མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅིངས་འགྲོལ་དང་བཙན་གནོན་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་ལྷ་མོ། མཱ་སུ་རི་བོད་དགེ།
 
འདི་ལོ་ནི་བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་ནས་བཙན་འཛུལ་བྱས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་ལོ་ཞིག་དང༌། བོད་གཞུང་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཞིག་ཡིན་པར་བརྟེན། རྒྱ་ནག་གཞུང་ནས་ནམ་ཀུན་བརྗོད་སྲོལ་ལྟར། བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་གལ་ཆེ་ཞིག་ཏུ་བརྩིས་ནས་བརྙན་འཕྲིན་སོགས་བརྒྱུད་དྲིལ་སྒྲོག་འདྲ་མིན་ནང༌། བདེན་རྫུན་འདྲེས་མའི་ཐོག་ནས་བོད་མི་རིགས་ལ་མགོ་བསྐོར་དང༌། རྒྱལ་སྤྱིའི་སྐྱེ་བོའི་མགོ་རྨོངས་སུ་འཇུག་གི་ཡོད། མ་གཞི་ཁོང་ཚོའི་ངན་པ་ལངས་ཤོར་གྱི་རྫུན་གཏམ་དེ་དག་ལ་དོ་སྣང་བྱེད་རིན་མེད་ཀྱང༌། རྫུན་གཏམ་ཐེངས་བརྒྱར་བཤད་ན་བདེན་པར་མངོན་ཞེས་པ་ལྟར་ད་རེས་དོན་གནད་ཁ་ཤས་ཤིག་གི་ཐོག་གསལ་བཤད་ནར་མར་བྲིས་ཏེ་ཕུ་ཐུང་ནང་གི་གཏམ་བརྗོད་ཀྱི་ཚུལ་ལས་མ་འདས་ཙམ་བྱ་རྒྱུ་ཡིན། དེའི་ཐོག་རྫུན་གཏམ་ལ་སྐྱོན་བརྗོད་བྱེད་དགོས་ལ་དྲང་བདེན་ལ་རྒྱབ་སྐྱོར་ཡང་བྱེད་དགོས་པ་མཐོང་ནས་དོན་ཚན་ཁ་ཤས་ཐོག་ཞུས་ན།

དང་པོ། བོད་ཀྱི་མི་འབོར་བརྒྱ་ཆ་ ༥ ལས་མ་ཟིན་པའི་མཐོ་རིམ་སྐུ་དྲག་གྲལ་རིམ་ཚོས་ངོ་ལོག་ཟིང་འཁྲུག་བསླངས་པ་དང་མཐར་ཡུལ་གྱར་ལ་ཕྱིན་པ་ཞེས་པ་དེར། ཞུ་རྒྱུར། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ཐོག་མར་སྐུ་དྲག་རིང་ལུགས་པས་རྒྱབ་སྐྱོར་དང་སྣེ་ལེན་བྱས་ཡོད། དེ་ནི་ཁྱེད་ཚོས་གླེང་བཞིན་པའི་དགེ་སྟག་སྤྲུལ་སྐུ་དང༌། ང་ཕོད་ངག་དབང་འཇིགས་མེད་ལགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། དེ་བཞིན་ལྷ་སའི་སྐུ་དྲག་ཚོས་འབྲུ་རིགས་བསྐྱལ་བ་དང་རྒྱ་མིར་བོད་ཡིག་བསླབས་པ༌། སྐུ་དྲག་གི་གཟིམ་ཤག་རྒྱ་དམག་སྡོད་སར་གཡར་བ་སོགས་གནང་ཡོད། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོས་རྒྱ་མི་དང་མཐུན་ལམ་བྱེད་དགོས་གསུངས་པར་བརྟེན་མི་མང་ཚོས་བཟོད་སྒོམ་གང་ཐུབ་གནང་ཡོད།

གཉིས་པ། ཆུ་བཞི་སྒང་དྲུག་ཚོགས་པ་ཞེས་པ་དེ་བོད་ཀྱི་མཐོ་རིམ་མི་སྣས་གྲུབ་པ་ཞིག་མ་ཡིན་པར་བོད་ཀྱི་ཞིང་བྲན་ཡོངས་ཁྱབ་ནས་སྒྲིག་འཛུགས་བྱུང་བ་ཞིག་རེད། གལ་ཏེ་ཁྱེད་ཚོར་འཇོན་ཐང་ཡོད་ན་ཚོགས་པ་དེའི་ནང་སྐུ་དྲག་གི་མི་སྣ་ཡིན་པ་ག་ཚོད་འདུག་སྟོན་ཤོག

གསུམ་པ། ཆིངས་ཡིག་དོན་ཚན་བཅུ་བདུན་འཇོག་སྐབས་བོད་ཀྱི་སྐུ་ཚབ་རྣམ་པར་སྡིག་མཛུབ་དང་བོད་ནང་དམག་འཁྲུག་གིས་བཅིངས་འགྲོལ་དགོས་སམ་ཡང་ན་ཞི་བའི་བཅིངས་འགྲོལ་དགོས་ཞེས་དམར་རྗེན་དུ་བཤད་པ་རྣམས་ཚིག་ཟུར་ཙམ་ཡང་བགྲངས་ནུས་ཀྱི་མེད། དེ་ལས་ལྷག་པར་ངོ་ཚ་ཁྲེལ་གཞུང་སྤུ་ཙམ་མེད་པར་ ༡༩༥༩ ལོར་བོད་མིའི་འོས་ལངས་ཆེན་པོའི་སྐབས་བོད་མི་ཞི་བའི་ལུས་ཐོག་ཏུ་མེ་མདའ་དང་མེར་སྒྱོགས་ཆར་པ་འབབ་པ་ལྟར་རྒྱབ་ནས་མི་མང་ཁྲི་སྟོང་མང་པོ་བསད་རྨས་བཏང་བ་དང་དེས་མི་ཚད་༧གོང་ས་མཆོག་གི་བཞུགས་ཡུལ་ནོར་གླིང་ཕོ་བྲང་དུའང་ཆེད་དུ་དམིགས་ཏེ་མེར་སྒྱོགས་བརྒྱབས་པ་དེ་དག་ང་ཚོ་བོད་མིས་བརྒྱབ་པ་རེད་ཅེས་ཧམ་བཤད་རི་ཙམ་བྱས།

བཞི་པ། སྲང་ལམ་དུ་སྤྲང་པོ་གང་མང་ཞིག་སྟོན་པའི་ནང་ཁག་ཅིག་ ༡༩༥༩ རྗེས་ཀྱི་སྤྲང་པོ་ཡིན་པ་དཔང་རྟགས་གསལ་པོ་ཡོད་དེ་སྤྲང་པོས་འཁྱེར་བའི་ལྕགས་མོག་སློང་ཕོར་དེར་གཟིགས་དང་མཁྱེན་ཐུབ། ལྕགས་མོག་དེ་རྒྱ་མི་རིགས་སླེབས་ནས་བོད་ལ་ས་དར་རྡོ་དར་ལྟ་བུར་སོང་བ་ལས་དུས་འགྱུར་གྱི་སྔོན་ལ་དེ་བེད་སྤྱོད་བྱེད་མཁན་མེད།

ལྔ་པས། བོད་ཀྱི་གནས་སྟངས་བརྙན་འཕྲིན་ནང་འགྲེལ་བཤད་བྱེད་སྐབས་བྲན་གཡོག་དང་ངལ་རྩོལ་བ་ཞིག་སྟོན་པའི་སྐབས་ཚོན་ཁྲ་མེད་པའི་དཔར་གཞི་བསྟན་ནས་ག་ཚོད་ཀྱིས་ཉམས་ཐག་པ་མཐོང་ཐུབ་ཐབས་བྱེད་ཀྱི་ཡོད། དེ་ནི་རྫུན་གཏམ་གཡག་ཙམ་བཤད་ནས་བདེན་པ་རི་ཙམ་ཐོབ་ཐབས་བྱས་པ་ལས་མ་འདས། དོན་དངོས་ཐོག་ ༡༩༦༧ ནས་ ༡༩༧༨ ཙམ་བར་བོད་ཀྱི་མི་འབོར་མང་ཆེ་བ་སློང་མོ་བར་གྱུར་ཡོད། གལ་ཏེ་སྤྲང་པོའི་དཔར་རིས་དེ་ལས་གསལ་ཙམ་དང་ཚོན་ཁྲ་ཅན་གྱི་དཔར་གཞི་གསལ་པོ་ཞིག་བསྟན་ཡོད་ན་རྫུན་རྐུབ་བརྟོལ་རྒྱུ་དེ་ལས་མང་བ་ཡོང་ཐུབ།

དྲུག་པ སྐབས་དེ་དུས་རྒྱ་དམར་བོད་ལ་སླེབས་དུས་བྱ་བ་མང་དག་ཅིག་གནང་མྱོང་མཁན་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་སྐོར་ཅུང་ཟད་ཅིག་ཀྱང་གླེང་མི་ནུས་པ་དེ་རེད། གང་ལགས་ཤེ་ན་ཁོང་གིས་རྒྱ་ནག་དམར་པོའི་གཞུང་ནས་ཁས་ལེན་བྱས་པ་མང་དག་ཅིག་ས་གནས་སུ་ལག་ལེན་གོ་ལྡོག་ནས་བྱས་པར་བསྐྱོན་བརྗོད་བྱས་པར་བརྟེན་མི་ལོ་བཅུ་ཕྲག་རིང་མུན་ནག་བཙོན་དོང་གྲུ་བཞིའི་ནང་མི་ཚེ་སྐྱེལ་དགོས་བྱུང་བ་རེད། ལྷག་པར་དུ་༧པན་ཆེན་རིན་པོ་ཆེ་མཆོག་གིས་བོད་མི་མང་གི་བདེ་སྡུག་གླེང་སློང་བྱས་པར་ལོ་ངོ་དེ་དག་རིང་བཙོན་དོང་ནང་བཞུགས་དགོས་བྱུང་བས་མ་ཚད་བཙོན་གྲོལ་ཐོབ་ནས་ཀྱང་སྐུ་ཚེ་དེ་ལྟར་ཐུང་ཐུང་ཞིག་ལས་བཞུགས་རྒྱུ་མ་བྱུང་བ་ཅི་ཡིན་ནམ། ཕྱོགས་མཚུངས་སྐབས་དེ་དུས་བོད་ཀྱི་མི་དྲག་དང་མི་སེར་དཀྱུས་མ་ཁག་ཅིག་གིས་དམར་པོའི་སྲིད་གཞུང་ཞིག་འཛུགས་རྒྱུར་འདུན་པ་བྱུང་ཡོད། འོན་ཀྱང་ཁོང་ཚོས་རེ་བ་བྱས་པ་ལྟར་མ་བྱུང་བའི་ཁར་བོད་མི་མང་ལ་མི་ཤི་ཁྱིམ་སྟོང་གི་ཆག་སྒོ་མང་པོ་བྱུང་བ་དང་དོ་བདག་རང་ཉིད་ལའང་ལོ་ངོ་བཅུ་ཕྲག་རིང་བཙོན་དོང་ལ་ཚུད་པ་དང་གཞན་ཡང་ཚེ་གང་རིང་བཟང་བཙོན་དུ་ཚུད་པ་སོགས་བྱུང་འབྲས་ལེགས་པ་གང་ཡང་མ་བྱུང༌། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་གཞུང་བཀའ་ཤག་གིས་རྒྱ་ནག་གཞུང་དང་མཐུན་སྒྲིལ་ཡོང་ཐབས་འབད་བརྩོན་གང་ཐུབ་བྱས་ཀྱང་བཙན་གནོན་དང་དྲག་རྩུབ་ཚོད་མེད་བྱས་པར་བརྟེན་བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་བ་རེད།

བདུན་པ་བཙན་བྱོལ་དུ་འབྱོར་རྗེས་ང་ཚོའི་གཞུང་དེ་འཛམ་གླིང་རྒྱལ་ཁབ་སྤྱི་ཡོངས་དང་མཐུན་པར་ཁྲིམས་མཐུན་མང་གཙོའི་གཞུང་ཞིག་ཏུ་འཕོ་འགྱུར་བྱུང་ཟིན་པ་རེད། དེར་རྒྱ་ནག་གཞུང་ཕྱོགས་ནས་ང་ཚོར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་འདོད་བྱས་ཚུལ་རྫུན་གཏམ་ག་ཚོད་ཅིག་སྨྲས་ཀྱང་བྱིས་པ་ལོ་བརྒྱད་ལའང་མགོ་བསྐོར་གཏོང་མི་ཐུབ༌། རྒྱུ་མཚན་ནི་མི་མང་དཀྱུས་མས་བརྒྱ་ཆ་ ༩༩ ལས་མང་བ་ཟིན་པའི་གཞོན་སྐྱེས་ཚོས་རྫའི་མིག་ཤེལ་བརྒྱབ་ནས་བྲན་གཡོག་ལམ་ལུགས་བསྐྱར་སྒྲུབ་ག་ལ་བྱེད་སྲིད།

བརྒྱད་པ། མིའི་རིགས་ཀྱི་རང་དབང་ནི་སྤྱི་ཚོགས་ཚང་མར་དགོས་མཁོ་ཆེན་པོ་ཡིན་པ་ལྟར་གུང་ཁྲན་ཏང་གིས་གྲངས་ཉུང་མི་རིགས་བོད་ལ་རང་དབང་སྤྲད་ཁུལ་ལ་དེ་ལྟར་རྟེན་འབྲེལ་ཞུ་དགོས་ན་རྒྱ་མི་རིགས་ཆེན་པོ་མན་ཇུའི་འོག་ནས་རང་དབང་བཅིངས་འགྲོལ་བཏང་བའི་དུས་ཚོད་ལ་དེ་ལྟར་རྟེན་འབྲེལ་ཞུ་མི་དགོས་པ་ཅི་ཡིན། སྐུ་ཞབས་སུན་ཀྲུང་ཧྲན་ནས་རྒྱ་མི་རིགས་ལ་དེ་ལྟ་བུའི་བྱས་རྗེས་བཞག་ཡོད་ཀྱང་ཁོང་དང་ཁོང་གི་བྱ་བཞག་ལ་བསྟོད་གླུ་མི་ལེན་པར་བོད་ཁོ་ནར་དེ་ལྟར་བྱེད་དགོས་དོན་གང་ཡིན་ནམ།

དགུ་པ། ད་དུང་ཁྱོད་ཚོས་གླེང་མི་ནུས་པའི་ལོ་ངོ་ལྔ་བཅུའི་ནང་གི་ལོ་བཅུ་དེ་ངེས་པར་གླེང་དགོས། རིག་གནས་གསར་རྗེ་ཆེན་པོའི་ནང་བོད་མི་ནང་ཁུལ་རྡུང་རྡེག་གཏོང་རེས་བྱེད་བཅུག་པ་དང་མི་མང་ལ་ཟ་རྒྱུ་མེད་པར་ཆུ་ཡུར་དང་ཆུ་མཛོད། ལམ་བཟོ། གློག་ཁང་སོགས་ནང་བོད་མི་ཁྲི་ཕྲག་མང་པོའི་སྲོག་ཤོར་བ་དང་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མུ་གེ་དང་གཉའ་གནོན། སྡུག་སྦྱོང་ཕོག་ཡོད། བོད་ཀྱི་ཞིང་ལས་དང་འབྲོག་ལས་ཀྱི་ཐོན་འབབ་མང་ཆེ་བ་རྒྱལ་གཅེས་གཞུང་འབྲུ་ཞེས་པའི་མིང་སྙན་པོ་ཞིག་དང་ལྷན་དུ་རྫོང་ཁག་གི་འབྲུ་མཛོད་ནང་དབོར་བ་དང་མི་མང་ནི་གྲོད་པ་སྟོང་པ། ཀླད་པ་སྟོང་པ། སྦ་ཁུག་སྟོང་པ་བཅས་ཀྱི་ནང་གུང་ཁྲན་རིང་ལུགས་ཀྱི་སྨྱོ་གཞས་གཏོང་བཞིན་ས་ལ་འགྱེལ་བཞིན་ཡོད། མ་གཞི་ང་ཚོ་བོད་རྒྱལ་ཁབ་ཆེན་པོའི་ལོ་རྒྱུས་དེ་ཡང་ཁྱེད་ཚོས་བཤད་པ་བཞིན་ཀྱག་ཀྱོག་གི་ལོ་རྒྱུས་རིང་པོ་ཞིག་བརྒྱུད་ཡོད་པས་ཁྱེད་ཚོས་བཤད་པའི་ཞིང་བྲན་དང་ཞིང་བྲན་བདག་པོའི་བར་ལ་ཧེ་བག་ཆེན་པོ་ཤོར་ཡོད་ལ་བྲན་གཡོག་ཚོར་གཉའ་གནོན་ཕོག་ཡོད། དེ་ལས་ཐབས་རྡུགས་པ་ཞིག་ལ་འཛམ་གླིང་འདིའི་ནང་བྲན་གཡོག་ལམ་ལུགས་མཐའ་མའི་གྲས་ལ་སླེབས་ཡོད་སྲིད། འོན་ཀྱང་རྒྱ་ནག་ཆེན་པོས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཚང་མའི་བྲན་གཡོག་ལམ་ལུགས་ལས་གནས་སྟངས་སྡུར་ན་ལེགས་པ་ལས་སྡུག་པ་མེད། གང་ཡིན་ཞེ་ན་ང་ཚོ་བོད་རྒྱལ་ཁབ་ཀྱི་མཐོ་རིམ་མི་སྣའི་ཁྲོད་དུ་ཞིང་འབྲོག་མི་མང་ཉམ་ཆུང་གི་མི་སྣ་སླེབས་ཐུབ་པ་དང་སླེབས་ས་ཡོད་པ་ཞིག་རེད། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བའི་གཏམ་དཔེ་དེ་ཁྱེད་ཚོར་རྒྱུས་མངའ་ཡོད་ངེས།

བཅུ་པ་ད་ལྟའི་བདེ་སྐྱིད་དེ་བོད་ཞི་བའི་བཅིངས་འགྲོལ་མ་བཏང་གོང་གཉིད་ལམ་ལའང་འཁོར་ཐབས་མེད། ཞེས་པ་དེ་དཔེར་ན་རྡོ་ཆས་དུས་རབས་ནས་བཟུང་སྤྱི་ཚོགས་དེ་དུས་རབས་ཕྱི་མ་ཕྱི་མའི་འགྱུར་ལྡོག་དེ་སྔ་མ་སྔ་མའི་གཉིད་ལམ་དུའང་འཁོར་མི་ཐུབ་བ་ཞིག་རེད། ལྷག་པར་དུ་འཛམ་གླིང་ཕྱི་ཕྱོགས་ཀྱི་གནས་ཚུལ་ངོས་ནས་བཤད་ན་བྲན་གཡོག་ལམ་ལུགས་དེ་འཛམ་གླིང་ཡོངས་ལ་དར་བ་དང་དཀའ་སྡུག་དང་དཔལ་འབྱོར་ཉམས་ཞན་གྱི་དུས་བབ་དེ་བཞིན་གཅིག་གྱུར་གྱིས་བྱུང་ཡོད། ད་ལྟའི་འཕྲུལ་རིགས་དང་གློག་རིགས་ཀྱི་དུས་རབས་དེ་འཛམ་གླིང་ཁྱོན་ཡོངས་ལ་དར་བ་མ་ཟད་གསར་གཏོད་གནང་མཁན་ཚོ་ཡང་གུང་ཁྲན་ཏང་མ་ཡིན་པར་འཛམ་གླིང་སྐྱེ་བོ་མང་པོས་ངལ་བ་འཛེམས་མེད་ཀྱིས་གསར་གཏོད་གནང་བ་ཞིག་ཡིན།

མཇུག་ཏུ། རྒྱ་བོད་མི་རིགས་འཆམ་མཐུན་བྱུང་ན་དགོས་རྒྱུ་སྤག་ལ་སྤག་ཁུ་ད་ར་རེད། དེ་ནི་རྒྱ་བོད་མི་རིགས་སྤྱི་དང་ལྷག་པར་༧གོང་ས་མཆོག་གི་ཐུགས་འདུན་ཡང་རེད། འོན་ཀྱང་དེར་ཆ་རྐྱེན་གཅིག་རང་ཡོད་པ་དེ་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སེམས་ནང་གི་སངས་རྒྱས་དང་བླ་ན་མ་མཆིས་པའི་མགོན་སྐྱབས་ཡོད་ཚད་དང་ཡོད་ཚད་ལས་ལྷག་པ་༧གོང་ས་མཆོག་དང་ཞི་གྲོས་བྱས་ཤིང་། ལྟ་བ་མཁྲེགས་པོ་རྣམས་དོར་ཏེ་གང་མགྱོགས་༧གོང་ས་མཆོག་བོད་ལ་གདན་འདེན་ཞུ་དགོས། དེ་དུས་གཞི་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོད་སྐྱིད་ཞེས་པ་དེ་འཛམ་གླིང་སྤྱི་ཡོངས་སུ་སྤོབས་པ་ཆེན་པོའི་ངང་ནས་གཏམ་བཤད་སྤེལ་ཐུབ། དེ་ལས་ལྡོག་སྟེ་རླུང་འཕྲིན་དང་བརྙན་འཕྲིན། ཚགས་ཤོག་སོགས་དྲིལ་བསྒྲགས་ཡོ་ཆས་ཡོད་ཚད་ནང་རྫུན་གཏམ་ཁོ་ན་གྲལ་སྒྲིག་ནས་བསྡད་ན་དཀའ་ལས་ཁག་རོགས་རང་རེད།།

འབྲེལ་ཡོད་གསར་འགྱུར།

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།  ༢༠༢༥།༠༦།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

། ཨྱོན་སྨིན་གྲོལ་གླིང་དུ་སྔ་འགྱུར་བཀའ་མའི་དབང་གི་ཆོས་བརྡ་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
The bridge over the Indrayani river collapsed in Pune's Kundmala area on Sunday afternoon, officials say.
Mobile App

རྒྱ་གར་ནུབ་ཕྱོགས་སུ་ཟམ་པ་འགྱེལ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༦/༡༣
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༡༣

མཆན། 6

  1. གླིང་བུ་བསོད་ནམས་ཚེ་རིང་། says:
    ལོ་ 16 སྔོན།

    བོད་དགེ་ཚེ་རིང་ལྷ་མོ་ལ་རྩོམ་ཡིག་འདི་ལྟར་སྤེལ་གནང་བར་སྙིང་ནས་དགའ་བསུ་ཞུ།

    Reply
  2. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    གོང་གི་རྩོམ་ཡིག་དེ་དངོས་གནས་ལྗིད་ཁོག་ཡོད་པ་ཞིག་བྲིས་འདུག

    ཁ་སྣོན་ཞུ་འདོད་གཅིག་ཡོད། ང་ཚོ་མང་པོ་ཞིག་གིས་རིག་གནས་གསར་བརྗེའི་སྐབས་བོད་ཀྱི་དགོན་སྡེ་སོགས་ལ་གཏོར་བཤིག་བྱུང་བར་བཤད་བཞིན་པ་ལྟར་འདིར་ཡང་དེ་ལྟར་བཤད་འདུག དོན་དངོས་སུ་པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་ནང་། དམངས་གཙོ་བཅོས་སྒྱུར་སྐབས་སུ་བོད་ཀྱི་དགོན་སྡེ་མང་ཆེ་བར་གཏོར་བཤིག་བཏང་བའི་སྐོར་ཧ་ཅང་གསལ་པོ་གསུངས་འདུག དེ་གནད་འགག་རེད། གང་ཡིན་ཟེར་ན། རིག་གནས་གསར་བརྗེ་ ༡༩༦༦ ནས་ ༧༦ བར་གྱི་དུས་ཡུན་ནང་བྱུང་བ་དང་། བྱུང་ས་དེ་ཡང་བོད་ཙམ་མ་ཡིན་པར་རྒྱ་ནག་ཡོངས་ལ་བྱུང་བ་རེད། དེར་བརྟེན་དེ་གླེང་ནས་བོད་ལ་དམིགས་བསལ་སྡུག་པོ་བཏང་བ་ཞེ་དྲག་མཚོན་ཐུབ་ཀྱི་མ་རེད། འོན་ཀྱང་དམངས་གཙོའི་བཅོས་བསྒྱུར་ནི་བོད་དུ་ ༡༩༦༦ སྔོན་ལ་བྱས་པ་རེད། རྒྱ་ནག་ལ་བྱས་ཟིན་རྗེས་བྱས་པ་རེད། དེ་གནད་འགག་རེད།

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    《བྱིས་པའི་སྙན་གཞས་འཇོལ་མོའི་དབྱངས་སྙན་》རེད། ངས་དེ་བཀླགས་པ་ཡིོན། ཧ་ཅང་གིས་སྙན་པོ་དང་གོ་བདེ་པོ་བྲིས་འདུག ཕྱི་ཟླ་ ༤ ནང་ང་འདོད་རྒུ་གླིང་གཞིས་ཆགས་ལ་འགྲོ་དུས། གནས་ཚང་གི་བྱིས་པས་སྙན་གཞས་དེ་ཚོ་བློ་ནས་ཧ་ཅང་སྙན་པོ་བསྐྱོར་གྱི་འདུག

    Reply
  4. རྡོ་རྗེ་དབང་ཕྱུག says:
    ལོ་ 16 སྔོན།

    ཚེ་རིང་ལྷ་མོ་ནི། ཕྱི་ལོ་ ༡༩༦༩ ལོར་བོད་དབུས་སྟག་རྩེ་བསམ་གྲུབ་གླིང་དུ་སྐྱེས་ཤིང༌། བོད་ནང་བཞུགས་སྐབས་སློབ་ཆུང་ནས་སློབ་འབྲིང་བར་རིམ་བརྒྱུད་དང༌། རྒྱ་གར་ནང་སླེབས་ནས། སྦིར་སུ་ཇ་སློབ་གྲྭར་བོད་དབྱིན་སྐད་ཡིག་སྦྱོང་གཉེར་དང༌། དེ་རྗེས་རྡ་ས་རིགས་སློབ་ཏུ་དགེ་འོས་སློབ་གཉེར་ཐོན་ནས་མ་སུ་བོད་ཕྲུག་ཁྱིམ་སྡེར་བོད་ཡིག་དགེ་རྒན་གྱི་ལས་དོན་སྒྲུབ་བཞིན་པ་དང༌། ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༠༥ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་གཉེར་བའི་ཐེངས་དང་པོའི་ཡིག་འབྲེལ་སློབ་གཉེར་བའི་ཁོངས་སུ་ཞུགས་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་ལག་ཁྱེར་ཐོབ་ཡོད་པ་ཞིག་ཡིན།
    ཚེ་རིང་ལྷ་མོར་མཚོན་ན། སྙན་ངག་དང་སྒྲུང་རྩོམ། སྒྱུར་རྩོམ་དང་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་སོགས་རྩོམ་ཡིག་སྣ་ཚོགས་རྩོམ་བྲིས་བྱེད་མཁན་ཞིག་རེད། ཕྱི་ལོ་ ༢༠༠༦ ལོར་བོད་གཞུང་ཤེས་རིག་དཔར་ཁང་ནས་དཔར་འགྲེམས་གནང་བའི་ཁོང་མོའི་<<བྱིས་པའི་སྙན་གཞས་ཕྱོགས་བསྒྲིགས>> དེབ་དེའི་ནང་སྙན་གཞས་གྲངས་ ༤༠ དང་ཤོག་ངོས་ ༨༩ འདུག

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། སྐུ་ཉིད་ཀྱིས་ཚེ་རིང་ལྷ་མོ་ཟེར་བ་འདི་ཡིས་ལོ་རྒྱུས་ཐུང་ཐུང་ཞིག་དྲ་གྲོགས་ཚོ་ལ་ངོ་སྤྲོད་ཅིག་བྱེད་རོགས་ཞུ།

    Reply
  6. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ལྗིད་ཁོག་ཅན་ཞིག་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese