུལ་ལ་འདི་ནི་དེང་རབས་ཀྱི་འགྲོས་དང་མཐུན་ལ་སྤྲུལ་སྐུའི་སྤུས་ཀ་ཇེ་བཟང་གཏོང་བ་མ་ཟད། དགོན་གྲོང་བར་དུ་རྩོད་གཞིའང་མི་འདུག་པས་ལམ་ལུགས་འདི་ནི་ལེགས་པར་མཐོང་བས་དྲ་གྲོགས་ཚོས་མུ་མཐུད་དུ་བཤད་བསྡུར་གནང་རོགས།

    Reply
  13. ནག་པོ། says:
    ལོ་ 16 སྔོན།

    འདི་ནའང་དྲ་འབུ་ཁ་ཤས་ཤིག་གིས་འཚང་ཁ་རྒྱག་གི་འདུག སྤྱིར་དྲ་བའི་སྟེང་དུ་སླེབས་པ་ནས་ཆགས་སྡང་ཁོ་ན་མ་གཏོགས་མེད་པ་ཅི་རེད། འདི་བསམ་ཚུལ་བྱེད་ས་རེད་མ་གཏོགས་སོ་སོའི་ཆགས་སྡང་སྟོན་ས་མིན། དྲ་འབུ་རྣམས་ཀྱིས་གཟབ་གཟབ་བྱས་ན་ལེགས།

    Reply
  14. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ངའི་བསམ་པར། ཟམ་གདོང་ཚང་གི་སྐད་ཆ་དེས་ཏག་ཏག་ཕན་གྱི་རེད་བསམ་ཡོད། ངོ་མ་བཤད་ན། སྤྲུལ་སྐུའི་ལམ་ལུགས་རྩ་མེད་དུ་གཏོང་དགོས་ཞེས་ན་ཆོས་ལུགས་ཀྱི་ལྟ་གྲུབ་སེམས་ནས་མ་ཡལ་བར་དུ་དེ་ཡོང་ཐབས་མེད་པ་ཞིག་རེད་སྙམ། གལ་སྲིད་ཆོས་ལུགས་ཀྱི་ལྟ་གྲུབ་སེམས་ནས་སྤངས་ཐུབ་མཁན་ཞིག་གི་ཆ་ནས་དེ་ལས་སླ་བོ་ཞིག་རེད་དེ། དེའི་ལྡོག་ཕྱོགས་ཀྱི་མི་ཞིག་ལ་མཚོན་ན་ཧ་ཅང་ཁག་པོ་ཞིག་ཡིན་རྒྱུ་རེད། དེ་ལས་སྤྲུལ་སྐུ་ཉུང་ཉུང་དང་ཉུང་ཉུང་ལས་སྤུས་དག་བཟོ་བ་དེ་ལམ་ལུགས་ཡག་ཤོས་ཤིག་རེད་བསམ། རྣམ་པ་ཚོས་གཟིགས་ན་གང་འདྲ་རེད།

    Reply
  15. བསྟན་འཛིན says:
    ལོ་ 16 སྔོན།

    རང་རེར། སྤྲུལ་བའི་སྐུ་ཞེས་པ་ཞིག་བཙལ་སྲོལ་གྱི་རྒྱུན་འདི་གཙང་མ་ཞིག་ཆགས་དགོས་པ་ཡིན་ན། དེ་ནི་བླ་སྤྲུལ་དག་གིས་རང་ཉིད་གཤེགས་ཁ་མར་ཞལ་ཆེམས་ཀྱི་ཡི་གེ་རེ་རྒྱས་བཏབས་ནས་གནང་སྟེ། སླད་ཀྱི་དུས་ན། ཞལ་ཆེམས་རྒྱས་བཏབས་དེ་ག་རང་རྩ་འཛིན་གྱིས། རང་ཉིད་ཀྱི་སྐྱེ་སྤྲུལ་དེ་ཐག་གཅོད་ཀྱི་ལམ་སྲོལ་བཏོད་པ་ཡིན་ན། དེ་ནས་སྤུས་ཀ་དང་གྲངས་ཀ་གཉིས་ཀ་ཚད་ཐུབ་ཆགས་པའི་ལམ་བུ་ཞིག་མཐོང་ཐུབ། དེ་ལྟ་མ་ཡིན་པར། བླ་ཆེན་ཚོས་མིང་འདོགས་བྱེད་སྲོལ་དེ་ག་རང་སོར་བཞག་པས་ནི། ལུང་པ་རེ་ལ་བླ་ཆེན་དཔོན་ཆེན་རེའི་སྲོལ་སྔོན་ནས་ཡོད་སྟབས། རྒྱ་ནག་གི་ཆབ་སྲིད་གཡོ་བྱུས་ལ་དུས་ལ་བབ་པའི་ལན་འདེབས་རྣམ་འགྱུར་ཙམ་ལ་ཕན་གྱི་ཡོད་ན་ལས། བླ་རྫུན་སྤྲུལ་རྫུན་བཀག་འགོག་གཙང་བཟོ་ལ་ནི་ཕན་རེ་ཤིན་ཏུ་ནས་ཆུང༌།
    ད་ལྟ་ཡང་སྲིད་སྐོར་གླེང་རྒྱུ་འདི། བླ་རྫུན་སྤྲུལ་རྫུན་གྱི་ཁ་དར་ནས་ཡོད་པ་འདི་ཚར་གཅོད་པར་དགོངས་ཀྱི་ཡོད་ན་ནི། བླ་སྤྲུལ་ཆེ་ཕྲ་ཀུན་ནས་གཤེགས་ཁ་མ་སོགས་གནས་དུས་གང་འཚམ་ཞིག་ཏུ་ཞལ་ཆེམས་ཡི་གེ་རེ་རྒྱས་བཏབས་ནས་གནངས་སྐྱོང་ཡོང་བ་ཞེས། ད་ལྟ་ཞལ་བཞུགས་པའི་བླ་སྤྲུལ་ཚོར་གསོལ་བ་འདེབས་པ་འདི་ག་རང་གནད་དུ་འགྲོ་བ་འདུག་སྙམ།
    དེ་མིན། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་སོགས་ལ་ཞིབ་ཀྱིས་མཇལ་གནོངས་དང༌། བླ་ཆེན་ཚོས་སྤྲུལ་སྐུའི་ལམ་སྲོལ་འདི་རང་གི་གཉེན་ཉེ་ཚན་གྱི་ནང་དུ་ཁ་བསྐོར་ལྟ་བུས་ནང་ཟིང་མང་པོ་བྱུང་བའི་རབས་ཀྱང་ང་ཚོས་མཐོང་དུ་ཡོད་པ་ཡིན།

    Reply
  16. Nagpo says:
    ལོ་ 16 སྔོན།

    ངས་བལྟས་ན་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ་རྩ་མེད་བཟོ་དགོས་པ་ཞིག་ཏུ་མཐོང་གི་མི་འདུག གཙོ་བོ་སྤྲུལ་སྐུའི་སྤུས་ཚད་ཇེ་ལགས་སུ་གཏོང་རྒྱུ་ཤིན་ཏུ་གལ་ཆེ། དཔེར་ན་བླ་ཆེན་རེར་སྤྲུལ་སྐུ་གཉིས་གསུམ་བྱུང་སྟེ། སྤྱི་ཚོགས་ཁྲོད་རྙོག་འཛིང་བཟོ་གི་ཡོད་པ་དེ་དང་། དགོན་སྡེ་འགའ་རེ་སྒོར་གྱིས་མྱོས་ཏེ་སྒོར་མོ་དང་སྦྱིན་བདག་མང་པོ་ཡོད་མཁན་ཚོར་དཔྱད་པ་མེད་པར་འཕྲལ་དུ་སྤྲུལ་སྐུའི་ཆོ་ལོ་སྤྲོད་ཀྱིན་ཡོད་པ་འདི་ངེས་པར་རྩ་མེད་གཏོང་ཐུབ་ན་དགེ་མཚན་ཆེ།
    དེ་བས་ཀྱང་སླར་མི་སྐྱེས་བའི་ཆོས་ཅན་གྱི་ངོ་བོར་རྒྱས་འདེབས་དགོས་པའི་དོན་གནད་གཅིག་ནི། སྐྱེ་བ་སྔ་ཕྱིའི་བརྒྱུད་རིམ་ཙམ་མ་ཡིན་པར། ཁྱིམ་རྒྱུད་དམ་གཅིན་གྱི་རྫས་རྒྱུན་དེད་དེ་བླ་ཆེན་གྱི་གོ་གནས་འཛིན་གྱིན་ཡོད་པ་དེ་དག་ངེས་པར་དུ་རྩ་བ་ཡན་ལག་དང་བཅས་པ་རྩ་མེད་བཟོ་དགོས། དཔེར་ན་ས་སྐྱ་གོང་མ་ཚང་གི་མི་རབས་ཁྱིམ་རྒྱུད་ལྟ་བུ་རེད། ས་སྐྱ་གོང་མ་ཕ་བུ་རྣམས་ལ་མཚོན་ན། ཁ་ཆང་དྲི་ཐུལ་ལེ། ལག་སྡུག་དྲི་ཐུལ་ལེ། འདོམས་གསེབ་དྲི་ཐུ་ལེ། དགེ་འདུན་པའི་གྲལ་མགོ་དང་། མི་མང་གི་སྐྱབས་མགོན། ལྷ་མིའི་མཆོད་སྡོང་དམ་པ་༧གོང་ས་ཡིད་བཞིན་ནོར་བུ་དང་ལྷན་དུ་སྡོད་ཀྱིན་ཡོད་པ་འདི། ཆོས་དང་འཇིག་རྟེན་གཉིས་ཀྱི་ཐད་ནས་མི་འོས་པ་དང་མ་འགྲིག་པ་ཞིག་རེད། ད་དུང་གཅིན་གྱི་རྫས་རྒྱུན་དེད་པའི་ས་སྐྱ་ཕ་བུ་རྣམས་མ་ཟད། དེ་དག་གི་གཅིན་དང་འབྲེལ་འདྲིས་སུ་གྱུར་བའི་བུད་མེད་སྐོར་ཞིག་ཀྱང་རང་དབང་མེད་པར་དགེ་འདུན་པའི་སྡེས་ཞབས་ཞུ་སྒྲུབ་ཡུལ་དུ་གྱུར་ཡོད་པ་འདི་ཤིན་ཏུ་མི་ལེགས་པས། རྩ་མེད་གཏོང་དགོས་ན་དང་པོ་ས་སྐྱ་ཕ་བུ་རྣམས་ནས་མགོ་བཙུགས་ཏེ། རིམ་གྱིས་བོད་མིའི་སྤྱི་ཚོགས་ཐོག་གི་དཀའ་རྙོག་དེ་དག་ཐེར་བྱེད་དགོས་པ་མང་པོ་ཞིག་ཡོད་པ་ཤེས་དགོས།
    རྒྱུ་མཚན་གང་ཡིན་སྙམ་ན། ཆོས་ཕྱོགས་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས། ངའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ་ཞེས་གསུངས་ཡོད་པ་ལས། རིགས་རུས་དང་གཅིན་རྒྱུད་གཙོ་བོ་ཡིན་པ་གང་དུ་ཡང་གསུངས་མེད། དེ་བཞིན་འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་ཡང་། ཁྱིམ་རྒྱུད་དང་གཅིན་རྒྱུད་དེད་དེ་བླ་ཆེན་དང་མི་ཆེན་གྱི་གོ་ས་འཛིན་པ་ནི། རང་དབང་དམངས་གཙོའི་ལུགས་སྲོལ་དང་ཡོངས་སུ་འགལ་བ་མ་ཟད། བྲན་གཡོག་ལམ་ལུགས་དང་། སྐུ་དྲག་རིང་ལུགས་ཀྱི་ལུགས་སྲོལ་དེ་ཡན་མེད་པ་ཡིན་པས། གལ་ཏེ་ང་ཚོས་དམངས་གཙོའི་ལམ་ལུགས་ཡང་དག་པ་ཞིག་དང་། ཁྲིམས་ཀྱིས་དབང་བསྒྱུར་ལ་འབད་བརྩོན་བྱེད་འདོད་ཡོད་ན། སྲོལ་ངན་འདིའི་རྩ་བ་ཡན་ལག་དང་བཅས་པ་རྩ་མེད་བཟོ་དགོས།

    Reply
  17. ཁ་བ། says:
    ལོ་ 16 སྔོན།

    ནོར་བ། བླ་དང་།
    བཅོས་བ། བླ་མ་དང་།

    Reply
  18. ཁ་བ། says:
    ལོ་ 16 སྔོན།

    ང་ཚོས་སྤྲུལ་སྐུ་དང་སྤྲུལ་བརྫུས་བླ་དང་བླ་བརྫུས་ཁྱད་པར་འབྱེད་དགོས་ཀྱི་འདུག། མ་ཟད་སྐུལ་སུ་ཞིག་བརྒྱུད་ཀྱི་དམ་ཚིག་མཉམ་ཚེ་དུས་དེ་ནས་བཟུང་སྐུལ་སྤྲུལ་མཚན་གནས་ནས་གནག་བསུབ་གཏང་དགོས། ཡང་གཅིག་བཤད་ན། རྗེ་རིན་པོ་ཆེས་ང་ཚོ་ལ་ལམ་ཁ་ཞིག་བསྟན་ཡོད་པ་ང་ཚོས་བརྗེད་ནས་ཡུན་རིང་སོང་ཡོད་པ་འདྲ། ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་གསེར་ཁྲི་སྟོང་པ་རེད་ཅེས་བཤད་སྲོལ་འདི་དྲན་ཨེ་མྱོང་། དེང་ཕྱིན་སྤྲུལ་སྐུ་དང་བླ་མ་སུ་ཡིན་མིན་ང་ཚོས་ངོས་འཛིན་བྱ་མི་དགོས་བར་ཁོང་ཚོ་ལ་ཁ་གྲག་ཏུ་བཅུག་ན་ཡག་ཤོས་མ་རེད་དམ།

    Reply
  19. ཁ་བ། says:
    ལོ་ 16 སྔོན།

    ང་ཚོས་སྤྲུལ་སྐུ་དང་སྤྲུལ་བརྫུས་བླ་དང་བླ་བརྫུས་ཁྱད་པར་འབྱེད་དགོས་ཀྱི་འདུག། མ་ཟད་སྐུལ་སུ་ཞིག་བརྒྱུད་ཀྱི་དམ་ཚིག་མཉམ་ཚེ་དུས་དེ་ནས་བཟུང་སྐུལ་སྤྲུལ་མཚན་གནས་ནས་གནག་བསུབ་གཏང་དགོས། ཡང་གཅིག་བཤད་ན། རྗེ་རིན་པོ་ཆེས་ང་ཚོ་ལ་ལམ་ཁ་ཞིག་བསྟན་ཡོད་པ་ང་ཚོས་བརྗེད་ནས་ཡུན་རིང་སོང་ཡོད་པ་འདྲ། ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་གསེར་ཁྲི་སྟོང་པ་རེད་ཅེས་བཤད་སྲོལ་འདི་དྲན་ཨེ་མྱོང་། དེང་ཕྱིན་སྤྲུལ་སྐུ་དང་བླ་མ་སུ་ཡིན་མིན་ང་ཚོས་ངོས་འཛིན་བྱ་མི་དགོས་བར་ཁོང་ཚོ་ལ་ཁ་གྲག་ཏུ་བཅུག་ན་ཡག་ཤོས་མ་རེད་དམ།

    Reply
  20. གངས་ཕྲུག says:
    ལོ་ 16 སྔོན།

    བསམ་འཆར་འདོན་སྐབས་ཚོཊ་པར་དབྱུང་དུ་མི་རུང་བའི་འབྲེལ་མེད་ཚིག་སྐམ་”བླ་རྒན་**སྐམ་”ཟེར་བ་འདི་འདྲ་གསུང་མི་དགོས་པ་སྐུ་མཁྱེན་གསུང་མཁྱེན་ཞེས་ཞུ། དུས་བབ་ནས་ཀྱང་འདི་འདྲའི་རིགས་ལ་སྟངས་འཛིན་རེ་གནང་ཐུབ་ན་ཡག་པོ་འདུག །

    Reply
  21. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སྤྲུལ་སྐུ་མང་བོ་བྱུང་མི་བྱུང་དེ་ནི་མི་མང་གི་འདོད་བློ་ཞིག་དང་བསྟུན་ནས་བྱུང་གི་ཡོད་པ་ཡིན་དུས། དོན་མེད་དུ་ཀུ་ཅོ་བྱང་བརྒྱལ་དུ་སྨྲ་བའི་གང་ཡང་མི་ཕན་པར་འདོད། དེ་ལས་རྗེས་ཕྱོགས་སྤྲུལ་སྐུ་ཕར་ཞོག་གྲ་བ་ཡང་བོད་པའི་སྤྱི་ཚོགས་ཁྲོད་དུ་དགོས་མི་དགོས་པའི་སྐད་ཆ་ཡང་བྱུང་སྲིད་པ་རེད། གང་ཡིན་ཟེར་ན་དེང་རབས་ལུགས་སྲོལ་ཟེར་ནས་དགའ་དགའ་བྱེད་མཁན་གྱི་བོད་མིའི་གྲངས་ཀ་ནི་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ལས་རྟོགས་ཐུབ། བྲེལ་བ་གནང་དགོས་ཀྱི་མི་འདུག ད་ནི་ག་ལེར་བྱ་བ་དེ་དག་ལག་ལེན་དངོས་ཀྱི་ར་སྤྲོད་བྱེད་མཁན་གྱི་མི་མང་འཚར་ལོངས་བྱུང་ནས་ཡོང་ངེས་རེད།

    Reply
  22. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    སྐུ་ཞབས་ཁ་བ་དཀར་རོ་འདིའི་འཐད་ལ་ཁོང་ཁྲོ་ཟ་ཡོད་པ་འདྲ།་་ཡིན་ན་ཡང་འདིའི་འཐད་ནས་ཁུ་སུམ་མར་མ་བསྡད་པར་འགན་བླངས་ནས་བཤད་པ་ཡག་པོ་རེད།་་གཞུང་ཞབས་ཤིག་ལ་ཚིག་བེད་སྤྱོདགཏོང་སྟངས་དེ་འདྲ་མ་རེད་བསམ།སྤྲུལ་སྐུ་ངོས་འཛིན་འདིའི་འཐད་ལ་མི་དམངས་ནས་ཀྱང་ཁ་གྲགས་དགོས་རྒྱུ་གལ་ཆེན་པོ་རེད།

    Reply
  23. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཆོས་ཚོགས་ཐེངས་བཅུ་བའི་སྟེང་ཟམ་གདོང་རིན་པོ་ཆེས་མཆོག་གིས་གསུངས་དོན། ༼ ང་རང་སྒེར་ལྟ་བུར་ཆ་བཞག་ན། སྟབས་ཡག་རུང་སྡུག་རུང་སྤྲུལ་སྐུའི་མིང་ཞིག་ཡོད། འོན་ཀྱང༌། ངས་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་དེ་ཡང་དག་པ་ཞིག་དང་ཡག་པོ་ཞིག་ཡིན་པ་ཚོར་གྱིན་མེད། གང་ཡིན་ཟེར་ན། ང་གང་གི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེའི་བརྒྱུད་གཅིག་པའི་ཡང་སྲིད་མིན་པ་ངས་གསལ་བོ་ཤེས་བསྡད་ཡོད། དེ་ལྟར་བརྒྱུད་གཅིག་པ་མིན་པའི་ཡང་སྲིད་ང་དང་ང་འདྲ་བ་གཞན་མང་པོ་ཡོང་གིན་ཡོད་སྟབས། ཡང་སྲིད་ངོས་འཛིན་དེ་རྩ་ཆེན་པོ་ཞིག་དང་རྒྱུན་འཛིན་བྱ་དགོས་པ་ཞིག་ལ་མཐོང་གིན་མེད། འོན་ཀྱང༌། བོད་བརྒྱུད་ནང་བསྟན་ནང༌། དེ་རིང་གི་བླ་ཆེན་རྣམ་པ་ཚོས་མཚོན་པའི་བླ་སྤྲུལ་མང་པོ་ཡང་སྲིད་ངོས་འཛིན་ཐོག་ནས་འགྲོ་བསྡད་ཡོད། དེར་བརྟེན། ཡང་སྲིད་ངོན་འཛིན་གྱི་ལམ་སྲོལ་དེ་གཙང་མ་ཞིག་མ་ཡོང་བར་དུ་བདག་པོ་མི་རྒྱག་ཐབས་མེད་ཆགས་ཡོད། རྦད་དེ་ཉུང་དུ་གཏོང་ཐུབ་ན་ཡག་པོ་ཡིན་མོད། ལམ་སྲོལ་དེ་མེད་པ་བཟོ་ཐབས་མེད་པ་ཞིག་ཆགས་ཡོད། རང་དབང་ལུང་པར་ཡོད་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པས་ལམ་སྟོན་གསལ་བོ་ཞིག་བྱུང་ན། ཕན་ཐོག་ཆེན་པོ་ཡོང་ས་རེད།

    ༽

    Reply
  24. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    མཐའ་དོན་གོང་གི་རྩོམ་ཡིག་དེ་འབྲི་དོན་ནི་སྤྲུལ་སྐུ་དངོས་མར་གྲགས་པ་དང་རྫུན་མར་གྲགས་པ་གཉིས་ཀས་ཞབས་འདྲེན་ཞུ་བ་དེ་དེང་གི་སྤྱི་ཚོགས་སྟེང་མང་ཉུང་མེད་པར་གཅིག་མཚུངས་ཡིན་པས། རབ་ཡིན་ན་སྤྲུལ་སྐུའི་ལམ་དང་ལུགས་སྲོལ་འདི་མི་དགོས་པ་བྱེད་རྒྱུ་དང་། དེ་མིན་ན་དགེ་བཤེས་ལྷ་རམས་པ་དག་ལ་མ་གཏོགས་སྤྲུལ་སྐུའི་མིང་གཏགས་མི་ཆོག་པ་ཞིག་བཟོས་ན། བྱིས་པ་ཞིག་གི་མི་ཚེ་དེ་སྤྲུལ་སྐུའི་མིང་ཞིག་བཏགས་ནས་མུན་ནག་གི་ནང་དུ་འཁྲིད་མི་དགོས་པ་དང་། ཕྱོགས་གཅིག་ནས་སྤྲུལ་སྐུའི་མིང་བཏགས་པའི་མི་དེ་ལ་ཆོས་ལུགས་ཀྱི་ཡོན་ཚད་ངེས་ཅན་ཞིག་ཡོད་པས་རབ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་དང་དེ་མིན་རང་ཉིད་གཅིག་པོའི་ཉམས་ལེན་དེ་ཡང་ཚད་ལྡན་ཞིག་ཡོང་རྒྱུ་རེད། དེ་མིན་བླ་མ་ཆེན་པོའི་རིགས་ཀྱིས་སྤྲུལ་སྐུ་ངོས་འཛིན་གྱི་སྲིད་དབང་སྒེར་གཅོད་བྱས་ན་ཀརྨ་པའི་ཡང་སྲིད་གཉིས་ལྟ་བུ་ཡོང་གི་རེད། མ་རེད་དམ། སི་ཏུས་ང་རང་ཀམ་ཚང་གི་བླ་མ་ཆེན་པོ་ཞིག་ཡིན་བརྗོད་ནས་ཀརྨ་པ་ཞིག་བཙལ། ཞྭ་དམར་པས་ང་བཀའ་བརྒྱུད་པའི་བླ་མ་ཆེ་ཤོས་ཤིག་ཡིན་ལབ་ནས་ཀརྨ་པ་ཞིག་བཙལ། བླ་མ་ཆེན་པོ་གཉིས་ཀྱིས་ཀརྨ་པའི་ཡང་སྲིད་གཉིས་བཙལ། དེ་བཞིན་བདུད་འཇོམས་རིན་པོ་ཆེར་བླ་མ་ཆེན་པོ་གསུམ་གྱིས་ཡང་སྲིད་གསུམ་བཙལ་འདུག དེའི་ཕྱིར་བླ་མ་ཆེན་པོར་ཡང་སྲིད་ངོས་འཛིན་གྱི་ཐོབ་ཐང་སྤྲད་པ་དེ་ནི་ཡང་སྲིད་ལམ་ལུགས་དེ་ཡང་དག་པ་ཞིག་ཏུ་འགྲོ་རྒྱུའི་ཚབ་ཏུ་གནོད་པ་ཆེ་བ་ཞིག་ཏུ་འགྲོ་ཉེན་འདུག་པས། རབ་དམངས་གཙོའི་ལམ་དང་དེ་མིན་གྲྭ་པ་ཆོས་ལུགས་ཀྱི་ཤེས་ཡོན་གང་འཚམ་ཡོད་པ་རྡོ་རམས་པ་དང་ལྷ་རམས། ཡང་ན་བཀའ་བཅུ་དང་སློབ་དཔོན་ཐོན་པ་རེར་སྤྲད་ན་ལེགས་ཤོས་དེ་རེད། ཡང་སྲིད་ཀྱི་མིང་ཐོགས་ཚད་བླ་མ་དེའི་སྐྱེ་བ་རྗེས་མ་དེ་ག་རང་མིན་པ་ཡོངས་གྲགས་ཡིན་པས། སྐྱེ་བ་རྗེས་མ་དེ་རང་མིན་ཕྱིན་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་ལ་བླ་མའི་མིང་དེ་སྤྲད་ན་འཚམ་ཤོས་རེད། དེ་མིན་བྱིས་པ་སྣབས་ལུག་ཅི་ཡང་མི་ཤེས་པ་ཞིག་ཁྲི་མཐོན་པོ་ཞིག་གི་སྟེང་དུ་བཞག དེ་ལ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་དག་གིས་ཕྱག་འཚལ། དེ་ལ་ཞབས་ཞུ་དང་ཕྱག་མཛོད་ཀྱི་མིང་བཏགས་པའི་གཡོག་པོ་འགའ་བཞག་སྟེ་དེ་ཚོའི་མི་ཚེ་དང་ཡང་བྱིས་པ་ཞིག་གི་གཡོག་ལས་ལ་ཟད། བྱིས་པ་དེ་ཆེ་རུ་ཆགས་དུས་འོ་ད་ང་གྲྭ་པ་བྱེད་ཀྱི་མིན་ཟེར་ནས་ལོ་དེ་སྙེད་ཅིག་ལ་རང་གཞན་གཉིས་ཀས་འབད་བརྩོན་བྱས་པའི་བྱ་བ་ཐམས་ཅད་ཆུ་ནང་དུ་དབྱུགས། ལོ་འགའི་རྗེས་ནས་དགོན་འདབས་དེར་ཤི་གསོན་གྱི་དཀོར་རྫས་བསགས་ནས་ཡང་སྐྱར་བླ་མའི་གཟིམ་ཁང་ཟེར་བའི་ཁང་བ་ཞིག་བརྒྱབ། དེའི་ནང་དུ་བླ་ལོག་དེའི་བཟའ་ཉོག་གིས་བཀང་། བླ་མ་རང་ཉིད་དང་དེའི་བཟའ་ཚང་ཐམས་ཅད་ཤི་གསོན་གྱི་དཀོར་ཟས་མ་འཇུ་བར་ཚེ་དེ་ལ་ཡང་སྡུག་བསྔལ་གྱི་དོང་དུ་ཟགས། ཚེ་ཕྱི་མར་དམྱལ་བའི་གཏིང་རྡོར་འགྱུར་དགོས་པ་ཞིག་ཡོང་གིན་འདུག་པས། ལོ་ཉི་ཤུ་སུམ་ཅུའི་རྗེས་སུ་གཞི་ནས་བླ་མའི་བྱ་བ་བྱེད་དང་མི་བྱེད་ཀྱི་ངེས་པ་ད་དུང་མེད་པའི་བྱིས་པ་དམར་འབྱར་ཞིག་ལ་བླ་མའི་མིང་འདོགས་པ་ལས་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་རེར་བླ་མའི་མཚན་རེ་བཏགས་ཏེ་བསྟན་ལ་ཕྱག་རྗེས་འཇོག་པའི་ལམ་ཁ་ཇེ་ཡངས་སུ་བཏང་ན་ཅི་མ་རུང་སྙམ་ཡང་། ཟམ་སྟོང་གི་སྲིད་གཞུང་འདིའིཀླད་པའི་ནང་དུ་དེ་ཙམ་ཞིག་ཀྱང་ཤོང་གི་མ་རེད་དོ།།

    Reply
  25. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    བོད་རྒྱ་གཉིས་མཉམ་འབྲེལ་གྱི་གྲོས་ཆོད་ནག་པོ་དང་ཟམ་སྟོང་བླ་མའི་གཡོ་བྱུས།

    ངས་བོད་རྒྱ་གཉིས་མཉམ་འབྲེལ་གྱི་གྲོས་ཆོད་ནག་པོ་དང་ཟམ་སྟོང་བླ་མའི་གཡོ་བྱུས་འདི་མཐོང་རྗེས། དེང་སྐབས་བོད་པའི་སྤྱི་ཚོགས་ཁྲོད་དུ་རྒྱུགས་ཆེ་བའི་བཤད་སྲོལ་ཞིག་སྟེ།
    བླ་མ་ལོག་ན་མཛད་པ་རེད།
    མཁན་པོ་ལོག་ན་བར་ཆད་རེད།
    གྲྭ་རྐྱང་ལོག་ན་ལྟས་ངན་རེད།
    ཅེས་པ་འདི་དྲན་སོང་།
    བོད་ཀྱི་བླ་མའི་ལུགས་སྲོལ་འདི་དགོས་ན་ཆེ་ས་ཆུང་ས་གང་ས་ནས་དགོས་རྒྱུ་བྱེད། མི་དགོས་ན་གོང་ས་ཏྰ་ལའི་བླ་མ་དང་ཀརྨ་པ་སོགས་ཀྱིས་དགོངས་པ་ཞུ་རྐྱང་གནང་ན་ལེགས། དེ་བཞིན་བླ་མའི་བུ་ཕྲུག་ཚང་མ་སྤྲུལ་སྐུ་དང་རིན་པོ་ཆེར་ངོས་འཛིན་བྱེད་པའི་རྙིང་མ་དང་ས་སྐྱའི་ལུགས་སྲོལ་འདི་ཡང་མཚམས་འཇོག་བྱོས་དང་། དེ་ནས་ཅིག་བལྟ་ཡ། ཆོས་བརྒྱུད་དེའི་བླ་མ་ཆེ་ཤོས་ཀྱིས་ངོས་འཛིན་གྱིས་འཐུས་ན་ས་སྐྱའི་གོང་མ་ཚོས་རང་རང་གི་བུ་ཕྲུག་ཚང་མ་རིན་པོ་ཆེ་ཡིན་ཟེར་ན་ད་དུང་མགོ་བསྒུར་ནས་བརྐྱངས་ཕྱག་འཚལ་དགོས་པ་རེད་དམ། རྙིང་མ་དང་ས་སྐྱའི་བླ་མའམ་རིན་པོ་ཆེ་ཟེར་བའི་མང་ཆེ་བ་ཁ་ཆེན་དབང་ཆེན་ངོ་ཆེན་བླ་ཆེན་གྱི་བུ་ཕྲུག་དག་དག་རེད། བོད་གཞུང་གིས་སྒྲུབ་དགོས་པའི་བོད་དོན་དེ་ཚགས་ཚུད་པོ་ཞིག་མི་སྒྲུབ་པར་སྒྲུབ་མི་དགོས་པའི་ལས་ཀར་ཐེ་གཏོགས་བྱས་པའི་ད་ཐེངས་ཀྱི་བླ་མའི་ཚོགས་འདུ་དེའི་ཐོག་གི་གྲོས་ཆོད་ཡིན་ནམ་དེ་ལ་ངོས་ལེན་རྩ་ནས་མེད། རབ་ཡིན་ན་བོད་གཞུང་གིས་རིན་པོ་ཆེ་ཟེར་ཚད་ཀྱི་མིང་ཐོབ་བླངས་ན་ལེགས། འདི་ལ་འདོར་ལེན་བྱེད་རྒྱུ་ཅི་ཡང་ཡོད་པ་མ་རེད། རྒྱལ་བ་དགེ་འདུན་གྲུབ་དང་ཀརྨ་པ་སྐུ་ཕྲེང་གཉིས་པ་ལྟ་བུ་མ་གཏོགས་བླ་མ་སྤྲུལ་སྐུ་ངོས་འཛིན་ཆེ་ས་ཆུང་ས་གང་ནས་བྱས་ཀྱང་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་རེད། རྒྱ་གཞུང་གི་བྱེད་སྟངས་དང་བོད་གཞུང་གི་བྱེད་སྟངས་གཉིས་འདི་ཐད་ནས་གཅིག་པ་གཅིག་རྐྱང་རེད། ཁྱད་པར་ཅི་ཡང་མི་འདུག བོད་རིགས་མི་དམངས་ལ་སྤྲུལ་སྐུའམ་རིན་པོ་ཆེ་ཟེར་བའི་ལམ་དང་ལུགས་སྲོལ་འདི་དགོས་ན་དགོས་རྐྱང་དང་མི་དགོས་པ་ན་ཉི་མ་གཅིག་ལ་མཚམས་འཇོག་བྱས་ན་ལེགས། དེ་མ་གཏོགས་དེ་ལ་འདི་འདྲ་དེ་འདྲའི་ཨི་ཁུང་མང་ན་ཁ་ཆེན་དབང་ཆེན་ཚང་མ་དེའི་ནང་ནས་གཤར་རྐྱང་རེད་ལ་གཉོམ་ཆུང་ཚོ་དེ་ནས་ནམ་ཡང་ཐར་གྱི་མ་རེད།ལྷག་པར་དུ་དམངས་གཙོའི་ལམ་སྲོལ་ལྟར་བྱས་ན་ཀརྨ་པའི་ཡང་སྲིད་ལྟ་བུར་མང་མོས་ཀྱི་འོས་ཤོག་བླུགས་ཏེ་སི་ཏུ་དང་ཞྭ་དམར་སུའི་ཕྱོགས་ལ་མང་ན་དེ་ལ་ངོས་ལེན་དང་ཉུང་ཤོས་ཅན་དེ་ཉི་མ་དེ་རང་ནས་གྲགས་འགུལ་མེད་པ་ཞིག་བཟོ་དགོས་པ་རེད་དེ་བོད་གཞུང་དམངས་གཉིས་ཀའི་ངོས་ནས་དེ་ལྟར་བྱེད་ཐུབ་མ་སོང་ང་། ཆོས་བརྒྱུད་ཀྱི་བླ་ཆེན་གྱིས་ངོས་འཛིན་ཟེར་བ་དེ་ནི་ངོ་མ་ཁ་གཡར་ས་ཞིག་སྟེ། ཆོས་བརྒྱུད་དེའི་བླ་ཆེན་དུ་བགྲངས་ཚད་ལ་སྐྱེ་བ་སྔ་ཕྱི་ཤེས་པའི་མངོན་ཤེས་ཡོད་དམ་མེད། ཡོད་ན་ཡོད་པའི་སྒྲུབ་བྱེད་ཅི། སྒྲུབ་བྱེད་ཅི་ཡང་ཡོད་པ་མ་རེད། ཆོས་བརྒྱུད་ཀྱི་བླ་ཆེན་ཡིན་ཟེར་མཁན་གང་མང་གིས་ངོས་འཛིན་བྱས་པའི་སྤྲུལ་སྐུ་ཅི་ཙམ་ཞིག་གིས་གྲྭ་པ་ལོག་པ་མིན་ན་ལྟ་བ་ལོག་ནས་བསྟན་པའི་ཞབས་འདྲེན་ཅི་ཙམ་ཞིག་ཞུ་གིན་འདུག གངས་ཅན་བླ་མ་ཟེར་བ་དང་གསེར་ཀོང་ཁྲི་སྤྲུལ་ཟེར་བ། བྲག་སྒོམ་སྤྲུལ་སྐུ། ཕ་བོང་ཁ་པ་དང་དགོན་གསར་སྤྲུལ་སྐུ་ཟེར་བ་སོགས་དོལ་རྒྱལ་བ་དེ་ཚོ་ཡང་ཆོས་བརྒྱུད་ཀྱི་བླ་མ་ཆེན་པོ་ཡིན་ཟེར་མཁན་ཁྲི་བྱང་སྤྲུལ་སྐུ་སོགས་ཀྱིས་ངོས་འཛིན་བྱས་ཡོད་པ་རྐྱང་དུ་འདུག དེ་ལས་ཅུང་དྲག་པའི་གྲས་ཨ་མདོའི་དགེ་ལུགས་པའི་ཨ་རོལ་ཚང་དང་ཞྭ་དམར་ཚང་། ཧོར་གཙང་གསེར་ཁྲི་ཚང་སོགས་གོང་ས་མཆོག་སྤྱན་རས་གཟིགས་གསོན་པོ་གང་དང་ཨ་མདོ་འཇམ་དབྱངས་བཞད་པ་འཇམ་པའི་དབྱངས་གསོན་པོར་གྲགས་པ་དག་གིས་ངོས་འཛིན་གནང་བ་རེད་དེ་ལོ་རེ་འགའི་རྗེས་ནས་ལུང་དང་རྟོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཕར་ཞོགས་རང་རྒྱུད་ཀྱི་གྲྭ་པའི་སྡོམ་པ་ཙམ་གྱི་མགོ་ཡང་མ་ཐོན་པར་རང་མཚང་ཕྱི་རོལ་ཏུ་མངོན་སོང་བ་རེད།
    དེའི་ཕྱིར་ཆོས་བརྒྱུད་དེའི་བླ་མ་ཆེ་ཆུང་གང་གིས་ངོས་འཛིན་ནམ་ངོས་ལེན་ཇི་འདྲ་ཞིག་བྱས་ཀྱང་མི་དེ་སྐྱེ་བ་སྔ་མ་དེའི་རྣམ་ཤེས་ངོ་མ་དེ་མ་ཡིན་ཕྱིན་སྔ་ཕྱི་མེད་པར་ཞབས་འདྲེན་ཞུ་རྒྱུ་དང་པོ་རང་ནས་ཐག་ཆོད་པས། རྡ་སའི་ཆོས་བརྒྱུད་ཀྱི་གྲོས་ཆོད་རྒྱ་མིའི་རིགས་པ་ལ་རྐུན་མ་བརྒྱབ་ནས་བཞག་པ་འདི་ནི་བྱིས་པའི་རྩེད་མོ་རང་རེད་དོ།། དེ་བཞིན་ཐེངས་འདིར་སྐུ་ངོ་ཟམ་གདོང་ལགས་ནས་རང་ཉིད་བླ་མའི་སྤྲུལ་སྐུ་ཞིག་མིན་པ་ཤེས་ཡོད་ཟེར་བས། དེ་འདྲ་ཞིག་ཡིན་ན་ཉི་མ་དེ་རང་ནས་རང་སྟེང་གི་བླ་མའི་མིང་དེ་ཕྱིར་འཐེན་བྱེད་མི་ཐུབ་པའི་རྒྱུ་མཚན་ཞིག་ཨེ་ཡོད། བོད་གཞུང་གིས་བླ་མ་ཆེ་ཁག་གིས་མ་གཏོགས་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་ཟེར་བ་འདི་ནི་ངོ་མ་བཙན་རྒྱལ་རིང་ལུགས་དང་དབང་ཆ་གཅིག་སྡུད་རིང་ལུགས་པའི་བྱེད་སྟངས་རང་རེད་དེ། དབང་ཆ་དེ་བླ་ཆེན་དུ་བགྲང་བ་གཅིག་བུ་དག་གིས་མ་གཏོགས་བེད་སྤྱོད་གཏོང་མི་ཆོག་པའི་ཕྱིར་རོ། །གལ་སྲིད་བླ་ཆེན་རེ་རེ་བཞིན་སྐྱེ་བ་སྔ་ཕྱི་ཤེས་པའི་མངོན་ཤེས་ཡོད་མེད་ཀྱི་དྲི་བ་ཞིག་བྱས་ན་མང་ཤོས་ཀྱིས་སྐྱེ་བ་སྔ་ཕྱི་མི་ཤེས་ཟེར་རྒྱུ་ཡིན་ཐག་ཆོད་དེ། གོང་ས་མཆོག་གིས་ནམ་རྒྱུན་ཤི་རྗེས་གང་དུ་འགྲོ་མིན་མི་ཤེས་ཏེ་ཞེས་ལན་མང་གསུངས་ཟིན་པའི་ཕྱིར། བོད་ཀྱི་བླ་ཆེན་མངོན་ཤེས་མེད་པ་དང་རྒྱ་ནག་གི་ལས་བྱེད་མངོན་ཤེས་མེད་པ་གཉིས་ཀྱིས་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་སྟངས་དེ་ལ་དོན་དམ་པར་ཁྱད་པར་ཅི་ཡང་མེད་དོ།། དེའི་ཕྱིར་ཡང་སྲིད་ངོས་འཛིན་གྱི་དབང་ཆ་དེ་བླ་ཆེན་དུ་གྲགས་པ་གཅིག་པོ་མ་ཡིན་པར་བླ་མ་དང་དགེ་བཤེས་ནང་ཆོས་ཀྱི་གོ་རྟོགས་གང་འཚམ་རེ་ཡོད་པ་ཚོས་ཐག་གཅོད་བྱེད་ཆོག་ཞིག་དགོས་པ་ལས། སྲིད་དབང་སྒེར་འཛིན་གྱི་ལམ་དབང་ལུགས་སྲོལ་དེང་སང་རྒྱ་ནག་ཏུ་ཡང་རེ་ཞིག་ནུབ་འགྲོ་བའི་ངང་ཚུལ་ཅན་འདི་ད་དུང་བོད་གཞུང་གིས་བླ་ཆེན་དུ་གྲགས་པ་ཚོར་འདོད་རྒུར་བེད་སྤྱོད་བྱེད་དུ་མ་འཇུག་རོགས། བོད་གཞུང་གིས་ཐེངས་འདིར་བོད་དཀར་མཛེས་ཕྱོགས་ཀྱི་ཞིང་པ་ཚོའི་རྒྱ་རྒོལ་ཞིང་སྐྱུར་གྱི་ལས་འགུལ་རླབས་པོ་ཆེ་དེ་ལ་ཡང་རྒྱ་ནག་གཞུང་དང་ངན་པ་ལག་སྦྲེལ་གྱིས་མཚམས་འཇོག་བྱེད་དུ་འཇུག་རྩིས་འདུག་པས། ད་ངོ་མ་བོད་ཕྱི་ནང་གི་བོད་མི་འདི་ཚོས་ལས་ངན་པ་ཅི་ཞིག་བསགས་པ་ཡིན་ནམ། ཟམ་གདོང་འདི་བཀའ་ཁྲི་ལ་བསྡད་རྗེས་ནས་བཟུང་སྟེ་བོད་ཀྱི་རྩ་དོན་དགྲ་བོར་ངོ་རྒོལ་བྱས་ན་ཡང་མི་འགྲིག་པ་ལུང་བ་གང་། བོད་ཀྱི་སྲོལ་རྒྱུན་བླ་མའི་སྤྲུལ་སྐུ་ངོས་འཛིན་བྱས་ན་ཡང་མི་འགྲིག་ལུང་པ་གང་བཤད་ཀིན་འདུག་པས། བླ་རྒན་མཇེ་སྐམ་པ་དེས་དོན་ངོ་མར་ཅི་ཞིག་བྱེད་རྩིས་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese